དེ་ཡང་ཨོ་གླིང་སྐུ་ཚབ་དོན་གཅོད་ཀྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་ཕྱི་ཟླ་ ༡༡ པའི་ཚེས་ ༢༤ ཉིན་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝ་རན་ཨནས་ཊི་ཆི་མཆོག་གིས་ཕྱི་དྲིལ་བཀའ་བློན་ལ་བཏང་བའི་འཚམས་འཕྲིན་དེའི་ནང་། “ཁྱེད་རང་ཉེ་ཆར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དང་ཕྱི་འབྲེལ་ལས་ཁུངས་ཀྱི་བཀའ་བློན་བསྐོ་བཞག་གནང་བར་ང་རང་སྒེར་ངོས་ནས་ཁྱེད་ལ་འཚམས་འདྲི་ཡོད།”
“འདི་ནི་རླབས་ཆེན་གྱི་གྲུབ་འབྲས་ཤིག་དང་། ཁྱེད་རང་གི་འབད་བརྩོན་དང་། བཟོད་སྒོམ། འགྱུར་བ་མེད་པའི་བློས་གཏོང་ལ་ངོས་འཛིན་ཐོབ་པ་ཞིག་རེད་”ཅེས་གསུངས་འདུག
ད་དུང་ཁོང་གིས་“ང་རང་ཨོ་སི་ཊོ་ལི་ཡའི་ཆབ་སྲིད་ཚོགས་པ་ཚང་མའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཡིན་པའི་གོ་སྐབས་འདི་བཟུང་ནས་ཁྱེད་རང་གི་ལས་གནས་གསར་པ་དེར་ཧ་ཅང་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་དང་། ཨོ་སི་ཊོ་ལི་ཡའི་ཆབ་སྲིད་ཚོགས་པ་ཚང་མའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ངོས་ནས་བོད་ཀྱི་རང་དབང་སླར་གསོ་ཆེད་བོད་མི་ཚོས་འཚེ་བ་མེད་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཆ་ཚང་བྱེད་བཞིན་ཡོད་”ཅེས་གསུངས་འདུག
མཇུག་ཏུ་ཁོང་གིས་“གོ་མགྱོག་གོ་སྐབས་ཤིག་བྱུང་ཚེ་ང་རང་གི་ལྷག་བསམ་རྣམ་དག་ཐོག་ནས་ཁྱེད་རང་དང་དངོས་སུ་མཇལ་འདོད་ཡོད་”ཅེས་གསུངས་འདུག
ཨོ་སི་ཊོ་ལི་ཡའི་ཆབ་སྲིད་ཚོགས་པ་ཚང་མའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་ཕྱི་ལོ་ ༡༩༩༣ ལོར་གསར་འཛུགས་བྱས་པ་ཞིག་དང་། དེ་ཡང་གཙོ་བོར་བོད་མི་ཚོའི་གཞི་རྩའི་རང་དབང་དང་ཐོབ་ཐང་སྲུང་སྐྱོབ་དང་གོང་མཐོར་གཏོང་ཆེད་གསར་འཛུགས་བྱས་པ་ཞིག་ཆགས་ཡོད་པ་རེད།