NSW མངའ་སྡེའི་བློན་ཆེན་ལྕམ་གྷལ་ཌིས་ (Gladys Berejiklian) མཆོག་གིས་ཕྱི་ཟླ་ ༦ ཚེས་ ༡ ཉིན་ནས་ནེའུ་སོ་ཐི་ཝལ་མངའ་སྡེའི་དམ་བསྒྲགས་ཇི་ལྷོད་གཏོང་རྒྱུའི་གོམ་སྟབས་དེའི་ནང་ཟ་ཁང་དང་། འཚིག་ཇ་ཁང་། ཆང་ཁང་ངམ་མང་ཚོགས་འདུ་འཛོམས་ལྟེ་གནས་སུ་ཁྱོན་མི་གྲངས་ ༥༠ འདུ་འཛོམས་བྱེད་ཆོག་གི་ཡོད་པའི་གསལ་བསྒྲགས་གནང་ཡོད།
འོན་ཀྱང་མི་གྲངས་ ༡༠ ལས་མང་བས་མཉམ་དུ་ཞལ་ལག་མངག་ཆོག་གི་མེད་པ་དང་། མི་རེའི་དབར་སྡོད་ས་བར་ཐག་ས་ཁྱོན་རྨིད་གྲུ་བཞི་མ་ ༤ ཡོད་དགོས་པ། ཚང་མ་མར་བསྡད་དགོས་པ་ལས། སུ་ཞིག་ཀྱང་ཡར་ལངས་ནས་སྡོད་ཆོག་གི་མེད་པ་རེད།
མངའ་སྡེའི་སྲིད་བློན་གཞོན་པ་ཇོན་བྷར་ལཱ་རོ་ John Barilaro མཆོག་གིས་དམ་བསྒྲགས་ཇེ་ལྷོད་དེའི་ཐོག་ནས་མངའ་སྡེའི་ནང་ཚོང་ལས་ཡར་རྒྱས་འགྲོ་རྒྱུའི་རེ་བ་དང་། ང་ཚོས་མི་མང་རྣམས་མགྲོན་ཁང་དང་། ཟ་ཁང་། འཚིག་ཇ་ཁང་སོགས་ལ་འགྲོ་བར་མཐོང་འདོད་འདུག་ལ། ཚང་མ་ཟས་ཆང་ལ་རོལ་ནས། དུས་ཚོད་སྐྱིད་པོ་ཞིག་ཤར་རྒྱུའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས་འདུག
དེ་བཞིན་ཕྱི་ཟླ་ ༦ ཚེས་ ༡ ཉིན་ནས་ NSW མངའ་སྡེའི་ནང་གནས་སྡོད་བྱེད་མཁན་ཚང་མ་མངའ་སྡེ་ནང་ཁུལ་གང་སར་གུང་སེང་འགྲོ་བསྐྱོད་བྱེད་ཆོག མ་ཚད་དེ་ཉིན་ནས་བཟུང་རྒྱལ་ས་ཁན་བྷེ་རའི་ནང་གནས་སྡོད་བྱེད་མཁན་ཚོ་ NSW མངའ་སྡེའི་ནང་གུང་སེང་འགྲུལ་བཞུད་འགྲོ་འོངས་བྱེད་ཆོག
མངའ་སྡེ་བློན་ཆེན་མཆོག་གིས་འགུལ་བསྐྱོད་དེས་ཨོ་སི་ཊོ་ལི་ཡའི་དཔལ་འབྱོར་སླར་གསོ་དང་ལས་ཀ་མུ་མཐུད་གཉེར་ཐུབ་རྒྱུར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་སྐོར་དང་། སྤྱི་ཚོགས་རྒྱང་བཀྱེད་དང་། ནད་འགོག་འཕྲོད་བསྟེན་སྔར་ལྷག་དང་སྒྲིག་གཞི་མུ་མཐུད་བརྩི་སྲུང་བྱེད་དགོས་སྐོར་གསུངས་འདུག
གཞན་ཡང་ཕྱི་ཟླ་ ༥ ཚེས་ ༢༥ ཉིན་ནས་བཟུང་ནེའུ་སོ་ཐི་ཝལ་མངའ་སྡེའི་ནང་སློབ་གྲྭ་ཁག་གི་སློབ་ཕྲུག་ཚང་མ་སློབ་གྲྭར་དངོས་སུ་བསྐྱོད་དགོས་པའི་སྒྲིག་གཞི་གསལ་བསྒྲགས་བྱས་ཡོད་ཀྱང་། ཕྱི་ཚེས་ ༢༦ ཉིན་སིཌ་ནི་ཝ་བྷར་ལེ་མཐོ་སློབ་ Waverley College དང་མོ་རེ་ཝ་མཐོ་སློབ་ Moriah College གཉིས་ཀའི་ནང་སློབ་ཕྲུག་རེ་ལ་ཏོག་དབྱིབས་ནད་རྟགས་ཐོན་ཡོད་སྟབས། མཐོ་སློབ་དེ་གཉིས་ཀ་སླར་ཡང་སྒོ་རྒྱག་དགོས་བྱུང་ཡོད་པ་རེད།
ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༧ བར་འཛམ་གླིང་ཁྱོན་དུ་ཏོག་དབྱིབས་ནད་དུག་ཕོག་མཁན་ཁྱོན་ནད་པ་གྲངས་ ༥་༦༨༣་༨༠༢ དང་མི་གྲངས་ ༣༥༢་༢༠༠ འདས་གྲོངས་སུ་སོང་བ། ཁྱོན་མི་གྲངས་ ༢་༤༣༠་༥༢༨ དྲག་བསྐྱེད་བྱུང་ཡོད།
དེ་བཞིན་ཨོ་སི་ཊོ་ལི་ཡའི་ནང་ཁྱོན་ན་ཚ་ཕོག་པའི་མི་གྲངས་ ༧་༡༣༩ དང་། མི་གྲངས་ ༡༠༣ འདས་གྲོངས། ཁྱོན་མི་གྲངས་ ༦་༥༦༠ དྲག་བསྐྱེད། ད་ལྟའི་ཆར་ནད་པ་གྲངས་ ༤༧༦ ཁྱོན་མི་གྲངས་ ༡་༣༠༡་༢༦༩ བརྟག་དཔྱད་བྱས་པ་དང་། ཨོ་སི་ཊོ་ལི་ཡའི་ནང་ཁྱོན་མི་འབོར་གྲངས་ ༢༥་༤༧༠་༦༨༡ ཡོད་པ་རེད།
ཨོ་སི་ཊོ་ལི་ཡའི་ནང་ནད་འགོས་དོག་ཟོན་དང་། མི་གཉིས་དབར་བར་ཐག་རྨིད་ ༡་༥ བཞག་དགོས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་སྒྲིག་གཞི་མུ་མཐུད་ལག་བསྟར་གནང་དགོས་ཀྱི་ཡོད་པ་རེད།
འཛམ་གླིང་སྤྱིར་དང་ལྷག་པར་དུ་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་དུག་ཕོག་པའི་ནད་པའི་གྲངས་འབོར་སོགས་ཞིབ་ཕྲ་གནས་ཚུལ་ https://www.worldometers.info/coronavirus/ དྲ་ཐག་འདི་ནས་གཟིགས་ཐུབ།