ཨོ་སི་ཊོ་ལི་ཡའི་ནང་ས་ཁང་གི་རིན་གོང་ཤུགས་ཆེ་འཕར་བཞིན་པ།

Source: Tibetan Cleaning Services

འདི་ལོར་ཨོ་སི་ཊོ་ལི་ཡའི་ནང་ས་ཁང་གི་རིན་གོང་ཤུགས་ཆེ་འཕར་བཞིན་པ་དང་། ད་དུང་ ༢༠༢༢ ལོར་མུ་མཐུད་འཕར་སྲིད་སྐོར་འགྲེལ་བརྗོད་གནང་འདུག

ཉེ་ཆར་ཨོ་སི་ཊོ་ལི་ཡའི་བཀར་འཇུག་དངུལ་ཁང་ (Reserve Bank of Australia) གིས་རྒྱལ་ཡོངས་སུ་ས་ཁང་གི་རིན་གོང་ཤུགས་ཆེ་འཕར་བཞིན་པ་དང་། གཞུང་གི་ངོས་ནས་དཔྱ་ཁྲལ་དང་སྤྱི་ཚོགས་བདེ་འཇགས་སྲིད་ཇུས་ཐོག་ནས་སྟངས་འཛིན་གནང་ཐབས་བྱེད་དགོས་སྐོར་འབོད་སྐུལ་གནང་ཡོད་འདུག

ཁ་སང་རེས་གཟའ་མིག་དམར་ཉིན་ཨོ་སི་ཊོ་ལི་ཡའི་རྣམ་གྲངས་རིག་པའི་ངོ་ཚབ་ལས་ཁུངས་ཀྱི་ཡིག་ཆ་ལྟར་ན། འདི་ལོ་ཕྱི་ཟླ་ ༦ པ་ནས་ད་བར་ཨོ་སི་ཊོ་ལི་ཡའི་ནང་ཆ་སྙོམས་ས་ཁང་གི་རིན་གོང་བརྒྱ་ཆ་ ༦་༧ ཙམ་ཡར་འཕར་ཡོད་པ་དང་། དེ་ནི་ཟླ་བ་གསུམ་རིང་ས་ཁང་གི་རིན་གོང་འཕར་ཚད་མཐོ་ཤོས་དེ་ཆགས་ཡོད་པས། དེས་ལོ་གཅིག་རིང་ས་ཁང་གི་རིན་གོང་བརྒྱ་ཆ་ ༡༦་༨ ཙམ་འཕར་སྲིད་པ་ཡིན་འདུག

ཆ་སྙོམ་ཨོ་སི་ཊོ་ལི་ཡའི་ནང་ལོ་གཅིག་གི་གོང་ལ་སྡོད་ཁང་ (House) གཅིག་གི་རིན་གོང་ཨོ་སྒོར་ ༦༨༩༤༠༠ ཙམ་ཡིན་ཡང་། འདི་ལོར་དེ་ལྟར་བུའི་ཁང་པ་གཅིག་ལ་རིན་གོང་ཨོ་སྒོར་ ༨༣༥༧༠༠ ཙམ་བར་ཡར་འཕར་ཡོད་འདུག

འདི་ལོར་སིཌ་ནིང་ནང་དུས་ཚིགས་གཅིག་ལ་ས་ཁང་གི་རིན་གོང་བརྒྱ་ཆ་ ༨་༡ ཙམ་འཕར་བཞིན་པ་དེས་ལོ་གཅིག་ནང་ཧ་ལམ་ས་ཁང་གི་རིན་གོང་བརྒྱ་ཆ་ ༡༩་༣ ཙམ་འཕར་སྲིད་པ་དང་། མེལ་བྷོན་ནང་འདི་ལོར་དུས་ཚིགས་གཅིག་གི་ནང་ས་ཁང་གི་རིན་གོང་བརྒྱ་ཆ་ ༦་༡ ཡར་འཕར་བཞིན་པ་དེས་ལོ་གཅིག་ནང་ས་ཁང་གི་རིན་གོང་བརྒྱ་ཆ་ ༡༥ ཙམ་འཕར་སྲིད་པ་ཡིན་འདུག

