ཨོ་གླིང་ནང་སྲིད་སྤྱི་འོས་བསྡུ་དང་འབྲེལ་བའི་གནས་ཚུལ་ཁག་ཅིག

ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་སྐུ་ངོ་ལྷག་པ་མཚོ་སྒོ་མཆོག་སླར་ཡང་འོས་བསྡུ་འགན་འཛིན་བསྐོ་བཞག་དང་། ཕྱི་ཟླ་ ༨ ཚེས་ ༢༥ འགྱང་མེད་ཨོ་སི་ཊོ་ལ་དང་ནེའུ་ཛི་ལན་ཌི་གཉིས་ནང་ས་གནས་འོས་བསྡུ་ལས་ཁང་གི་ཚོགས་མི་དང་ཟུར་དཔང་གསར་འདེམས་ཟིན་པ་དགོས་པའི་བཀོད་ཁྱབ་བཏང་གནང་འདུག

Tibetan election 2021

ཕྱི་ལོ་ ༢༠༡༦ ལོར་སྲིད་སྤྱི་འོས་བསྡུ་སྐབས། Source: Tibetpost

ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལྷན་ཁང་ནས། ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་སྐུ་ངོ་ལྷག་པ་མཚོ་སྒོ་མཆོག་སླར་ཡང་འོས་བསྡུ་འགན་འཛིན་བསྐོ་བཞག་དང་། ཕྱི་ཟླ་ ༨ ཚེས་ ༢༥ འགྱང་མེད་ཨོ་སི་ཊོ་ལ་དང་ནེའུ་ཛི་ལན་ཌི་གཉིས་ནང་ས་གནས་འོས་བསྡུ་ལས་ཁང་གི་ཚོགས་མི་དང་ཟུར་དཔང་གསར་འདེམས་ཟིན་པ་དགོས་པའི་བཀོད་ཁྱབ་བཏང་གནང་འདུག

སྤྱིར་དེ་སྔོན་བཀའ་ཤག་གིས་ཤེས་རིག་དྲུང་ཆེ་ཀརྨ་སེང་གེ་མཆོག་ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡ ནས་ཨོ་སི་ཊོ་ལི་ཡ་སྐུ་ཚབ་དོན་གཅོད་དང་། ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་མཆོག་ཕྱི་ཟླ་ ༦ ཚེས་ ༢༢ ནས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེར་གནས་སྤོ་བཏང་རྒྱུ་བྱས་ཀྱང་། ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་རྒྱལ་ཁབ་ཕན་ཚུན་དབར་འགྲོ་བསྐྱོད་བཀག་འགོག་བྱས་པར་བརྟེན་རྩིས་སྤྲོད་རྩིས་ལེན་དང་ལས་འཁུར་ཕར་འགྱངས་བཀའ་ཁྲོལ་གནང་སྟབས། ཐེངས་འདིར་ཨོ་གླིང་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་མཆོག་སླར་ཡང་ཨོ་གླིང་དང་ནེའུ་ཛི་ལན་ཌི་ས་གནས་འོས་བསྡུ་འགན་འཛིན་བསྐོ་བཞག་བྱས་པ་རེད་འདུག

མ་ཚད་ཨོ་སི་ཊོ་ལི་ཡ་དང་ནེའུ་ཛི་ལན་ཌིའི་ནང་ས་གནས་འོས་བསྡུ་ལས་ཁང་ཁག་གི་ཚོགས་མི་ཕྱི་ཟླ་ ༥ ཚེས་ ༡ ནས་དུས་ཡུན་གཙང་ཡོད་ཀྱང་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་ཚོགས་མི་དང་ཟུར་དཔང་གསར་པ་དུས་ཐོག་བསྐོ་བཞག་གནང་ཐུབ་མེད་པར། དབུས་འོས་བསྡུ་ལས་ཁང་ནས་ས་གནས་འོས་བསྡུ་ལས་ཁང་གི་ཚོགས་མི་དང་ཟུར་དཔང་གི་འོས་བསྡུའི་ལས་རིམ་གནས་སྐབས་ཕྱིར་འཐེན་གནང་ཡོད་འདུག

