དེང་སང་ཏོག་དབྱིབས་ནད་དུག་གི་རྐྱེན་པས་ཨོ་སི་ཊོ་ལི་ཡའི་ནང་ཟ་ཁང་དང་། ཚོང་ལས་ཁང་། བཟོ་གྲྭ་སོགས་མང་པོ་ཞིག་སྒོ་བརྒྱབ་པའམ། ལས་ཀ་བྱེད་མཁན་ཉུང་འཕྲི་བྱས་པ། ནད་དུག་འགོས་དོག་གི་ལས་ཀ་འགྲོར་མ་ཐུབ་པ་སོགས་ལ་བརྟེན། མི་མང་པོ་ཞིག་གི་ལས་ཀ་ཤོར་བ་དང་ལས་ཀ་བྱེད་པའི་ཆུ་ཚོད་ཉུང་དུ་ཕྱིན་པ་སོགས་རྒྱུ་མཚན་དུ་མ་ཞིག་གི་རྐྱེན་པས། ཡོངས་འབབ་སྔོན་མ་ལྟར་མེད་པ་ཆགས་ནས་མི་མང་པོ་ཞིག་གིས་ཁང་གླ་སྤྲད་རྒྱུ་སོགས་ལ་དཀའ་ངལ་འཕྲད་བཞིན་ཡོད་སྟབས། ཨོ་སི་ཊོ་ལི་ཡའི་གཞུང་གིས་མ་འོངས་ཟླ་བ་ ༦ གི་རིང་ཨོ་སི་ཊོ་ལི་ཡའི་ལས་བཟོ་བ་སོགས་སྡེ་ཚན་དང་ཁོངས་གཏོགས་འདྲ་མིན་གྱི་མི་གྲངས་ས་ཡ་ ༦ ཙམ་ལ་འཚོ་སྣོན་ཨོ་སྒོར་ཐེར་འབུམ་ ༡༣༠ སྤྲད་རྒྱུ་གཏན་འབེབས་བྱས་ཡོད་འདུག
གོང་གསལ་གཏན་འབེབས་དེ་ཉིད་ཕྱི་ཟླ་ ༤ ཚེས་ ༢༧ ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ་དང་དེ་ཡང་བདུན་ཕྲག་གཉིས་རེའི་ནང་ཐོབ་འོས་ཅན་གྱི་མི་རེར་འཚོ་སྣོན་ཨོ་སྒོར་ ༥༥༠ རེ་སྤྲད་རྒྱུ་ཡིན་འདུག
གོང་གི་འཚོ་སྣོན་རག་མཁན་ནི་རྒྱུན་དུ།
ལས་ཀ་འཚོལ་མཁན།
ནད་མནར་འཚོ་སྣོན་རག་མཁན།
ན་གཞོན་འཚོ་སྣོན་རག་མཁན།
ཕ་མའི་འཚོ་སྣོན་རག་མཁན།
བཟའ་ཟླའི་འཚོ་སྣོན་རག་མཁན།
ཞིང་ལས་ཀྱི་འཚོ་སྣོན་རག་མཁན།
སློབ་ཕྲུག་གི་འཚོ་སྣོན་རག་མཁན་བཅས་ཚུད་ཡོད་འདུག
དེ་བཞིན་ཨོ་སི་ཊོ་ལི་ཡ་གཞུང་གིས་ཕྱི་ཟླ་ ༣ ཚེས་ ༣༡ ནས་ཕྱི་ཟླ་ ༤ ཚེས་ ༡༧ བར་མི་མང་ས་ཡ་ ༦།༥ ལ་དཔལ་འབྱོར་ཁ་གསབ་མི་རེར་ཨོ་སྒོར་ ༧༥༠ རེ་སྤྲད་རྒྱུ་གསལ་བསྒྲགས་དང་ད་ལྟ་ལག་བསྟར་གནང་མུས་ཡིན་པ་རེད།
ཏོག་དབྱིབས་ནད་དུག་གིས་རྐྱེན་པས་ཨོ་སི་ཊོ་ལི་ཡ་གཞུང་གིས་འདི་ལོར་ཁྱོན་དཔལ་འབྱོར་ཁ་གསབ་ཨོ་སྒོར་ཐེར་འབུམ་ ༣༢༠ འགྲོ་སོང་བཏང་ཡོད་པས། དངུལ་འབབ་དེ་ནི་ཨོ་སི་ཊོ་ལི་ཡ་གཞུང་གི་ལོ་རེའི་རྒྱལ་དམངས་དཔལ་འབྱོར་ GDP གྱི་རྒྱལ་ཆ་ ༡༦།༤ ཟིན་ཡོད་པ་རེད།
