ཨོ་སི་ཊོ་ལི་ཡ་ནས་རྒྱལ་ཁབ་གཞན་ལ་འགྲོ་བསྐྱོད་བྱེད་མཁན་དང་ཚུར་ཡོང་མཁན་སུ་ཡིན་རུང་ངེས་པར་དུ་ཏོག་དབྱིབས་འགོག་ཁབ་བདུན་ཕྲག་གཅིག་སྔོན་ནས་ཆ་ཚང་བརྒྱབ་ཚར་བའི་དཔངས་རྟགས་སྟོན་དགོས་ཀྱི་ཡོད་པ་དང་། འགོག་ཁབ་དེ་ཡང་ཨོ་སི་ཊོ་ལི་ཡའི་གསོ་དཔྱད་ཅ་དངོས་དོ་དམ་ལྷན་ཁང་ TGA ཡིས་དག་མཆན་སྤྲད་པའི་འགོག་ཁབ་རིགས་ཡིན་དགོས་ཀྱི་ཡོད་པ་རེད།
མ་ཚད་ཨོ་སོ་ཊི་ལི་ཡར་མ་འཕུར་སྔོན་ལ་དུས་ཡུན་ཉིན་གྲངས་ ༣ ནང་ཚུད་དུ་ཏོག་དབྱིབས་ན་ཚ་འགོས་ཡོད་མེད་བརྟག་དཔྱད་བྱས་ནས། ན་ཚ་འགོས་མེད་པའི་དཔངས་རྟགས་དགོས་ཀྱི་ཡོད་ཀྱང་ཕྲུ་གུ་ལོ་ན་ ༡༢ མན་རྣམས་རྒྱལ་ཁབ་ཕྱི་ནང་འགྲུལ་བཞུད་བྱེད་པར་ཆོག་མཆན་ཞུ་དགོས་ཀྱི་མེད་པ་རེད།
གོང་གི་སྒྲིག་གཞི་དེ་དག་གནས་སྐབས་ཀྱི་ཐོངས་མཆན་འཛིན་མཁན་ནང་ཏོག་དབྱིབས་འགོག་ཁབ་ཆ་ཚང་བརྒྱབ་ཚར་བའི་གྲས་དཔེར་ན་རྒྱལ་སྤྱིའི་སློབ་ཕྲུག་དང་། ཨོ་སི་ཊོ་ལི་ཡར་གནས་སྡོད་བྱེད་མཁན། ཡུལ་སྐོར་སྤྲོ་འཆམ་པ་བཅས་ཚུད་ཀྱི་ཡོད་པ་རེད།
ཡང་ན་ཚ་གཞན་འདྲ་མིན་གྱིས་རྐྱེན་པས་ཏོག་དབྱིབས་འགོག་ཁབ་བརྒྱབ་མི་རུང་བ་རྣམས་ལ་དཔང་རྟགས་ཡིག་ཆ་སྟོན་རྒྱུ་ཡོད་ཚེ་ཆོག་མཆན་ཞུ་མི་དགོས་པར་རྒྱལ་ཁབ་གཞན་ལ་ཕར་ཚུར་འགྲོ་བསྐྱོད་བྱེད་ཆོག
གལ་སྲིད་མི་སུ་ཞིག་གོང་གི་ཆ་རྐྱེན་དེ་དག་ལྡན་མེད་ཚེ་རྒྱལ་ཁབ་གཞན་ལ་འགྲོ་བསྐྱོད་བྱེད་པར་ངེས་པར་དུ་ཆོག་མཆན་ཞུ་དགོས་པ་དང་། གཞན་ཡང་ཨོ་སི་ཊོ་ལི་ཡར་འབྱོར་སྐབས་ཟུར་བཀག་བཀོད་སྒྲིག་དགོས་པ། ཟུར་བཀག་དེ་ཡང་ཨོ་སི་ཊོ་ལི་ཡའི་མངའ་སྡེ་དང་ས་ཁུལ་སོ་སོའི་སྒྲིག་གཞི་འགྲོ་ལུགས་གཞིར་བཟུང་ལག་བསྟར་བྱེད་དགོས་ཀྱི་ཡོད་པ་རེད།
ད་ལྟའི་ཆར་ཨོ་སི་ཊོ་ལི་ཡའི་གསོ་དཔྱད་ཅ་དངོས་དོ་དམ་ལྷན་ཁང་གིས་དག་མཆན་བཀོད་པའི་ཏོག་དབྱིབས་འགོག་ཁབ་ཁག་ནི།
- ཨ་སི་ཋར་ཛེ་ནེ་ཀ་ཝ་སི་ཛེ་ཝི་རཱ། AstraZeneca Vaxzevria
- ཨ་སི་ཋར་ཛེ་ནེ་ཀ་ཀོ་ཝེ་ཤལ་ཌི། AstraZeneca Covishield
- ཕི་ཛར། Pfizer/Biontech Comirnaty
- མོ་ཌེ་ན། Moderna Spikevax
- སེ་ནོ་ཝ་ཀ Sinovac Coronavac
- སེ་ནོ་པཱ་རམ། Sinopharm BBIBP-CorV (ལོ་ན་ ༡༨ ནས་ ༦༠ བར་ཁོ་ན་སྤྱོད་ཆོག)
- བྷ་ར་ཊི་བྷེའོ་ཆི། Bharat Biotech Covaxin.
