རྒྱ་ནག་གཞུང་གིས་མོས་མཐུན་བྱེད་བཞིན་ཡོད་མེད་ལ་མ་བལྟོས་པར། ཨོ་སི་ཊོ་ལི་ཡའི་སྲིད་བློན་སི་ཀོ་ཊི་མཱ་རེ་སོན་ (Scott Morrison) མཆོག་གིས། ཏོག་དབྱིབས་ནད་དུག་གི་འབྱུང་རྩ་དང་རྒྱ་ཁྱབ་ཐད་རང་དབང་ལྡན་པ་ཞིག་གིས་ཞིབ་འཇུག་བྱེད་དུ་འཇུག་དགོས་སྐོར་རྒྱ་ནག་གཞུང་ལ་མུ་མཐུད་ནན་སྐུལ་གནང་འདུག
ཨོ་སི་ཊོ་ལི་ཡའི་ཕྱི་སྲིད་བློན་ཆེན་དང་གྲོས་ཚོགས་འཐུས་མི་ལྕམ་མཱ་རེ་སི་ཕའེ་ནི་ (Marise Payne) མཆོག་གིས་ཏོག་དབྱིབས་ནད་དུག་སྐོར་འདྲི་རྩད་བྱས་པ་དེར། རྒྱ་ནག་གཞུང་གིས་དེ་ནི་གཞི་རྩ་གང་ཡང་མེད་པ་ཞིག་ཡིན་སྐོར་ཁོང་ཁྲོ་ཆེན་པོས་ལན་འདེབས་བྱས་འདུག
ཉེ་ཆར་རེས་གཟའ་ཉི་མའི་ཉིན་ལྕམ་མཱ་རེ་སི་མཆོག་གིས་རྒྱ་ནག་གཞུང་ནས་གནས་ཚུལ་ཕྱི་གསལ་ནང་གསལ་དགོས་སྐོར་དང་དེ་ནི་གནད་དོན་གལ་ཆེན་ཞིག་ཡིན་པའི་ནན་བརྗོད་གནང་འདུག དེའི་ལན་དུ་པེ་ཅིང་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀང་ཧྲང་ (Geng Shuang) གིས་གྲོས་ཚོགས་འཐུས་མི་ཕའེ་ནི་ཡི་སྐད་ཆ་དེ་དག་དངོས་དོན་གྱི་གཞི་རྩ་གང་ཡང་ཡོད་པ་མ་རེད་ཅེས་ལན་འདེབས་བྱས་འདུག
འོན་ཀྱང་ཨོ་སི་ཊོ་ལི་ཡའི་སྲིད་བློན་མཱ་རེ་སོན་གྱིས་ཨོ་སི་ཊོ་ལི་ཡའི་གནས་བབས་འགྱུར་བ་གང་ཡང་མེད་སྐོར་དང་། དེ་ནི་ལྟ་ཚུལ་མ་འདྲ་བས་ཆ་ནས་འགྲེལ་བཤད་བྱེད་བཞིན་ཡོད་པ་དང་། ནག་ཉེས་བརྡ་དད་གཏོང་བ་ཞིག་མིན་པར་དེ་ནི་གལ་གནད་ཆེ་བའི་མི་མང་གི་བདེ་ཐང་གི་གནད་དོན་ཞིག་ཆགས་ཡོད།
གལ་ཆེ་ཤོས་ཏོག་དབྱིབས་ནད་དུག་དེ་ཨོ་སི་ཊོ་ལི་ཡ་དང་། རྒྱ་ནག ཨ་ཧྥེ་རི་ཀ ཞི་བདེ་རྒྱ་མཚོའི་མངའ་ཁུལ། དཀྱིལ་ཤར་གྱི་ཡུལ་གྲུ་གང་ཞིག་ནས་ཐོག་མར་འགོས་ཁྱབ་ཕྱིན་ཡོད་མེད་ལ་མ་བལྟོས་པར། རང་དབང་ལྡན་པའི་ཞིབ་འཇུག་ཐད་རྒྱལ་ཁབ་ཚང་མས་མཉམ་ལས་བྱེད་དགོས་པ་ནི་གནས་ཚུལ་ཛ་དྲག་ཅིག་ཆགས་ཡོད་ཅེས་འགྲེལ་བརྗོད་གནང་འདུག