ཨོ་གླིང་སྐུ་ཚབ་དོན་གཅོད་ཀྱིས་གསལ་བསྒྲགས་གནང་གསལ་ལྟར་ན། ཨོ་གླིང་དང་ནེའུ་ཛི་ལན་ཌི་གཉིས་ནང་ས་གནས་འོས་བསྡུའི་ཚོགས་མི་འདེམས་ཕྱོགས་རིམ་པ་གཉིས་སུ་བགོས་ཏེ། རིམ་པ་དང་པོར་ཨོ་གླིང་ཁུལ་ (VIC) ཝིག་ཊོ་རེ་ཡ་དང་། (ACT) རྒྱལ་ས་མངའ་ཁུལ། (QLD) ཁུན་སི་ལན་ཌི། (Adelaide) ཨེ་དྷེ་ལན་ཌི། (Tasmania) ཏཱ་སི་མ་ནི་ཡ་བཅས་ཁག་ལྔ་དང་། (New Zealand) ནེའུ་ཛི་ལན་ཌི་དང་། (Auckland) ཨོཀ་ལན་ཌི། (Duniden) ཌུ་ནེ་ཌིན། ས་གནས་ཁག་གཉིས་བཅས་བསྡོམས་ས་གནས་ཁག་བདུན་གྱི་ས་གནས་འོས་བསྡུའི་ཚོགས་མི་དང་ཟུར་དཔང་ཕྱི་ཟླ་ ༨ ཚེས་ ༡༠ གོང་གཏན་འཁེལ་གནང་ཡོད་པ་དང་། རིམ་པ་གཉིས་པ་ (NSW) ནེའུ་སོ་ཐི་ཝལ་མངའ་སྡེའི་ཁུལ་དུ་འོས་བསྡུའི་ཚོགས་མི་དང་ཟུར་དཔང་ཕྱི་ཟླ་ ༨ ཚེས་ ༡༩ སྔོན་ཚུད་གཏན་འཁེལ་གནང་ཡོད་འདུག

ཡང་དབུས་འོས་བསྡུ་ལྷན་ཁང་གིས་ཕྱི་ལོ་ ༢༠༢༠ དང་། ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་སྐབས་བཅུ་བདུན་པའི་འོས་བསྡུའི་ལས་རིམ་རིང་མིན་འགོ་འཛུགས་གནང་རྒྱུ་ཡིན་པ་དང་། འོས་བསྡུའི་སྐབས་འོས་འཕེན་དང་བླངས་དཔྱ་དངུལ་ལག་དེབ་དགོས་གལ་ཁར་དཔྱ་དངུལ་དུས་ཐོག་ཕུལ་ཟིན་པ་ཞོག་དགོས་སྟབས།་དང་བླང་དཔྱ་དངུལ་ལག་དེབ་ཞུ་ཕྱོགས་དོན་ཚན་ཁག་བཞི་ལམ་སྟོན་གནང་འདུག

༡། བོད་མི་རང་ལོ་ ༡༨ སོན་པ་ཡན་གང་ཞིག་དཔྱ་དེབ་ནོར་བཅོས་དང་། ལོ་རྒྱུས་སྙིང་བསྡུས། མིང་བསྒྱུར་ཆེད་དཔྱ་དེབ་འདི་གར་ཕུན་ཟིན་ཀྱང་། ལམ་སྟོན་ལྟར་ཡིག་ཆ་འཐུས་ཚང་མེད་པའམ། ས་གནས་སུ་དོགས་འདྲི་བཏང་བས་ལན་འབྱོར་བསྡད་རྣམས་ཀྱི་དཔྱ་དངུལ་ལག་དེབ་འོས་བསྡུ་ཆེན་མོའི་མིང་གཞུང་དེབ་བསྐྱེལ་ཞུ་དགོས་ཀྱི་ཡོད་སྟབས། ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༣༠ ནས་ས་གནས་སོ་སོར་ཕྱིར་སློག་ཞུ་རྒྱུ་དང་། དཔྱ་དེབ་ཁག་ས་གནས་སོ་སོར་འབྱོར་འཕྲལ་དོ་བདག་སོ་སོར་རྩིས་སྤྲོད་ཀྱིས་དཔྱ་དེབ་ལག་སོན་བྱུང་བའི་དོ་བདག་སོ་སོའི་མཚན་རྟགས་དང་། རྩིས་སྤྲོད་གནས་ཚེས་ཁ་གསལ་འཁོད་པའི་ཐོ་གཞུང་ཟུར་ཉར་དགོས་པ།