- ཇོན་སོན། Johnson & Johnson/ Janssen-Cilag COVID Vaccine
བཅས་ཡིན་པ་དང་སྨན་ཁབ་དེ་དག་ཚང་མ་སྔ་ཕྱི་གཉིས་དབར་ཉུང་མཐར་དུས་ཡུན་བདུན་ཕྲག་གཉིས་རེ་འཇོག་དགོས་ཀྱི་ཡོད་པ་དང་། གལ་སྲིད་གོང་གི་འགོག་ཁབ་དེ་དག་གང་རུང་བརྒྱབ་མེད་ཚེ་གཞན་ཨོ་སི་ཊོ་ལི་ཡའི་ངོས་ནས་འགོག་ཁབ་ཆ་ཚང་བརྒྱབ་པར་ངོས་འཛིན་བྱེད་ཀྱི་མེད།
ཨོ་སི་ཊོ་ལི་ཡ་ནས་རྒྱལ་ཁབ་གཞན་པར་ཕར་འགྲོ་བའམ་ཚུར་ཡོང་མཁན་སུ་ཞིག་ཡིན་རུང་རྒྱལ་སྤྱིའི་ཏོག་དབྱིབས་འགོག་ཁབ་བརྒྱབ་པའི་ལག་འཁྱེར་ (ICVC) དེ་དཔང་རྟགས་སྟོན་དགོས་ཀྱི་ཡོད་པ་རེད། ལག་འཁྱེར་དེ་ཁྱེད་རང་གིས་ MyGov ཞེས་པའི་དྲ་ཚིགས་དེ་ནས་ཕབ་ལེན་བྱེད་ཆོག ཁྱེད་རང་གིས་ IVCV ལག་ཁྱེར་དེ་ངེས་པར་དུ་གནམ་ཐང་གི་ལས་བྱེད་པར་སྟོན་དགོས་ཀྱི་ཡོད།
ཨོ་སི་ཊོ་ལི་ཡ་ངོས་ནས་ཨོ་སི་ཊོ་ལི་ཡ་ནས་མ་ཐོན་སྔོན་ལ་བརྟག་དཔྱད་བྱེད་དགོས་པའི་དགོས་འདུན་འདོན་གྱི་མེད། འོན་ཀྱང་ཁྱེད་རང་འགྲུལ་བཞུད་བྱེད་སའི་ལུང་པ་དང་རྒྱལ་ཁབ་གཞན་དེ་ནས་ཁྱེད་རང་མ་ཡོང་སྔོན་ལ་བརྟག་དཔྱད་བྱེད་དགོས་པའི་དགོས་འདུན་འདོན་སྲིད་པས་ཞིབ་ཕྲ་གནས་ཚུལ་ Smartraveller ཞེས་པའི་དྲ་ཚིགས་དེ་དང་ཡང་ན་ཁྱེད་རང་འགྲུལ་བཞུད་བྱེད་སའི་རྒྱལ་ཁབ་དེའི་གཞུང་ཚབ་དང་དོན་གཅོད་ཐག་ཉེ་ཤོས་ཤིག་ལས་ཞིབ་འཇུག་བྱེད་དགོས་པ་ཡིན།
ཨོ་སི་ཊོ་ལི་ཡའི་མི་མ་ཡིན་པ་སུ་ཞིག་ཨོ་སི་ཊོ་ལི་ཡར་འགྲུལ་བཞུད་བྱེད་འདོད་ཡོད་ཚེ་ངོས་འཛིན་ཡོད་པའི་ཏོག་དབྱིབས་འགོག་ཁབ་ཆ་ཚང་བརྒྱབ་ཚར་ཡོད་རུང་ད་དུང་བཀའ་ཁྲོལ་ཞུ་དགོས་ཀྱི་ཡོད་པ་རེད།