གཞན་ཡང་ཨོ་སི་ཊོ་ལི་ཡ་གཞུང་གིས་ཕྱི་ཟླ་ ༣ ཚེས་ ༢༩ ཉིན་ཏོག་དབྱིབས་ནད་དུག་སྔོན་འགོག་དང་འབྲེལ་བའི་ཁྲིམས་སྒྲིག་གསར་པ་ཁ་ཤས་གསལ་བསྒྲགས་གནང་ཡོད། གསལ་བསྒྲགས་དེའི་ནང་།
༡༽ རྒྱུན་དུ་མི་གཉིས་ལས་མང་བ་མཉམ་འཛོམས་དང་མཉམ་སྐྱོད་མི་ཆོག་པ་དང་། ཚོང་ཁང་སོགས་ལ་འགྲོ་སྐབས་མི་གཉིས་ལས་མང་བ་མཉམ་སྐྱོད་མི་ཆོག རང་ཁྱིམ་དུའང་དུས་གཅིག་ལ་མགྲོན་པོ་མི་གཅིག་ལས་མང་བ་ཡོང་མི་ཆོག་ཀྱང་ནང་མི་གཉིས་ལས་མང་བ་ཡོད་ཚེ། དེ་དག་ཁང་པ་གཅིག་ཏུ་མཉམ་སྡོད་དང་མཉམ་འགྲོ་བྱེད་ཆོག
༢༽ དེ་བཞིན་བཟའ་བཅའ་རིགས་ཉོ་བ་དང་སྨན་པ་བསྟེན་གཏུགས། ཁྱིམ་ལ་བསྡད་དེ་སྒྲུབ་ཐབས་མེད་པའི་ལས་ཀ་དང་སློབ་སྦྱོང་ལ་འགྲོ་བ་བཅས་ཕུད་དེ་མིན་ངེས་པར་ནང་དུ་སྡོད་དགོས། ཁྱིམ་ལ་བསྡད་དེ་སྒྲུབ་ཐུབ་པའི་ལས་ཀ་དང་སློབ་སྦྱོང་ཡིན་ན་ངེས་པར་དུ་ཁྱིམ་ནང་ལ་བསྡད་ནས་བསྒྲུབ་དགོས།
༣༽ ལོ་ན་ ༧༠ ཡན་གྱི་རྒན་རྒོན་དང་། ལོ་ན་ ༦༠ ཡན་གྱི་གཅོང་ནད་ཅན། ལོ་ན་ ༥༠ ཡན་གྱི་གདོད་མའི་མི་རིགས་རྣམས་ལ་ནད་འདིས་གནོད་ཚབས་ཤིན་ཏུ་ཆེ་བས། རང་ཁྱིམ་དུ་ཟུར་སྡོད་བྱེད་པ་ལས། ཕྱི་མི་གཞན་ལ་འབྲེལ་གཏུགས་བྱེད་མཚམས་འཇོག་དགོས། ཕྱི་ལ་འཆམ་ཙམ་བྱེད་པ་དང་། ཉི་མར་ལྡེ་བ་ལྟ་བུ་བྱས་ཆོག
༤༽ གཉེན་སྒྲིག་མཛད་སྒོར་མི་ ༥ ལས་མང་བ་ཡོད་མི་ཆོག འདས་མཆོད་ལ་མི་ ༡༠ ལས་མང་བ་ཡོད་མི་ཆོག
༥༽ སྤྱི་པའི་རྩེད་ཐང་དང་། ཕྱི་ལོགས་ཀྱི་ལུས་སྦྱོང་ས་ཁུལ། འདྲེད་བཤུད་གློད་སའི་གླིང་ཁ་རྣམས་སྒོ་རྒྱག་རྒྱུ།
གོང་གསལ་རྣམས་ཕྱི་ཟླ་ ༣ ཚེས་ ༣༠ དགོང་མོ་ནས་དངོས་སུ་ལག་བསྟར་བྱས་ཡོད་པ་རེད།
ཨོ་སི་ཊོ་ལི་ཡའི་ནང་ཕྱི་ཟླ་ ༤ ཚེས་ ༡ ཉིན་བར་ཏོག་དབྱིབས་ནད་པ་གཏན་འཁེལ་བྱུང་བ་མི་གྲངས་ ༤༧༠༧ དང་། གོང་ཚེས་ཉིན་བར་ཉིན་གཅིག་ནང་ནད་པ་གསར་པ་ ༣༤༨ ཐོན་ཡོད་པ་རེད། དེའི་ནང་བོད་མི་མང་ཤོས་གནས་སྡོད་བྱེད་ས་ནིའུ་སོ་ཐི་ཝལ་ NSW མངའ་སྡེ་གཅིག་པུའི་ནང་གཏན་འཁེལ་བྱུང་བའི་ནད་པ་གྲངས་ ༢༡༨༢ ཆགས་ཡོད་པ་རེད།