ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཨེ་བྷོ་རི་ཇེ་ནལ།

ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཨེ་བྷོ་རི་ཇེ་ནལ་ Aboriginal ནི་འཛམ་གླིང་སྟེང་ལོ་ངོ་སྟོང་ཕྲག་ལྔ་བཅུ་ལྷག་ཙམ་སོང་བའི་མི་རིགས་རྙིང་ཤོས་ཤིག་ཆགས་ཡོད་པ་དང་། ད་ལྟའི་ཆར་ཨོ་སི་ཊོ་ལི་ཡའི་ནང་མི་འབོར་འབུམ་ ༨ མ་ཟིན་ཙམ་ཞིག་ལས་མེད་པས། དེས་ཨོ་སི་ཊོ་ལི་ཡའི་མི་འབོར་སྤྱི་ཡོངས་ཀྱི་བརྒྱ་ཆ་ ༣་༣ ཙམ་ལས་ཟིན་གྱི་མེད་པ་རེད།

aboriginal population

Source: SBS

ཨེ་བྷོ་རི་ཇེ་ནལ་མི་རིགས་ལ་ས་ཁུལ་དང་ཚོ་ཁག་སོ་སོ་ལ་སྐད་རིགས་མ་འདྲ་བ་བརྒྱ་ཕྲག་ཁ་ཤས་ཡོད་པ་དང་། ཁོང་ཚོའི་སྐད་རིགས་ཁག་ཅིག་ཕན་ཚུན་འདྲ་པོ་དང་ཁག་གཅིག་ཁོང་ཚོ་ཕན་ཚུན་གྱིས་ཀྱང་གོ་ཐུབ་ཀྱི་མེད་པ་རེད།

ཨེ་བྷོ་རི་ཇེ་ནལ་མི་རིགས་ནི་ཨོ་སི་ཊོ་ལི་ཡའི་གླིང་ཆེན་འདིའི་བདག་པོ་ཐོག་མ་དེ་ཡིན། མི་རིགས་དེས་ལོ་ངོ་སྟོང་ཕྲག་རིང་གོས་སུ་ཤིང་གི་ལོ་མ་དང་སེམས་ཅན་གྱི་པགས་པ་གྱོན་ཞིང་། ཟས་སུ་སེམས་ཅན་གྱི་ཤ་དང་ཤིང་འབྲས། རྩི་ཤིང་། ཉ་སོགས་ཆུ་གནས་ཀྱི་སེམས་ཅན་བཟའ་བཞིན་ཡོད། གནའ་རབས་ནས་་ཁོང་ཚོའི་འཚོ་བ་སྐྱེལ་སྟངས་དེའི་ཐོག་ནས་ཁོང་ཚོའི་འཚོ་བ་དང་ཕྱིའི་ཁོར་ཡུག་དབར་མུ་མཐུད་དོ་མཉམ་གནས་ཐུབ་པར་བྱུང་ཡོད།

འོན་ཀྱང་ལོ་ངོ་ ༢༠༠ ཙམ་གྱི་གོང་སྟེ་ཕྱི་ལོ་ ༡༧༨༨ ལོར་དབྱིན་ཇིས་ཨོ་སི་ཊོ་ལི་ཡའི་གླིང་ཆེན་འདིར་བཙན་འཛུལ་བྱས་རྗེས། ཁོང་ཚོའི་མི་ཚེ་འཚོ་བ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཆ་མེད་རྒྱུས་མེད་ཀྱི་ཡོ་རོབ་ཀྱི་མི་དཀར་དེ་ཚོ་ཨོ་གླིང་ས་ཐོག་འབྱོར་རྗེས་སྔར་མེད་ཀྱི་ནད་ངན་སྣ་ཚོགས་ཤིག་ཁྱབ་ནས་ཨེ་བྷོ་རི་ཇི་ནར་གྱི་མི་མང་པོ་ཞིག་འཆི་སྐྱོན་དང་དཀའ་སྡུག་ཚད་མེད་མྱངས། སྐབས་དེར་ཨེ་བྷོ་རི་ཇི་ནར་གྱི་མི་འབོར་བརྒྱ་ཆ་ ༥༠ ཙམ་འབྲུམ་འབུར་ནད་ཡམས་འགོས་ནས་འཆི་སྐྱོན་བྱུང་བར་བཤད།

