ནིའུ་སའོ་ཐི་ཝལ་མངའ་སྡེའི་བློན་ཆེན་རུལ་སུངས་དང་འབྲེལ་བའི་གནད་དོན་འོག་རྩ་དགོངས་ཞུས་པ།

ཉེ་ཆར་ཕྱི་ཟླ་ ༡༠ ཚེས་ ༡ རེས་གཟའ་པ་སངས་ཉིན་ནིའུ་སའོ་ཐི་ཝལ་མངའ་སྡེའི་ལྐོག་ཟ་རུལ་སུངས་སྐོར་རང་དབང་ལྡན་པའི་ཞིབ་དཔྱོད་ཁང་ ICAC ཡིས་ནིའུ་སའོ་ཐི་ཝལ་མངའ་སྡེའི་བློན་ཆེན་ལྕམ་ Gladys Berejiklian ལ་ལྐོག་ཟ་རུལ་སུངས་གི་གནད་དོན་དང་འབྲེལ་བའི་ཞིབ་དཔྱོད་བྱེད་བཞིན་ཡོད་པའི་གསལ་བསྒྲགས་བྱས་ནས་ཆུ་ཚོད་ ༣ རྗེས་ཁོ་མོས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་མངའ་སྡེའི་གྲོས་ཚོགས་འཐུས་མི་གཉིས་ཀ་ནས་དགོངས་ཞུ་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས།

NSW Gladys Berejiklian

Former NSW Premier Gladys Berejiklian Source: AAP

ཞིབ་དཔྱོད་ཁང་དེས་ཕྱི་ལོ་ ༢༠༡༢ ནས་ ༢༠༡༨ བར་གྷ་ལི་ཌིས་ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་རང་དང་སྒེར་གྱི་འབྲེལ་བ་ཡོད་པའི་ཚོགས་སྡེ་ཁག་ཅིག་ལ་དམིགས་བསལ་ཁེ་ཕན་བསྐྲུན་པའི་ཉེས་འཛུགས་དང་། དེའི་ནང་དམིགས་བསལ་ཕྱི་ལོ་ ༢༠༡༦ དང་ ༢༠༡༧ ནང་ནིའུ་སའོ་ཐི་ཝལ་མངའ་སྡེའི་གྲོང་ཁྱེར་ཝ་དགའ་ཝ་དགའ་ Wagga Wagga ནང་ Clay Target Association ཞེས་པའི་རྩེད་ཐང་འཛུགས་བསྐྲུན་ལས་གཞི་ལ་ཨོ་སྒོར་ས་ཡ་ ༥་༥ དང་། ཕྱི་ལོ་ ༢༠༡༨ ལོར་ཝ་དགའ་ཝ་དགའི་ནང་ Riverina Conservatorium of Music ཞེས་པའི་རོལ་དབྱངས་བསྟི་གནས་དེ་ལ་རོགས་དངུལ་ཨོ་སྒོར་ས་ཡ་ ༢༠ སྤྲད་རྒྱུའི་ཐད་(དེའི་སྐོར་འདི་ལོར་མངའ་སྡེའི་གྲོས་ཚོགས་ཀྱིས་འདྲི་ཞིབ་སྐབས་གསལ་བསྒྲགས་བྱས་ཡོད་པ་རེད་)དེ་གཉིས་དང་འབྲེལ་བ་ཡོད་ཅིང་། རོགས་དངུལ་དེ་གཉིས་ཞུ་མཁན་ནི་དེ་སྔོན་ཝ་དགའ་ཝ་དགའ་ནས་གྲོས་ཚོགས་འཐུས་མི་ཟུར་པ་ཌ་རལ་མཱ་གྷུར་ Daryl Maguire དང་གྷ་ལི་ཌི་གཉིས་དབར་གསང་བའི་འབྲེལ་བ་ཡོད་མེད་གཙོ་འདོན་ཞིབ་འཇུག་བྱེད་བཞིན་ཡོད་འདུག

གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ནིའུ་སའོ་ཐི་ཝལ་མངའ་སྡེའི་སྲིད་བློན་ཟུར་པ་ལྕམ་གྷ་ལི་ཌི་དང་། ཝ་དགའ་ཝ་དགའི་གྲོས་ཚོགས་འཐུས་མི་ཟུར་པ་ཌ་རལ་མཱ་གྷུར་གཉིས་དབར་ལོ་ ༥ རིང་དམིགས་བསལ་སྒེར་གྱི་འབྲེལ་བ་ཡོད་སྐོར་དང་། གྷ་ལི་ཌིས་རང་གིས་ཉེ་འབྲེལ་ལ་དམིགས་བསལ་ཁེ་ཕན་བསྐྲུན་པ་ནི་མང་ཚོགས་ཀྱི་ཡིད་ཆེས་བརླག་གཞིའི་ཁྲིམས་འགལ་ལས་དོན་ (Breached Public Trust) ཞིག་ཡིན་སྐོར་བརྗོད་བཞིན་ཡོད་པ་རེད།

