རྒྱ་མཚོའི་འགྲམ་ཡིད་དུ་འོང་བའི་གནས་མཁར་གསར་ངོ་སྤྲོད།

ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་གྲགས་ཅན་སིཌ་ནིང་ནས་བར་ཐག་སྤྱི་ལེ་ ༡༦༩ ཙམ་གྱི་མཚམས་སུ་ཡོད་པའི་ Newcastle བོད་མིང་༼གནས་མཁར་གསར་༽ནི་རྒྱ་མཚོ་དང་བར་ཐག་ཤིན་ཏུ་ཉེ་བའི་ས་གནས་ཤིག་དང་ཁོར་ཡུག་མཛེས་ཤིང་། ཉིན་ལྟར་མཐའ་ཡས་པའི་རྒྱ་མཚོའི་རླབས་རིས་དང་དྭངས་གཙང་གི་མཁའ་རླུང་། ད་དུང་ཉ་མོའི་འཁྱུག་རྩལ་དང་གྲུ་གཟེངས་ཆེ་ཆུང་སྣ་ཚོགས་ལ་ལྟད་མོ་མིག་གི་ལོངས་སུ་སྤྱོད་རྒྱུ་ཡོད་པའི་ས་གནས་དེར། བོད་མི་མི་ཉུང་བ་ཞིག་ལོ་ངོ་བཅུ་ཕྲག་ལྷག་ཙམ་རིང་གནས་དེར་འཚོ་སྡོད་བྱས་ཡོད།

The view of Newcastle

གནས་མཁར་གསར་གྱི་མཛེས་ལྗོངས། Source: Choenyi Sangpo

ངས་འདིར་དེ་སྔོན་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་རྩོམ་པ་པོ་བློ་བཟང་ལུང་རྟོགས་ལགས་སུ་༼གནས་མཁར་གསར་༽ས་གནས་ཀྱི་ཐུན་མོངས་མ་ཡིན་པའི་ཁྱད་ཆོས་དང་། ཁུལ་དེར་གནས་སྡོད་བྱེད་མཁན་བོད་མིའི་འཚོ་བ་སོགས་ཀྱི་སྐོར་བཅར་འདྲི་ཞུས་ཡོད།

༡། རྒན་བློ་བཟང་ལུང་རྟོགས་ལགས་ཐོག་མ་དེར་ཁྱེད་རང་གནས་མཁར་གསར་ལ་འབྱོར་ནས་ལོ་ག་ཚོད་ཙམ་འགྲོ་བཞིན་ཡོད་པ་རེད། དེ་དང་ཆབས་ཅིག་ཁྱེད་རང་གི་སྐོར་ངོ་སྤྲོད་ཐུང་ཐུང་ཞིག་གནང་རོགས།
Tibetans in Newcastle
from left; Lobsang Lungtok (former President) Nutatali Nelmes (Mayor of Newcastle) Sharon Claydon (MP) Jane Gray (Rigpa Representative) Source: Lobsang Lungtok

ལན། གུས་པ་ནི་ཕྱི་ལོ་ ༢༠༡༤ ལོར་ས་གནས་འདིར་གནས་སྤོར་བྱས་པ་ཡིན་ལ། ས་གནས་འདིར་གནས་སྤོར་བྱེད་དོན་གཙོ་བོ་ནི་སྐབས་དེར་ཁང་གླ་དང་ཁང་པའི་རིན་གོང་ཆུང་ཆུང་ཡིན་པས་རེད། སྐབས་དེར་ས་གནས་འདིར་བོད་རིགས་ཁྱིམ་ཚང་ལྔ་དྲུག་ཙམ་མ་གཏོགས་མེད་པ་དང་། ཁོང་ཚོའི་རེ་འདོད་བཞིན་ལོ་གཅིག་ལྷག་གི་རིང་ས་གནས་བོད་རིགས་ཚོགས་པའི་དྲུང་ཆེ་བྱས་པ་ཡིན། ཕྱི་ལོ་༢༠༡༥ ལོར་ས་གནས་ཀྱི་ཚོགས་གཙོ་འོས་འདེམས་བྱུང་པ་དང་རིམ་བཞིན་ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོར་འོས་འདེམས་ཀྱིས་བོད་པའི་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་རྒྱུའི་སྐལ་བ་བཟང་པོ་བྱུང་།