ཐོག་མར་ཕྱི་ལོ་ ༡༧༧༠ ལོར་དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱི་འཚོ་དམག་འགོ་འཛིན་དང་མྱུར་ཞིབ་པ་ Lt James Cook ལགས་ཀྱིས་སྣེ་ཁྲིད་པའི་ཚོ་ཁག་ཅིག་ཨོ་སི་ཊོ་ལི་ཡའི་ས་ཐོག་ཏུ་འབྱོར་སྐབས། སུ་ཞིག་གིས་ཀྱང་སྐབས་དེའི་ནུབ་ཕྱོགས་ཀྱི་སྤྱི་ཚོགས་ལྟར་གཞིས་ཁང་ཁྱིམ་དང་རྭ་བ་ར་སྐོར་མཐོང་རྒྱུ་མེད་སྟབས། ཁོང་ཚོས་བསམས་པར་གླིང་ཆེན་འདི་ནི་སུ་ཞིག་གིས་ཀྱང་བདག་བཟུང་བྱས་མེད་པར་འདོད་ཡོད། གླིང་ཆེན་དེ་སུ་ཞིག་གིས་ཀྱང་བདག་ཏུ་མ་བཟུང་བ་དང་སྐབས་དེ་བར་བེད་མེད་དུ་ལྷག་པའི་ས་ཆ་ཞིག་ལ་ངོས་འཛིན་བྱས།

ཕྱི་ལོ་ ༡༧༨༨ ལོར་དབྱིན་ཇིའི་བཀའ་བཀོད་དམག་དཔོན་ Captain Arthur Phillip ཀྱིས་སྣེ་ཁྲིད་པའི་དབྱིན་ཇིའི་བ་ཚོ་ཁག་ཅིག་སླར་ཡང་ཨོ་སི་ཊོ་ལི་ཡའི་གླིང་ཆེན་ཐོག་འབྱོར་ནས་ས་ཁུལ་དབང་སྒྱུར་དང་གཞིས་ཆགས་རྒྱུའི་ལས་དོན་འགོ་འཛུགས་བྱས། ཐོག་མའི་ཆར་ཨེ་བྷོ་རི་ཇི་ནར་དང་མགོ་དཀར་དབྱིན་ཇི་དབར་འཆམ་མཐུན་གྱི་རྣམ་པ་ཞིག་བྱུང་ཡང་། རིམ་བཞིན་མི་སེར་སྤེལ་ཡུལ་གྱི་དབྱིན་ཇི་བ་ཚོས་ས་རྐོ་རྡོ་སློག་དང་། རྩི་ཤིང་གཅོད་འབྲེག་སོགས་ཕྱིའི་ཁོར་ཡུག་ལ་གནོད་འཚེ་ཚད་མེད་བཏང་རྐྱེན། ཨེ་བྷོ་རི་ཇི་ནར་གྱི་མི་ཚེོའི་འཚོ་བ་ཁོར་ཡུག་རྒྱ་ཇེ་ཆུང་དུ་ཕྱིན་རྐྱེན། འཚོ་བ་ལའང་དཀའ་ངལ་ཆེན་པོ་འཕྲད་པ་དང་བདག་བཟུང་ལ་གོམས་གཤིས་གཏན་ནས་མེད་པའི་ཨེ་བྷོ་རི་ཇི་ནར་གྱི་མི་ཚོས་དབྱིན་ཇི་བ་ཚོས་བཏབ་པའི་སྔོ་ཚལ་གང་བྱུང་བརྐུས་ནས་བཟས་པའི་རྐྱེན་གྱིས་ཕན་ཚུན་དབར་འཁྲུག་འཛིང་ཤོར་ནས། མི་རིགས་གཉིས་དབར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་འཁོན་འཛིན་སྔར་ལས་ཇེ་ཆེར་སོང་།

ཕན་ཚུན་འཁྲུག་འཛིང་དང་དམག་འཁྲུག་ཤོར་ནས་གསོད་རེས་སྐབས་ཨེ་བྷོ་རི་ཇི་ནར་མི་རིགས་ཀྱིས་རྡོ་དང་ཤིང་སོགས་སྤྱད་ནས་རི་དྭགས་རྔོན་སྟངས་ལྟར་གྱི་མི་དཀར་དབྱིན་ཇི་བ་ཉུང་ཤས་ཤིག་བསད་ཀྱང་། དེང་དུས་ཀྱི་གོ་ལག་དང་མེ་མདའ་བཟུང་ཡོད་པའི་དབྱིན་ཇི་བ་ཚོའི་ཁ་གཏད་མ་འཁྱོག་པར་མཐར་ཨེ་བྷོ་རི་ཇི་ནར་མང་པོ་ཞིག་བསད་རྨས་དང་འཛིན་བཟུང་བཙོན་འཇུག་བྱས་ནས་རང་དབང་ཡོངས་སུ་ཤོར། ལོ་ངོ་བརྒྱ་ཕྲག་ལྷག་ཙམ་རིང་དབྱིན་ཇིའི་མི་སེར་སྤེལ་ཡུལ་འོག་སེམས་ཅན་ལྟར་བཀོལ་སྤྱོད་དང་མི་སྤྱོད་ལས་འདས་པའི་དཀའ་སྡུག་ཚད་མེད་མྱངས།