ཁེན་བྷེ་རའི་ནང་འདས་པའི་ཟླ་བ་ ༡༢ ནང་ས་ཁང་གི་རིན་གོང་བརྒྱ་ཆ་ ༡༩་༡ ཙམ་འཕར་ཡོད་པ་དང་། དེ་ནི་ས་ཁང་གི་རིན་གོང་འཕར་ཚད་མགྱོག་ཤོས་དེ་ཆགས་ཡོད་འདུག ས་ཁང་གི་རིན་གོང་འཕར་ཚད་དལ་ཤོས་ནི་ཨོ་སི་ཊོ་ལི་ཡའི་ལྷོ་ཕྱོགས་མངའ་སྡེའི་གྲོང་ཁྱེར་ཨ་དྷེ་ལའེ་རྡི་ Adelaide ཡིན་ཞིང་། དུས་ཚིགས་གཅིག་གི་ནང་ས་ཁང་གི་རིན་གོང་བརྒྱ་ཆ་ ༥་༣ ཙམ་ལས་འཕར་མེད་སྟབས། ལོ་འཇུག་བར་བརྒྱ་ཆ་ ༡༤་༢ ཙམ་ལས་འཕར་རྒྱུ་མིན་སྐོར་འགྲེལ་བརྗོད་གནང་འདུག

སིཌ་ནིང་ནང་ཕྱི་ལོ་ ༢༠༢༡ དང་ད་དུང་ ༢༠༢༢ ནང་མུ་མཐུད་ས་ཁང་གི་རིན་གོང་ཤུགས་ཆེ་འཕར་སྲིད་སྐོར་འགྲེལ་བརྗོད་གནང་འདུག

འོན་ཀྱང་ས་ཁང་སྐོར་རྣམ་གྲངས་རིག་པའི་ཆེད་མཁས་པ་ཁག་ཅིག་གི་སྙན་ཐོར་ལྟར་ན། སིཌ་ནིང་ཁུལ་དུ་ས་གནས་ཁག་ཅིག་ལ་ཁང་པ་ཐོག་བརྩེགས་ཅན་གྱི་ནང་ཁང་པ་སྐབས་རེ་རིན་གོང་ཕྲན་བུ་མར་ཆགས་པའང་། རིན་གོང་དེ་ཙམ་འཕར་གྱི་མེད་པ་དང་། གཙོ་བོ་ས་ཁང་ལྷན་དུ་བདག་པའི་ཁང་པ་ (House) ཅན་རྣམས་རིན་གོང་ཤུགས་ཆེ་འཕར་བཞིན་པ་རེད་འདུག

ཏོག་དབྱིབས་ནད་ཡམས་ཁྱབ་པ་ནས་བཟུང་ཨོ་སི་ཊོ་ལི་ཡའི་ནང་གཞིས་སྤོ་སོགས་རྒྱལ་ཁབ་དང་ལུང་པ་གཞན་ནས་མི་འབོར་གནས་སྤོ་སྔོན་མ་ལྟར་མེད་པས་མ་ཚད། ད་ལྟའི་ཆར་སིཌ་ནིང་གཙོས་པའི་ཨོ་སི་ཊོ་ལི་ཡའི་ནང་གྲོང་ཁྱེར་དང་མངའ་སྡེ་མང་པོ་ཞིག་གི་ནང་དུས་ཡུན་ཟླ་བ་ ༣ ཙམ་རིང་ཁྱིམ་སྡོད་བཀའ་བརྒྱ་བསྡམས་ནས་མི་མང་གི་ཡོང་སྒོར་སྔོན་མ་ལྟར་མེད་པ་དང་། རྒྱལ་ཡོངས་སུ་ཚོང་ལས་དང་དཔལ་འབྱོར་གྱི་གནས་སྟངས་སྐྱོ་རུ་ཕྱིན་ཡོད་ཀྱང་། ས་ཁང་གི་རིན་གོང་མུ་མཐུད་ཤུགས་ཆེ་འཕར་བཞིན་པ་རེད།

ད་ལྟའི་མི་རབས་གཞོན་པ་ཚོས་ཁོང་ཚོའི་ཕ་མ་ཚོའི་དུས་སྐབས་དང་བསྡུར་ན་ས་ཁང་གི་རིན་གོང་ལྡབ་ ༧་༣ ཙམ་ལྷག་མ་སྤྲོད་དགོས་ཀྱི་ཡོད་པ་རེད།