༢། བོད་མི་ཐོག་མར་གནས་མཁར་གསར་ལ་ག་དུས་གཞིས་ཆགས་པ་རེད། ད་ལྟའི་ཆར་ས་གནས་དེར་གནས་སྡོད་བྱེད་མཁན་བོད་མི་ག་ཚོད་ཙམ་ཞིག་ཡོད་རེད་དམ།

ལན། ས་གནས་འདིར་ཕེབས་མཁན་ཐོག་མ་ནི་འདས་པོ་བསྟན་འཛིན་བློ་གྲོས་ཞུ་བ་ཁོང་ཡིན་ཞིང་། ཁོང་ནི་རྒྱ་གར་རྒྱལ་ཡོངས་ནང་ལྕགས་རྟ་ཞོན་ནས་བོད་དོན་ལས་འགུལ་སྤེལ་མཁན་ཐོག་མའི་གྲས་ཤིག་དང་བོད་མི་རིགས་བསྟན་སྲིད་ཆེད་ལྷག་བསམ་ཟོལ་མེད་གནང་མཁན་གྱི་མི་སྣ་ཞིག་རེད། ཁོང་ནི་ཕལ་ཆེར་ཕྱི་ལོ་ ༢༠༠༡ ལོ་ཙམ་ལ་གནས་འདིར་ཕེབས་ནས་བཟུང་རིམ་བཞིན་ཁྱིམ་ཚང་རེ་ཟུང་གནས་སྤོས་བྱས་པ་བརྒྱུད། ད་ལྟ་ཕྱི་ལོ་ ༢༠༢༡ ནང་ས་གནས་འདིར་བོད་རིགས་ཁྱིམ་ཚང་ ༤༠ ཙམ་དང་མི་གྲངས་ ༡༣༠ ལྷག་ཙམ་ཡོད། ས་གནས་བོད་རིགས་མཐུན་ཚོགས་ནི་ཕྱི་ལོ་ ༢༠༡༡ ལོར་གསར་འཛུགས་ཀྱིས་ས་གནས་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཡོད།

༣། གནས་མཁར་གསར་ས་གནས་དེར་ལ་ཁོར་ཡུག་གི་ཁྱད་ཆོས་དང་མཐུན་རྐྱེན་གྱི་ཁྱད་ཆོས་སོགས་གཙོ་བོར་ཁྱད་ཆོས་ག་རེ་ཡོད་པ་རེད་དམ།

ལན། སྤྱིར་བཏང་། ཨོ་གླིང་གི་ས་ཆ་གང་དུ་ཕྱིན་ན་ཡང་འཛུགས་སྐྲུན་སོགས་གང་ཅིའི་ཐད་ཆ་རྐྱེན་ཧ་ཅང་ལེགས་པོ་རེད། འོན་ཀྱང་། གནས་མཁར་གསར་ལ་མཚོན་ན་གནམ་གཤིས་དྲོད་གྲང་སྙོམས་པ་དང་། ཁོར་ཡུག་ཡོད་ཚད་རྒྱ་མཚོ་དང་ཤིང་ནགས་ཀྱིས་བསྐོར་ཡོད་པར་བརྟེན་གྲོང་ཁྱེར་ཆེ་ཁག་ལྟར་ཟིང་ཟིང་གི་འདུ་འཛི་དེ་ཙམ་མེད་ལ། སྲང་ལམ་རྣམས་ལ་རླངས་འཁོར་གྱི་འཚང་ཁ་དང་། བྲེལ་བྲེལ་འཚུབ་འཚུབ་ཀྱི་རྣམ་པ་དེ་ཙམ་མཐོང་རྒྱུ་མེད། དེ་བཞིན་རྒྱལ་སྤྱི་དང་རྒྱལ་ནང་ལ་འཕུར་སའི་གནམ་ཐང་དང་། གཙུག་ལག་སློབ་གྲྭ་ཆེན་མོ་སོགས་དང་། ལྷག་པར་དུ་ཕྲུ་གུ་རྣམས་ལ་ལུས་རྩལ་སྦྱོངས་སའི་གླིང་ཀ་མང་པོ་ཡོད། གཟའ་མཇུག་རྣམས་སུ་གླིང་ཀ་ཁག་གི་ནང་རྐང་རྕེད་སྤོ་ལོའམ། ལག་རྩེད་སྤོ་ལོ། དབྱུག་རྩེད་སྤོ་ལོ་སོགས་ལུས་རྩལ་རྩེད་མཁན་དང་ནང་མི་ཁེངས་པ་ལྟ་བུ་ཡིན།