ཨེ་བྷོ་རི་ཇི་ནར་གྱི་ཕྲུ་གུ་མང་པོ་ཞིག་དབྱིན་ཇིའི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་སློབ་སྦྱོང་སྤྲོད་སའི་སློབ་གྲྭར་ལྟར་བུར་འཁྲིད་ནས་ཕྱིན་པའི་རྐྱེན་གྱིས་ཕྲུ་གུ་མང་པོ་ཞིག་ཕ་མ་དང་ཁ་བྲལ་ཡོད།

མཐར་ཕྱི་ལོ་ ༡༩༦༢ ལོར་གཞི་ནས་ས་སྐྱེས་རྡོ་སྐྱེས་ཀྱི་མི་རིགས་ལ་འོས་ཤོག་ཐོག་མར་འཕེན་ཆོག་པའི་ཐོབ་ཐང་རག སྐབས་དེར་ས་སྐྱེས་རྡོ་སྐྱེས་མི་རིགས་ཀྱི་མི་འབོར་སྟོང་ཕྲག་ལྔ་བཅུ་ནས་དགུ་བཅུ་བར་ཡོད་སྐོར་གསལ།

༡༩༦༧ ལོར་ཨེ་བྷོ་རི་ཇི་ནར་མི་རིགས་རྣམས་ལ་གུས་ཞབས་བྱེད་དགོས་པའི་ཐོག་མར་ཁྲིམས་ལུགས་གཏན་འབེབས་བྱས་པ་དང་། ཕྱི་ལོ་ ༡༩༧༢ ལོར་ཨེ་བྷོ་རི་ཇི་ནར་མི་རིགས་ཀྱི་དོན་གཅོད་ལས་ཁུངས་ཤིག་བཙུགས་རྒྱུའི་ཐག་གཅོད་བྱས།

ཕྱི་ལོ་ ༢༠༠༤ ལོར་ཨོ་སི་ཊོ་ལི་ཡ་གཞུང་གིས་ཨེ་བྷོ་རི་ཇི་ནར་མི་རིགས་དང་། ཐོ་རི་སི་གླིང་ཕྲན་གྱི་མི་རིགས་རྣམས་ཀྱི་ཆེད་དུ་ལྷན་ཚོགས་ཤིག་གསར་འཛུགས་ཀྱིས། ལས་ཁུངས་དེ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་མི་རིགས་རྣམས་ཀྱི་ཆེད་དུ་ལས་ཁུངས་ཆེས་མཐོ་ཤོས་དང་གལ་གནད་ཆེ་ཤོས་དེ་ཆགས་ཡོད།

ད་ལྟའི་ཆར་ཨོ་སི་ཊོ་ལི་ཡའི་ནང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་མཛད་སྒོ་ཆེ་ཆུང་ཅི་འདྲ་ཞིག་འཚོགས་ནའང་། མཛད་སྒོ་འགོ་འཛུགས་སྐབས་ཐོག་མར་ཨེ་བྷོ་རི་ཇི་ནར་དང་ཐོ་རི་སི་གླིང་ཕྲན་པའི་མི་རིགས་སོགས་གླིང་ཆེན་འདིའི་ཐོག་ས་སྐྱེས་རྡོ་སྐྱེས་ཀྱི་མི་རིགས་རྣམས་ལ་གུས་ཞབས་འཚམས་འདྲི་སྔོན་ཏུ་གཏོང་དགོས་པ་ཡིན།

མ་ཚད་དེང་གི་ཆར་ཨེ་བྷོ་རི་ཇི་ནར་མི་རིགས་དང་ཐོ་རི་སོ་གླིང་ཕྲན་པའི་མི་སོགས་ཡུལ་འདི་གའི་ས་སྐྱེས་རྡོ་སྐྱེས་ཀྱི་མི་རྣམས་ལ་ཨོ་སི་ཊོ་ལི་ཡ་གཞུང་གིས་དམིགས་བསལ་མཐོང་ཆེན་དང་། འཚོ་བ་དང་། ལས་ཀའི་གོ་སྐབས། ཤེས་ཡོན་སློབ་སྦྱོང་། སྨན་བཅོས་གང་གི་ཐད་ནས་ཀྱང་ཧ་ཅང་དམིགས་བསལ་མཐོང་ཆེན་གནང་གི་ཡོད་པ་དང་། ཁོང་ཚོས་ད་དུང་མུ་མཐུད་ནས་རང་ཉིད་ཀྱི་ཐོབ་ཐང་སྲུང་སྐྱོང་དང་ས་ཆའི་བདག་དབང་རྩོད་བཞིན་ཡོད་པ་རེད། 


Share

Published

Updated

By Sangyal Dorjee

Share this with family and friends


Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service