ད་ལྟའི་ཆར་ཏོག་དབྱིབས་འགོག་ཁབ་ལག་བསྟར་གྱི་རིམ་པ་དང་པོའི་ཀ་པ་(Phase1 A) དང་ཁ་པ་(Phase1 B) གཉིས་ལག་བསྟར་བྱེད་མུས་ཐོག ཕྱི་ཟླ་ ༥ པའི་ནང་རིམ་པ་གཉིས་པ་ (Phase 2) ཡང་འགོ་འཛུགས་ཀྱིས་ཕྱི་ཚེས་ ༣ ཉིན་ནས་ལོ་ན་ ༥༠ དང་དེའི་ཡན་རྣམས་ལ་ཨ་སི་ཊར་ཛེ་ནི་ཀ་ (AstraZeneca) ཡི་སྨན་ཁབ་མངའ་སྡེ་དང་ས་ཁུལ་སོ་སོ་ནང་འགོ་འཛུགས་བྱས་ཡོད།
ཏོག་དབྱིབས་འགོག་ཁབ་ཀྱི་ལག་བསྟར་རིམ་པ་སོ་སོའི་ནང་སུ་ལ་རག་འོས་ཡིན་མིན་དང་ཁྱེད་རང་སྡེ་ཚན་གང་གི་ཁོངས་སུ་གཏོགས་མིན་དྲ་ཐག་འདི་ནས་གཟིགས་ https://www.nsw.gov.au/covid-19/health-and-wellbeing/covid-19-vaccination-nsw/vaccination-locations མ་ཚད་དྲ་ཐོག་ནས་ཁྱེད་རང་ལ་ཏོག་དབྱིབས་འགོག་ཁབ་རག་འོས་ཡིན་མིན་བརྟག་དཔྱད་བྱེད་ཆོག དྲ་ཚིགས་ཀྱི་ཁ་བྱང་འདིར་བརྒྱུད་དགོས་ https://covid-vaccine.healthdirect.gov.au/eligibility
དྲ་ཚིགས་འདིའི་ཐོག་ནས་ཁྱེད་རང་གི་ལོ་ཚད་དང་མངའ་སྡེ་གང་གི་ནང་གནས་སྡོད་བྱས་ཡོད་མེད། དེ་བཞིན་ཁྱེད་རང་ཟུར་བཀག་དུ་སྡོད་མཁན་དང་། ས་མཚམས་སུ་ལས་ཀ་བྱེད་མཁན། གཞན་ཡང་འཕྲོད་བསྟེན་དང་འབྲེལ་བའི་ལས་ཀ་བྱེད་མཁན་ཡིན་དང་མིན་བརྟག་བརྒྱབ་རྗེས། དྲ་ཚིགས་དེའི་གཤམ་དུ་ཐོ་འགོད་བྱེད་ (Make A booking) ཟེར་བའི་མཛུབ་གནོན་དེའི་ཐོག་ནས་ཐོ་འགོད་བྱེད་དགོས།
ནིའུ་སོ་ཐི་ཝལ་མངའ་སྡེའི་ (NSW) ནང་མཚོན་ན་ཏོག་དབྱིབས་འགོག་ཁབ་རྒྱག་སའི་ས་གནས་མང་པོ་ཞིག་ཡོད་པའི་ནང་ནས་ཁྱེད་རང་དང་ཐག་ཉེ་སའི་འགོག་ཁབ་རྒྱག་སའི་ས་གནས་ཤིག་འདེམས་ཆོག དཔེར་ན་སིཌ་ནིང་ནང་ཏོག་དབྱིབས་འགོག་ཁབ་རྒྱག་སའི་ལྟེ་གནས་ཆེ་ཤོས་སིཌ་ནིང་ཨོ་རྩལ་གླིང་ཁ་ (Sydney Olympic Park) ས་གནས་སུ་ཐོ་འགོད་བྱེད་འདོད་ཡོད་ཚེ་ཁ་པར་ཐོག་ནས་དང་ཡང་ན་དྲ་ཐོག་ནས་སོ་སོ་རང་ཉིད་ཀྱིས་ཐོ་འགོད་བྱེད་ཆོག

སིཌ་ནི་ཨོ་རྩལ་གླིང་ཁ་རུ་འགོག་ཁབ་རྒྱག་ས་བང་སྒྲིག་ནས་སྒུག་བཞིན་པ། Source: SBS Tibetan