ད་ལྟའི་ཆར་ཨ་རི་དང་། དབྱིན་ཡུལ། ཁེ་ན་ཌ། ཨོ་སི་ཊོ་ལི་ཡ། ནེའུ་ཛི་ལན་ཌི་བཅས་ནས་ཏོག་དབྱིབས་ནད་དུག་དེ་བཞིན་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནང་ཡོད་པའི་ནད་དུག་ཞིབ་འཇུག་ནང་ཞིག་ནས་ཁྱབ་ཡོད་པའི་དོགས་པ་དང་། རྒྱ་ནག་གཞུང་གིས་གནས་ཚུལ་དེའི་སྐོར་ཁ་གསལ་འགྲེལ་བརྗོད་དང་ཡང་ན་རང་དབང་ལྡན་པའི་ཞིག་འཇུག་བྱེད་དུ་འཇུག་དགོས་པའི་ནན་བརྗོད་བྱེད་བཞིན་ཡོད་པ་རེད།
མ་ཚད་དབྱིན་ལན་དང་འཇར་མན་བཅས་ནས་ཏོག་དབྱིབས་ནད་དུག་དེ་ཐོག་མར་རྒྱ་ནག་ནས་བྱུང་ཞིང་། རྒྱ་ནག་གཞུང་གིས་ཐོག་མའི་ཆར་གནས་ཚུལ་དེ་སྦས་གསང་དང་། རྒྱལ་ཁབ་གཞན་ལ་ཉེན་བརྡ་དང་གནས་ཚུལ་དུས་ཐོག་འགྲེལ་བརྗོད་མ་བྱས་པའི་རྐྱེན་གྱིས། ནད་ཡམས་དེ་རྒྱལ་ཁབ་གཞན་ལ་རྒྱ་ཁྱབ་ཕྱིན་ནས་མིའི་ཚེ་སྲོག་དང་། བདེ་ཐང་། དཔལ་འབྱོར། ཚོང་ལས་ལ་གྱོང་གུད་ཚབས་ཆེན་ཕོག་ཡོད་པས་རྒྱ་ནག་ནས་དབྱིན་ལན་ལ་དབྱིན་སྒོར་ཐེར་འབུམ་ ༣༥༡ དང་འཇར་མན་ལ་ཡོ་སྒོར་ཐེར་འབུམ་ ༡༣༠ གུན་གསན་སྤྲད་དགོས་སྐོར་བརྗོད་བཞིན་ཡོད་པ་རེད།
ཏོག་དབྱིབས་ནད་དུག་ཐོག་མར་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་ཤེས་རྟོགས་བྱུང་བ་ནས་བཟུང་ཏོག་དབྱིབས་ནད་དུག་ཕོག་པའི་ནད་པའི་གྲངས་ཀ་དང་། ནད་དུག་དེའི་རྐྱེན་པའི་མི་ཤི་བའི་གྲངས་ཀ་རྒྱ་ནག་གཞུང་ཕྱོགས་ནས་ཕྱི་གསལ་ནང་གསལ་བྱེད་བཞིན་མེད་པའི་སྐྱོན་བརྗོད་ཕོག་ཡོད།
དེ་ནས་བཟུང་ད་བར་འཛམ་གླིང་ཁྱོན་དུ་ཁྱོན་མི་གྲངས་ས་ཡ་ ༢།༤ ལྷག་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པས་མ་ཚད། ཁྱོན་མི་གྲངས་ ༡༦༠༠༠༠ ལྷག་འདས་གྲོངས་སུ་ཕྱིན་པ། དེ་བཞིན་གྲོང་ཁྱེར་མང་ཆེ་བའི་འཚོ་བ་དང་ཚོང་ལས་ལ་གནོད་སྐྱོན་ཆེན་པོ་ཐེབས་ཡོད།
ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༢ ཞོགས་པའི་ཆུ་ཚོད་ ༦ པ་བར་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་དུག་ཕོག་མཁན་ཁྱོན་མི་གྲངས་ ༦༦༤༧ དང་། མི་གྲངས་ ༧༤ འདས་གྲོངས། ཁྱོན་མི་གྲངས་ ༤༢༩༡ དྲག་བསྐྱེད་བྱུང་བ་དང་། ཉེ་བའི་ཉིན་གྲངས་ཁ་ཤས་ནང་གསར་དུ་ཐོན་པའི་ནད་པའི་གྲངས་འབོར་མར་ཆགས་བཞིན་ཡོད་པ་རེད།