༤། ས་གནས་དེར་འགྲིམ་འགྲུལ་གྱི་མཐུན་རྐྱེན་དང་ལས་ཀའི་གོ་སྐབས། འགྲོ་སོང་གི་གནས་བབས་གང་འདྲ་འདྲ་ཞིག་ཡོད་པ་རེད་དམ།

ལན། ས་གནས་འདིར་རང་ཉིད་ཀྱིས་རླངས་འཁོར་གཏོང་མ་ཐུབ་ན་སྤྱི་སྤྱོད་རླངས་འཁོར་གྱི་མཐུན་རྐྱེན་དེ་ཙམ་མེད། དེ་ཡང་གཙོ་བོ་སྤྱི་སྤྱོད་རླངས་འཁོར་བེད་སྤྱོད་གཏོང་མཁན་མེད་པས་རེད། འོན་ཀྱང་། གོང་དུ་ཞུས་པ་བཞིན་འདི་ནས་ས་གནས་སིག་ནེ་ལྟ་བུ་དང་གྲོང་ཁྱེར་གཞན་ལ་འགྲོ་དགོས་ན་གནམ་གྲུ་དང་མེ་འཁོར་གྱི་མཐུན་རྐྱེན་ཧ་ཅང་ཡག་པོ་ཡོད། སྤྱིར་བཏང་། ས་ཁུལ་འདི་ (REGIONAL) གྲོང་ཁྱེར་ཆེ་ཁག་མིན་པར་བརྟེན་ས་ཁྲལ་དང་ལམ་ལམ་ཁྲལ་སོགས་ཁྲལ་རིགས་དམའ་བོ་ཡིན་པས་འགྲོ་སོང་ཅུང་དམའ་བོ་ཡིན།

༥། གནས་མཁར་གསར་དང་དེའི་ཉེ་འགྲམ་དུ་གྲགས་ཅན་གྱི་ལྟེ་གནས་དང་། ཡུལ་སྐོར་སྤྲོ་འཆམ་གྱི་ས་ཚིགས་མཛེས་ལྗོངས་བཅས་ག་རེ་ག་རེ་ཡོད་མེད་ངོ་སྤྲོད་ཅིག་གནང་རོགས།

ལན། གནས་མཁར་གསར་ནི་རྒྱ་མཚོ་དང་མཚོ་མོས་སྐོར་བའི་ས་ཁུལ་ཅིག་ཡིན་པའི་མཚོ་ངོགས་ཧ་ཅང་མང་པོ་ཞིག་ཡོད་པ་དང་། ས་གནས་འདིའི་གཡས་གཡོན་ན་ལྟ་སྐོར་བ་ལ་ཧ་ཅང་མང་པོ་ཡོང་སའི་བྱེ་མའི་རི་བོ་དང་། ནེལ་སན་སྦེ་ཟེར་བའི་མཚོ་ངོགས་དང་། གྲུ་གཟིངས་ནང་ཕྱིན་ནས་ཉ་ཆེན་ཝེལ་དང་། ཉ་ཌོ་ཧྥན་བཅས་ལ་བལྟ་ས་བཅས་ཡོད་པར་མ་ཟད། ས་གནས་འདི་ཨོ་གླིང་གི་གནམ་དམག་གི་རྟེན་གཞི་ཆེན་པོ་ཞིག་ཡོད་པའི་གནམ་དམག་གི་སྟོབས་ཤུགས་མཁྱེན་འདོད་པ་རྣམས་ལ་གཟིགས་སྐོར་བྱེད་ས་སོགས་ཀྱང་ཡོད། དེ་ལས་གཞན་ཨོ་གླིང་གི་མི་རྣམས་སྦྲ་གུར་སྤྲོ་གསེང་ལ་འགྲོ་བའི་གོམས་སྲོལ་ཡོད་པ་ལྟར། སྦྲ་གུར་སྤྲོ་གསེང་ལ་འགྲོ་སའི་ས་ཆ་སྐྱིད་པོ་གང་མང་ཡོད། ལྷག་པར་དུ་ཕྱི་ཚོང་དངོས་ཟོག་དབོར་འདྲེན་བྱེད་པའི་གྲུ་གཟིངས་འབབ་ཚུགས་རྙིང་ཤོས་ཤིག་ཡོད་པ་དེར་ལོ་རེ་གྲུ་གཟིངས་ཆེན་པོ་བཞི་སྟོང་ལྷག་ཡར་འགྲོ་མར་ཡོང་བྱེད་ཀྱི་ཡོད།

