ཉེ་ཆར་ཕྱི་ཟླ་ ༤ པའི་ཚེས་ ༣ ཉིན་ཨོ་སི་ཊོ་ལི་ཡའི་སྲིད་བློན་སི་ཀོ་ཊི་མ་རེ་སོན་ Scott Morrison’s མཆོག་གིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག ཨོ་སི་ཊོ་ལི་ཡའི་ནང་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་ཚོས་གལ་སྲིད་སོ་སོ་སོ་སོར་རོགས་རམ་བྱེད་ཐུབ་པའི་གནས་བབ་མེད་ཚེ་སོ་སོའི་ལུང་པར་ལོག་འགྲོ་རྒྱུའི་བདམ་ག་གཉིས་པ་དེ་ཡིན་སྐོར་བརྗོད་ཡོད་ཀྱང་། ཨོ་གླིང་རྒྱལ་སྤྱིའི་སློབ་མའི་ལྷན་ཚོགས་སོགས་ཤེས་ཡོན་གྱི་འགན་འཁུར་བ་མང་པོ་ཞིག་གིས་དེ་ལ་བློ་ཕམ་དང་བསྐྱོན་བརྗོད་བྱུང་།
དེ་རྗེས་ཨོ་སི་ཊོ་ལ་ཡའི་གཞུང་གིས་ཨོ་སི་ཊོ་ལི་ཡའི་ནང་སློབ་སྦྱོང་བྱེད་བཞིན་པའི་རྒྱལ་སྤྱིའི་སློབ་ཕྲུག་རྣམས་ལ་ཨོ་གླིང་ནང་ལས་ཀ་ཡོད་ཚེ་ད་དུང་གནས་སྡོད་བྱེད་ཆོག གལ་སྲིད་ལས་ཀ་དང་ནང་མིའི་རྒྱབ་སྐྱོར། གསོག་དངུལ་བཅས་མེད་ཚེ་ཁོང་ཚོས་བཀོད་སྒྲིག་གཞན་ཞིག་ལ་བསམ་བློ་གཏོང་དགོས་སྐོར་བརྗོད་འདུག
དེ་བཞིན་རྒྱལ་སྤྱིའི་སློབ་ཕྲུག་ནང་རྒས་གསོ་ཁང་དང་། སྨན་ཞབས་སོགས་སུ་ལས་ཀ་བྱེད་མཁན་རྣམས་ཆུ་ཚོད་ ༢༠ ལས་མང་བ་ལས་ཀ་བྱེད་ཆོག དེ་བཞིན་གལ་སྲིད་ཁོང་ཚོ་ཨོ་སི་ཊོ་ལིའི་ཡའི་ནང་ཉུང་མཐར་དུས་ཡུན་ཟླ་བ་ ༡༢ ལས་བརྒལ་ཡོད་ཚེ་གསོག་དངུལ་རྒས་ཕོག་ཀྱང་རག་ངེས་ཡིན་སྐོར་འགྲེལ་བརྗོད་བྱས་འདུག
ཨོ་སི་ཊོ་ལི་ཡའི་ནང་རྒྱལ་སྤྱིའི་སློབ་ཕྲུག་གྲངས་ ༥༠༠༠༠༠ ཙམ་ཡོད་པ་དང་། སློབ་ཕྲུག་མང་པོ་ཞིག་ཏོག་དབྱིབས་ནད་དུག་གིས་རྐྱེན་པས་ལས་ཀ་ཤོར་ཡོད་འདུག
གཞན་ཡང་སྲིད་བློན་མཆོག་གིས་ཨོ་སི་ཊོ་ལི་ཡའི་ནང་ཡུལ་སྐོར་བ་དང་ལས་ཀའི་ཐོངས་ཆེན། དུས་ཐུང་མཐོང་ཆེན་ཐོག་ནས་སླེབས་མཁན་ཚོ་གལ་སྲིད་སོ་སོས་སོ་སོར་དགོས་ངེས་ཀྱི་མཐུན་རྐྱེན་བསྐྲུན་མ་ཐུབ་ཚེ་སོ་སོའི་ལུང་པར་ཕྱིར་ལོག་བྱེད་དགོས་པའི་འབོད་སྐུལ་དང་། ད་ལྟའི་དུས་འདིར་ཨོ་སི་ཊོ་ལི་ཡའི་གཞུང་གིས་གཙོ་བོར་རང་གི་མི་སེར་ཚོར་ལྟ་རྟོགས་བྱེད་དགོས་པའི་དུས་ཚོད་ཅིག་ཆགས་ཡོད་སྐོར་འགྲེལ་བརྗོད་བྱས་འདུག
ཨོ་སི་ཊོ་ལི་ཡའི་གཞུང་འབྲེལ་འཕྲོད་བསྟེན་དྲ་ཚིགས་ https://www.health.gov.au/ ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༨ ཉིན་བར་ཨོ་སི་ཊོ་ལི་ཡའི་ནང་གཏན་འཁེལ་བྱུང་བའི་ནད་པ་གྲངས་ ༥༩༥༦ དང་དེའི་ནང་མི་ ༤༥ འདས་གྲོངས་སུ་སོང་ཡོད་པ་དང་། ཁྱོན་མི་གྲངས ༣༡༣༠༠༠ ལ་བརྟག་དཔྱད་བྱས་ཡོད་འདུག
འདས་པའི་ཆུ་ཚོད་ ༢༤ ནང་ནད་པ་གསར་པ་གྲངས་ ༡༡༢ ཐོན་ཡོད་ཅིང་། ཨོ་སི་ཊོ་ལི་ཡའི་མངའ་སྡེ་དང་ས་ཁུལ་ཁག་བརྒྱད་ནང་ནད་པ་མང་ཤོས་ནེའུ་སོ་ཊི་ཝལ་མངའ་སྡེ་ NSW གཅིག་པུར་ནད་པ་ ༢༧༣༤ དང་མངའ་སྡེ་དེའི་ནང་ནད་པ་མང་ཤོས་ནི་སིཌ་ནིང་གྲོང་ཁྱེར་ཁུལ་དུ་ཐོན་ཡོད་པ་རེད།
འཛམ་གླིང་ཁྱོན་དུ་ཏོག་དབྱིབས་ནད་དུག་ཕོག་མཁན་ནད་པ་གྲངས་ ༡༤༠༠༠༠༠ ཙམ་དང་དེའི་ནང་ཁྱོན་མི་གྲངས་ ༨༠༠༠༠ ཙམ་འདས་གྲོངས་སུ་སོང་ཡོད་སྐོར་བསྒྲགས་བཞིན་ཡོད་པ་རེད།