ཨོ་སི་ཊོ་ལི་ཡའི་འཕྲོད་བསྟེན་ལྷན་ཁང་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༩ ཕྱི་དྲོ་ཆུ་ཚོད་ ༦ དང་ཕྱེད་ཀ་བར་ཏོག་དབྱིབས་ནད་དུག་ཕོག་མཁན་ཁྱོན་ནད་པ་གྲངས་ ༥༦༥ དང་། ཕྱི་ཚེས་ ༡༨ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦།༣༠ ནས་ཕྱི་ཚེས་ ༡༩ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦།༣༠ བར་ཉིན་གཅིག་ནང་ནད་པ་གསར་པ་ ༡༡༡ ཐོན་ཡོད་འདུག
དེའི་ནང་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ (Australian Capital Territory) ཁུལ་དུ་ནད་པ་གྲངས་ ༣ དང་། ནེའུ་སོ་ཐི་ཝལ་མངའ་སྡེའི་ (NSW) ནང་ནད་པ་གྲངས་ ༢༦༥ ཁུན་སི་ལན་ཌིའི་(Queensland ) ནང་ནད་པ་གྲངས་་༩༤ ཨོ་སི་ཊོ་ལི་ཡའི་ལྷོ་ཁུལ་(South Australia) ལ་ནད་པ་གྲངས་ ༣༧ ཏྭ་སི་མ་ནི་ཡ་ (Tasmania ) ཁུལ་དུ་ནད་པ་གྲངས་ ༡༠། ཝི་ཊོ་རི་ཡ་(Victoria) ནང་ནད་པ་གྲངས་ ༡༢༡ ཨོ་སི་ཊོ་ལི་ཡ་ནུབ་བརྒྱུད་ (Western Australia ) དུ་ནད་པ་གྲངས་ ༣༥ བཅས་ཡོད་འདུག འོན་ཀྱང་ཨོ་སི་ཊོ་ལི་ཡའི་བྱང་ཁུལ་ (Northern Territory ) དུ་ད་བར་ཏོག་དབྱིབས་ནད་པ་ཐོན་མེད་པ་རེད།
ད་ལྟའི་ཆར་ཨོ་སི་ཊོ་ལི་ཡའི་ནང་ལའངས་ཏོག་དབྱིབས་ནད་དུག་གི་ཉེན་ཁ་ཅུང་ཛ་དྲག་ཆགས་ཡོད་པར་བརྟེན། ཨོ་སི་ཊོ་ལི་ཡའི་སྲིད་བློན་ Scott Morrison མཆོག་གིས་ཕྱི་ཟླ་ ༣ ཚེས་ ༡༩ རེས་གཟའ་པ་སངས་ཉིན་གྱི་དགུང་མོ་ཆུ་ཚོད་ ༩ པ་ནས་བཟུང་། ཨོ་སི་ཊོ་ལི་ཡའི་མི་སེར་དང་ཨོ་སི་ཊོ་ལི་ཡའི་ནང་གཏན་སྡོད་བྱེད་མཁན་མ་གཏོགས་གཞན་མི་སུ་ཡང་ཨོ་སོ་ཊོ་ལི་ཡའི་ནང་འཛུལ་ཞུགས་ཡོངས་སུ་བཀག་འགོག་བྱ་རྒྱུ་དང་། མི་སེར་དང་གཏན་སྡོད་བྱེད་མཁན་ཡིན་ཡང་རྒྱལ་ཁབ་དང་ལུང་པ་གཞན་ནས་འབྱོར་ཡོད་ཚེ། དུས་ཡུན་ཉིན་གྲངས་ ༡༤ རིང་ཟུར་བཀག་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་གནང་འདུག
ད་དུང་ཨོ་སོ་ཊོ་ལི་ཡའི་མི་སེར་དང་གཏན་སྡོད་བྱེད་མཁན་རྣམས་རྒྱལ་ཁབ་དང་ལུང་པ་གཞན་ལ་ཕར་མ་བསྐྱོད་ན་ཡག་པོ་ཡོད་སྐོར་ཡང་ལམ་སྟོན་གནང་འདུག
ད་དུང་ཨོ་སི་ཊོ་ལི་ཡ་གཞུང་གིས་ནད་ཡམས་རྒྱ་ཁྱབ་ཤུགས་ཆེ་མི་འགྲོ་ཆེད་ཁང་པའི་ནང་ལ་ཁྱོན་མི་གྲངས་ ༡༠༠ ལས་ལྷག་པའི་འདུ་འཛོམས་མི་ཆོག་པ་དང་། ཕྱི་ལོགས་སུ་ཁྱོན་མི་གྲངས་ ༥༠༠ ལས་ལྷག་པའི་འདུ་འཛོམས་མི་ཆོག་པའི་གསལ་བསྒྲགས་གནང་ཡོད་པ་རེད། དེ་བཞིན་མི་གཉིས་ཀྱི་དབར་བར་ཐག་ཉུང་མཐར་མི་ཊར་ ༡།༥ བཞག་དགོས་པའི་ལམ་སྟོན་ཡང་གནང་འདུག
གལ་སྲིད་ཁྱེད་རང་ཚ་བ་འབར་བ་དང་། མིད་པ་ཚ་བ། གློ་རྒྱག་པ་སོགས་ཀྱིས་ཏོག་དབྱིབས་ན་ཚ་འགོས་ཡོད་པའི་དོགས་པ་བྱུང་ཚེ། སྨན་པ་རྩར་ཕར་འགྲོ་མི་དགོས་པར་རྒྱལ་ཡོངས་ཏོག་དབྱིབས་ནད་དུག་འཕྲོད་བསྟེན་ཚན་པའི་འབྲེལ་གཏུགས་ཁ་པར་ ༡༨༠༠ ༠༢༠ ༠༨༠ ཐོག་འབྲེལ་བ་བྱེད་དགོས་པ་དང་། དབུག་ཀྱང་གཏོང་ལེན་དཀའ་བ་དང་ན་ཚའི་གནས་སྟངས་ཛ་དྲག་ཆགས་ཚེ་ཛ་དྲག་འབྲེལ་གཏུགས་ཨང་གྲངས་ ༠༠༠ ཐོག་འབྲེལ་བ་བྱེད་དགོས་སྐོར་ལམ་སྟོན་གནང་འདུག
འཛམ་གླིང་ཁྱོན་དུ་ཡོངས་གྲགས་སུ་ཏོག་དབྱིབས་ནད་པ་གྲངས་ ༢༠༤༧༠༠ ཙམ་དང་། ཁྱོན་མི་གྲངས་ ༨༤༠༠ ཙམ་འཆི་སྐྱོན་བྱུང་ཡོད་སྐོར་བསྒྲགས་བཞིན་ཡོད་པ་རེད།