༦། ས་གནས་དེར་ཡོད་པའི་བོད་མི་ཚོས་ལོ་གསར་གཙོས་པའི་བོད་པ་རང་གི་ཐུན་མོངས་མ་ཡིན་པའི་དུས་ཆེན་ཁག་སྲུང་བརྩི་གང་འདྲ་གནང་གི་ཡོད་དམ།

ལན། བོད་རིགས་ཚོགས་པ་སྤྱི་མཚུངས་ལྟར་ས་གནས་འདིར་བོད་ཀྱི་ལོ་གསར་དང་། གསུམ་བཅུ་དུས་དྲན། ༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར། མང་གཙོ་དུས་ཆེན། ཞི་བདེའི་གཟེངས་རྟགས་སོགས་འཆར་ཅན་སྲུང་བརྩི་བྱེད་བཞིན་པ་དང་། ད་དུང་མདའ་རྕེད་དང་། བོད་དོན་ཁྱབ་བསྒྲགས་ཆེད་ས་གནས་ཀྱི་དུས་སྟོན་ཁག་ལ་མཉམ་ཞུགས་གནང་གི་ཡོད། འདུ་འཛོམས་དེ་དག་གི་སྐབས་དབུས་གྲོས་ཚོགས་འཐུས་མི་དང་། གྲོང་ཁྱེར་སྤྱི་ཁྱབ་པ། ཚོགས་པ་ཁག་གི་དབུ་ལས་རྣམས་གདན་ཞུ་དང་། ས་གནས་ཀྱི་མི་མང་བཅས་ལ་བོད་ཀྱི་གནས་སྟངས་དང་ཐུན་མོང་མ་ཡིན་པའི་རིག་གཞུང་ངོ་སྤྲོད་བྱེད་ཀྱི་ཡོད།

༧། ས་གནས་དེའི་བོད་མི་ཚོས་བོད་ཀྱི་སྐད་ཡིག་རིག་གཞུང་ལ་དོ་སྣང་གང་འདྲ་གནང་གི་ཡོད་མེད་ངོ་སྤྲོད་ཅིག་གནང་རོགས།

ལན། བོད་རིགས་མཐུན་ཚོགས་འཛུགས་པའི་དམིགས་ཡུལ་གལ་ཆེན་པོ་གཉིས་ཡོད་པ་ལས། གཅིག་ནི་རང་དབང་མེད་པའི་བོད་མི་མང་གི་སྐུ་ཚབ་གནང་ཏེ་བོད་དོན་ཁྱབ་བསྒྲགས་བྱེད་རྒྱུ་དང་། གཉིས་པ་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་པ་གཞིར་བཟུང་། ས་གནས་འདིར་སྔོན་ཆད་ནས་བོད་རིགས་ཚོགས་པའི་སློབ་གྲྭ་ཞིག་ཡོད་པ་དེ་བཞིན་ད་ལྟ་འཛིན་སྐྱོང་དང་སློབ་མའི་གྲངས་འབོར་སོགས་གང་ཅིའི་ཐད་ཡར་རྒྱས་ལ་སོང་ཡོད་པ་དང་། དེའི་སྐོར་ལ་གསར་ཁང་ནས་དམིགས་བསལ་གྱི་ལེ་ཚན་ཞིག་བཟོས་ཏེ་འབྲེལ་ཡོད་རྣམས་པར་བཀའ་འདྲི་གནང་ན་ལེགས་པར་འདོད།

ལགས་སོ་རྒན་བློ་བཟང་ལུང་རྟོགས་ལགས་དུས་ཚོད་བཏོན་ནས་བཅར་འདྲིར་ལན་འདེབས་ཞིབ་ཕྲ་གནང་བར་ཐུགས་རྗེ་ཆེ་ཞུ།


Share

Published

Updated

By Sangyal Dorjee

Share this with family and friends


Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service
རྒྱ་མཚོའི་འགྲམ་ཡིད་དུ་འོང་བའི་གནས་མཁར་གསར་ངོ་སྤྲོད། | SBS Tibetan