འོན་ཀྱང་ལྕམ་གྷ་ལི་ཌིས་གསར་འགོད་གསལ་བསྒྲགས་ཐོག་ངས་ནོར་འཁྲུལ་གང་ཡང་བཟོས་མེད་ཅེས་ ICAC ཞིབ་དཔྱོད་ཁང་གི་ཉེས་འཛུགས་ངོས་ལེན་བྱས་མེད་ཀྱང་། གནས་ཚུལ་དེ་གསལ་པོ་མ་ཆགས་བར་དུ་བདམ་ཁ་གཞན་མེད་པར་སྲིད་བློན་གྱི་ལས་གནས་ནས་དགོངས་ཞུ་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད། སྐབས་དེར་གསར་འགོད་པའི་དྲི་བར་དང་ལེན་གནང་མེད་པ་རེད།

ཁོ་མོ་དགོངས་ཞུ་བྱས་རྗེས་མི་མང་ཁག་ཅིག་གིས་ཁོ་མོ་ནིའུ་སའོ་ཐི་ཝལ་མངའ་སྡེའི་བློན་ཆེན་གྱི་ལས་ཡུན་རིང་། མངའ་སྡེའི་ནང་ཆུ་ལོག་ Floods གི་གནོད་སྐྱོན་དང་། ཤིང་ནག་མེ་སྐྱོན་་Bushfires  ཙི་ཙིའི་དམག་འཁྲུག Mice plague  ཏོག་དབྱིབས་ན་ཚའི་དཀའ་ངལ་སོགས་དཀའ་ངལ་གཅིག་རྗེས་གཉིས་མཐུད་དུ་བྱུང་ནས་ཁོ་མོ་ནི་ལམ་འགྲོ་མེད་པའི་སྲིད་བློན་ཞིག་ཡིན་སྐོར་དང་། ཡང་མི་མང་མང་པོ་ཞིག་གིས་ཁོ་མོ་ལས་གནས་ལ་བསྐྱར་དུ་ཡོང་དགོས་པའི་རེ་སྐུལ་དང་། ཁོ་མོའི་ལས་ཁུངས་འགྲམ་དུ་མེ་ཏོག་དང་གདུང་སེམས་མཉམ་བསྐྱེད་ཀྱི་ཡི་གེ་བརྒྱ་ཕྲག་མང་པོ་བཞག་ཡོད་པ་རེད།

ཨོ་སི་ཊོ་ལི་ཡའི་སྲིད་བློན་སི་ཀོ་ཊི་མོ་རེ་སོན་མཆོག་གིས་ཕྱོགས་གཞན་ཞིག་ནས་སྐྱོན་བརྗོད་ཡོང་གི་ཡོད་མེད་ལ་བལྟོས་པར་ནིའུ་སའོ་ཐི་ཝལ་མངའ་སྡེའི་སྲིད་བློན་ལྕམ་གྷ་ལི་ཌི་ནི་མི་མང་གི་མངོན་འདོད་གཙོ་བོར་བཟུང་མཁན་དང་། ལས་དོན་ཧུར་ཐག་སྒྲུབ་མཁན་ཞིག རྒྱུན་དུ་མངའ་སྡེའི་ནང་མི་མང་གིས་ཡིད་ཆེས་དང་གདེང་འཇོག་ཆེན་པོ་ཡོད་པ། ཁོ་མོ་ནི་ང་ཡི་ཡིད་ཆེས་ཆེན་པོ་བྱེད་སའི་གྲོགས་མོ་ཞིག་དང་གདེང་འཇོག་ཆེན་པོ་བྱེད་སའི་ལས་གྲོགས་ཤིག་ཡིན་ཞེས་གསུངས་ཡོད་པ་རེད།

ནིའུ་སའོ་ཐི་ཝལ་མངའ་སྡེི་སྲིད་བློན་ཟུར་པ་ལྕམ་གྷ་ལི་ཌི་བྷིར་ཇི་ཁི་ལིམ་ Gladys Berejiklian ནི་ནིའུ་སའོ་ཐི་ཝལ་མངའ་སྡེའི་སྲིད་བློན་སྐབས་ ༤༥ པ་དང་། ཁོ་མོ་ནི་ཨོ་སི་ཊོ་ལི་ཡའི་ Liberal Party ཆབ་སྲིད་ཚོགས་པ་དང་། ༢༠༡༧ ཟླ་ ༡ ཚེས་ ༢༣ ནས་ ༢༠༢༡ ཟླ་ ༡༠ ཚེས་ ༥ བར་སྲིད་བློན་གྱི་ལས་འཁུར་ཞུས་ཡོད་པ་རེད།

དེ་རྗེས་ཕྱི་ཚེས་ ༥ ཉིན་མངའ་སྡེའི་གྲོས་ཚོགས་ཐོག་ནིའུ་སའོ་ཐི་ཝལ་མངའ་སྡེའི་སྲིད་བློན་གཞོན་པ་ཇོན་བྷར་ལོ་ John Barilaro ཡང་ལས་གནས་ནས་དགོངས་ཞུ་བྱས་རྗེས། དངུལ་རྩིས་བློན་ཆེན་ཌོ་མི་ནིང་ཁི་ཕི་རོ་ཊི་ Dominic Perrottet མངའ་སྡེའི་སྲིད་བློན་དང་འཆར་འགོད་བློན་ཆེན་རོབ་སི་ཊོ་ཁིས་ Rob Stokes སྲིད་བློན་གཞོན་པར་འདེམས་ཐོན་བསྐོ་བཞག་བྱས་ཡོད་པ་རེད།


Share

Published

Updated

By Sangyal Dorjee

Share this with family and friends


Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service