ཚོགས་དུས་དང་པོའི་ཉིན་དང་པོར་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་སྐབས་ ༡༦ པའི་བཀའ་ཤག་གི་བཀའ་བློན་འོས་མི་ངོ་སྤྲོད་བྱས་ཡོད་པ་དང་། བུད་མེད་གསུམ་ཏེ་ནོར་འཛིན་སྒྲོལ་མ་དང་། ཐར་ལམ་སྒྲོལ་མ། རྒྱ་རི་སྒྲོལ་མ་གསུམ་བཀའ་བློན་འོས་འདེམས་བྱུང་།
གཞན་ཐུབ་བརྟན་ལུང་རིག་དང་། ཚུལ་ཁྲིམས་རྡོ་རྗེ་གཉིས་ལ་དགོས་ངེས་ཀྱི་འོས་གྲངས་མ་འོངས། འོས་མི་དངོས་གྲུབ་རྡོ་རྗེར་དགག་པ་བརྒྱབ་པས་མ་ཚད་མདོ་སྟོད་ཕྱི་འཐུས་དང་ཆོས་རྒྱུད་སྤྱི་འཐུས་ཁག་ཅིག་གྲོས་ཚོགས་ནས་ཐོན་པར་བརྟེན་གྲོས་ཚོགས་གྲུབ་ཆ་མ་འོངས་པར་བརྟེན་གྲོས་ཚོགས་གྲོལ་དགོས་བྱུང་། ཕྱི་ཉིན་སྤྱི་འཐུས་ཚོགས་གཙོས་དངོས་གྲུབ་རྡོ་རྗེ་དང་གཤམ་གྱི་འོས་དེ་གཉིས་དབར་འོས་འདོན་སྔ་ཕྱི་བརྗེ་ན་ཡོང་གི་ཡོད་མེད་བཀའ་འདྲི་གནང་ཡང་། སྲིད་སྐྱོང་གིས་ཐེངས་འདིའི་གྲོས་ཚོགས་མཇུག་སྐྱོང་ཐུབ་ཆེད། ད་ཐེངས་གཤམ་གྱི་འོས་མི་གཉིས་འོས་འདོན་ངང་འཐེན་དང་སྐབས་རྗེས་མའི་གྲོས་ཚོགས་ཐོག་སླར་ཡང་འོས་འདོན་བྱ་རྒྱུ་ཡིན་སྐོར་དང་སྐབས་དེར་འདི་འདྲའི་དགག་བྱ་མི་འོང་བའི་རེ་སྐུལ་གནང་།
ཚོགས་དུས་དང་པོའི་ཉིན་གཉིས་པར་སྔ་ཉིན་གྱི་ཚེས་ ༡༡ ཉིན་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་ཆ་རྐྱེན་དང་འབྲེལ་བའི་ཁྲིམས་འཆར་བསྐྱར་བཅོས་ཤིག་གི་ཐོག་བགྲོ་གླེང་གནང་ཡོད་པ་དང་། སྐབས་དེར་འདི་ལོའི་ཕྱི་ཟླ་ ༣ པའི་ནང་གྲོས་ཚོགས་སྐབས་བཅུ་དྲུག་པས་གྲོས་ཆོད་ཨང་ ༣༩ པ་བཞག་ནས་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་བར་དེ་དང་འབྲེལ་ནས་གླེང་སློང་རྩོད་གླེང་བྱུང་བས། ཚོགས་གཙོས་གནད་དོན་དེའི་ཐད་དུས་ཚོད་གཞན་ཞིག་གཏོན་དགོས་མིན་ཚོགས་གཞོན་པ་དང་གྲོས་བསྡུར་བྱེད་བཞིན་ཡོད་སྐོར་བརྗོད་པ་ལྟར། གྲོས་ཆོད་ཨང་ ༣༩ པའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཡོད་ནའང་། མདོ་སྨད་སྤྱི་འཐུས་དང་དབུས་གཙང་སྤྱི་འཐུས་ཁག་ཅིག་ཚོགས་བཅར་མ་བྱས་པས་དགོས་ངེས་ཀྱི་གྲུབ་ཆ་མ་ལོངས་ནས་འཚོགས་ཐུབ་མེད་པ་རེད་འདུག
གཞན་ཡང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམས་ཀྱིས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་རྗེ་བླ་ལྷག་ཏུ་ཆེ་ཞུས་བའི་གྲོས་ཆོད་དང་། ཉེ་བའི་ཆར་གྲོས་ཚོགས་འཚོགས་མ་ཐུབ་པ་དང་། ནང་ཁུལ་གི་དཀའ་རྙོག་དེའི་རྐྱེན་པས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཀྱང་ཐུགས་ཕམ་འབྱུང་གཞི་གྱུར་པར་བརྟེན། གདུང་ཤུགས་དྲག་པོས་མཐོལ་བཤགས་བཅས་ཞུས་ཡོད་པ་རེད།
ཐེངས་འདིའི་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་དང་པོའི་སྟེང་། གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་ ༨ དང་། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་དོན་ཚན་ ༥ ཅན་བཅས་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད་པ་རེད།