Source: Health Australia
སིཌ་ནིང་ཨོ་རྩལ་གླིང་ཁ་ས་གནས་སུ་ཏོག་དབྱིབས་འགོག་ཁབ་རྒྱག་ས་གཞི་རྒྱ་ཆེ་བ་ཞིག་གོ་སྒྲིག་བྱས་ཡོད་ཅིང་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་ནེའུ་སོ་ཐི་ཝལ་མངའ་སྡེའི་སྲིད་བློན་ལྕམ་གྷ་ལི་ཌི་ (Gladys Berejiklian) མཆོག་གིས་འགོག་ཁབ་རྒྱག་སའི་ལྟེ་གནས་སུ་ཕེབས་ནས་ལས་དོན་ལ་དངོས་སུ་གཟིགས་ཞིབ་གནང་སོང་།
ཨོ་རྩལ་གླིང་ས་གནས་བར་མེ་འཁོར་ཁ་ཐུག་འགྲོ་བསྐྱོད་ཡོད་པ་དང་། མེ་འཁོར་འབབ་ཚུགས་ནས་འགོག་ཁབ་རྒྱག་ས་ལྟེ་གནས་བར་གོམ་པ་སྐར་མ་ ༥ ཙམ་ལས་རྒྱག་མི་དགོས། མེ་འཁོར་འབབ་ཚུགས་ནས་ཁ་ཕྱོགས་དང་ལམ་ཁ་གང་བརྒྱུད་དགོས་མིན་ཡི་གེ་དང་མདའ་རྟགས་བཞག་འདུག་པས་ལམ་ཁ་ནོར་ས་མེད།

སིཌ་ནི་གྲོང་ཁྱེར་ཁུལ་གྱི་རི་ལི་འགྲོ་ལམ་ས་ཁྲ། Source: Sydney transport
སིཌ་ནིང་ཨོ་རྩལ་གླིང་ཁ་ས་གནས་སུ་རྒྱག་བཞིན་པའི་སྨན་ཁབ་དེ་ནི་ཕི་རྫར་ (Pfizer) གྱི་སྨན་ཁབ་དེ་ཡིན་ཞིང་། ཁྱེད་ཀྱིས་ཐོ་འགོད་ཟིན་རྗེས་ཁྱེད་རང་གི་གློག་འཕྲིན་དང་ཁ་པར་ཨང་གྲངས་ཐོག་འགོག་ཁབ་སྔ་ཕྱི་ཐེངས་གཉིས་ཀའི་ཟླ་དུས་ཚེས་གྲངས་དང་ཆུ་ཚོད་དེ་བཞིན་ས་གནས་ཀྱི་ཁ་བྱང་བཅས་འབྱོར་གྱི་ཡོད་པས་མ་ཚད། ད་དུང་ཁྱེད་རང་གི་ཨང་རྟགས་ (Code) དང་དེའི་ཚབ་མཚོན་མྱུར་མགྱོག་འཚོལ་བཤེར་(QR) ཨང་རིས་བཅས་འབྱོར་གྱི་ཡོད།
QR ཨང་རིས་དེ་ཡང་ཁྱེད་རང་གིས་ངེས་པར་དུ་ཉར་ནས་དངོས་སུ་འགོག་ཁབ་རྒྱག་པར་འགྲོ་སྐབས་སྟོན་ཆོག་ཆོག་ཡོད་དགོས། QR ཨང་རིས་དེའི་ཐོག་ནས་ཉིན་དེར་ཁྱེད་རང་དངོས་སུ་འགོག་ཁབ་རྒྱག་པར་འགྲོ་སྐབས་ཁོང་ཚོས་བང་རིམ་གྱི་ཨང་གྲངས་གཞན་ཞིག་སྤྲོད་ཀྱི་ཡོད། མ་ཚད་ཁབ་རྒྱག་པར་དངོས་སུ་འགྲོ་སྐབས་ངོ་སྤྲོད་ལག་འཁྱེར་དཔེར་ན་རླངས་འཁོར་ཆོག་ཡིག་ལག་འཁྱེར་ (Drivers License) དང་པར་རིས་ངོ་སྤྲོད་ལག་འཁྱེར་ (Photo ID Card) སོགས་སོ་སོ་རང་ཉིད་ཀྱི་འདྲ་པར་འཁོད་ཡོད་པའི་ལག་འཁྱེར་ཚད་ལྡན་ཞིག་འཁྱེར་དགོས་པས་མ་ཚད། ད་དུང་སྨན་བཅོས་ལག་འཁྱེར་ (Medicare Card) ངེས་པར་དུ་མཉམ་འཁྱེར་དགོས་པ་ཡིན།
གཞན་ཡང་ཏོག་དབྱིབས་འགོག་ཁབ་མ་བརྒྱབ་པའི་དུས་ཡུན་བདུན་ཕྲག་གཉིས་ནང་ཚུད་བཤའ་བཅོས་བྱས་པའམ་སྨན་ཁབ་གཞན་གང་ཡང་རུང་བ་བརྒྱབ་མེད་པ་དགོས་པས་མ་ཚད། ཐོ་འགོད་སྐབས་དང་དངོས་སུ་སྨན་ཁབ་རྒྱག་པར་འགྲོ་སྐབས་ཁྲག་ཤེད་སོགས་ཀྱི་ན་ཚད་ཡོད་མེད་དང་། ན་ཚ་གཞན་གྱི་དཀའ་ངལ་ཡོད་མེད་སོགས་འདྲི་ངེས་ཡིན།
འགོག་ཁབ་དང་པོ་དེ་བརྒྱབ་རྗེས་བདུན་ཕྲག་གཉིས་རྗེས་སུ་འགོག་ཁབ་གཉིས་པ་དེ་རྒྱག་དགོས་ཀྱི་ཡོད་པ་རེད།