༢། རང་ལོ་ ༡༨ སོན་པ་ཡན་ནས་ཕྱི་ལོ་ ༢༠༣༠ ཟླ་ ༨ ཚེས་ ༣༠ ནང་ཚུན་དོགས་འདྲི་ཁག་ལ་ལན་འདེབས་ངེས་འབུལ་དགོས་པ། གོང་གསལ་དུས་བཀག་ནང་ཚུན་ལན་འདེབས་མ་འབྱོར་ཚེ་དཔྱ་དེབ་ཁུངས་སུ་ཕྱིར་སློག་ཞུ་རྒྱུ་ཡིན་པ།

༣། དཔྱ་དེབ་ནོར་བཅོས་དང་། ལོ་རྒྱུས་སྣིང་བསྡུས། མིང་བསྒྱུར་དཔྱ་དེབ་དང་། འགེངས་ཤོག་བཅས་ ༢༠༢༠ ཟླ་ ༨ ཚེས་ ༣༠་ནས་བཟུང་འོས་བསྡུ་ཆེན་མོའི་ལས་རིམ་ཆ་ཚང་མཇུག་བསྒྲིལ་མ་ཟིན་བར་འདི་ག་ལས་ཁུངས་སུ་འབུལ་གཏོང་མེད་པ་དགོས་རྒྱུ།

༤། རང་ལོ་ ༡༨ སོན་པ་ཡན་གྱི་དཔྱ་དེབ་གསར་བཟོ་དང་། བོར་བརླག་བསྐྱར་བཟོའི་ཆེད་འདི་གར་ཕུལ་ཟིན་པ་རྣམས་ལ་དཔྱ་དངུལ་ལག་དེབ་གང་མགྱོགས་འབུལ་ཐབས་འབད་བརྩོན་ཞུ་རྒྱུ་དང་། ཟློག་མེད་རྒྱུ་རྐྱེན་གྱིས་འོས་བསྡུ་ཆེན་མོའི་ལས་རིམ་འགོ་འཛུགས་མ་ཟིན་གོང་ལག་དེབ་འབུལ་ཐབས་འགྱུར་དང་གྱུར་མིན་གྱི་གནས་སྟངས་ཆགས་སྲིད་སྐོར་འགྲེལ་བརྗོད་གནང་འདུག

དེ་མཚུངས་སིཌ་ནི་བོད་རིགས་མཐུན་ཚོགས་ནས་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་དང་བླང་དཔྱ་དངུལ་ལག་དེབ་ལོ་ལྔ་རེའི་མཚམས་སུ་ཕར་འགྱང་ཞུ་དགོས་པ་ལྟར་ཟླ་ ༦ ཚེས་ ༣ ཉིན་རེས་གཟའ་ལྷག་པ་ནས་ཁྱབ་ཁོངས་མི་མང་གི་དང་བླང་དཔྱ་དངུལ་ལག་དེབ་ཕར་འགྱང་འགོ་འཛུགས་དགོས་པ་དང་། གཞན་ཡང་དཔྱ་དངུལ་དུས་ལྟར་ཕུལ་མེད་མཁན་རྣམས་ལ་སྒྲིག་གཞི་དགོངས་དོན་ལྟར་བརྒྱ་ཆ་བཅུ་འབུལ་ཆད་ངེས་པར་བསྡུ་དགོས་ཞེས་ལམ་སྟོན་ཕེབས་པ་ལྟ་སིཌ་ནི་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་རེས་མོས་ཀྱིས་རེས་གཟའ་ལྷག་པ་དང་སྤེན་པ། ཉི་མ་བཅས་ཀྱི་ཕྱི་དྲོ་ཆུ་ཚོད་ ༣།༣༠ ནས་ ༦།༠༠ བར་དང་བླང་དཔྱ་དངུལ་དང་ཚོགས་དངུལ། གཞན་ཡང་ལག་དེབ་ཕ་འགྱང་བཅས་ཞུ་བཞིན་ཡོད་སྐོར་བསྒྲགས་འདུག

གཞན་ཡང་ Blue mountains ཨོ་གླིང་རི་སྔོན་པོ་ཁུལ་དང་སིཌ་ནི་ནུབ་ཕྱོགས་ཁུལ་གཙོ་བོར་ Campbelltown ས་གནས་ཁུལ་དུ་དང་བླངས་དཔྱ་དངུལ་བསྡུ་རུབ་ཚོགས་ཆུང་གསར་འཛུགས་གནང་ཡོད་པ་རེད།


Share

Published

Updated

By Sangyal Dorjee

Share this with family and friends


Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service