ཨོ་སི་ཊོ་ལི་ཡའི་ནིའུ་སོ་ཐི་ཝལ་མངའ་སྡེའི་གྲོང་ཁྱེར་སིཌ་ནིང་ཁུལ་ལ་ཉེ་ཆར་ཕྱི་ཟླ་ ༦ པའི་ཟླ་མཇུག་ཏུ་ཏོག་དབྱིབས་ན་ཚ་ཐེངས་གཉིས་པ་དེ་ཁྱབ་རྗེས་སིཌ་ནིང་དང་དེའི་ཉེ་འཁོར་ས་གནས་ཁག་ཅིག་ལ་ཕྱི་ཟླ་ ༦ ཚེས་ ༢༦ ནས་ཕྱི་ཟླ་ ༧ ཚེས་ ༩ བར་བདུན་ཕྲག་གཉིས་ཁྱིམ་སྡོད་བཀའ་རྒྱ་བསྡམས་ཡོད་པ་དང་། ད་དུང་ན་ཚ་གསར་པ་མུ་མཐུད་ཐོན་བཞིན་པར་བརྟེན་སླར་ཡང་ཕྱི་ཟླ་ ༧ ཚེས་ ༣༠ བར་ཁྱིམ་སྡོད་བཀའ་རྒྱ་བསྡམས།
དེ་རིང་ཕྱི་ཟླ་ ༧ ཚེས་ ༢༨ ཉིན་ནིའུ་སོ་ཐི་ཝལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལྕམ་གྷ་ལི་ཌི་མཆོག་གིས་འདས་པའི་དུས་ཡུན་ཆུ་ཚོད་ ༢༤ ནང་ནད་པ་གསར་པ་གྲངས་ ༡༧༧ ཐོན་ཡོད་པར་བརྟེན་ཕྱི་ཟླ་ ༨ ཚེས་ ༢༨ བར་ཁྱོན་དུས་ཡུན་བདུན་ཕྲག་ ༤ རིང་ཁྱིམ་སྡོད་བཀའ་རྒྱ་མུ་མཐུད་བསྡམ་རྒྱུ་ཡིན་སྐོར་གསལ་བསྒྲགས་གནང་སོང་།
འོན་ཀྱང་ཉེ་ཆར་ཕྱི་ཟླ་ ༧ ཚེས་ ༢༤ རེས་གཟའ་སྤེན་པའི་ཉིན་སིཌ་ནིང་གྲོང་ཁྱེར་ལྟེ་བར་མི་མང་ཕོན་ཆེན་འདུ་འཛོམས་ཀྱིས་ཁ་རས་ཀྱང་མ་གྱོན་པར་ཁྱིམ་སྡོད་བཀའ་རྒྱ་ལ་ངོ་རྒོལ་ཤུགས་ཆེ་བྱས་ཡོད་པ་དང་། སྐབས་དེའི་ངོ་རྒོལ་ནང་མཉམ་ཞུགས་བྱེད་མཁན་ཁྱོན་མི་གྲངས་ ༡༥༠༠༠ ཙམ་ཡོད་སྐོར་དང་། ཉིན་དེར་ནིའུ་སོ་ཐི་ཝལ་མངའ་སྡེའི་ནང་ཁྱོན་ཏོག་དབྱིབས་ནད་པ་གསར་པ་མི་གྲངས་ ༡༦༣ ཐོན་ཡོད།
ངོ་རྒོལ་སྐབས་ཉེན་རྟོག་པ་དང་ངོ་རྒོལ་བ་དབར་འཁྲུག་འཛིང་ཤོར་བ་དང་། སྐབས་དེར་ཉེན་རྟོག་པས་ཁྱོན་ངོ་རྒོལ་བ་མི་གྲངས་ ༥༧ འཛིན་བཟུང་དང་། ཉེན་རྟོག་པ་ཁག་ཅིག་ལ་རྨས་སྐྱོན་ཕོག དེ་ཉིན་ངོ་རྒོལ་བ་མི་གཉིས་ཀྱིས་ཉེན་རྟོག་པའི་རྟ་ལ་ཁུར་ཚུག་སོགས་བཞུས་པས། མི་དེ་གཉིས་ལ་སེམས་ཅན་ལ་གདུག་རྩུབ་བྱས་པ་དང་། དྲག་རྒོལ་སྤེལ་བའི་ནག་ཉེས་ཕོག་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་འདུག
ངོ་རྒོལ་བ་དེ་ཚོའི་ལག་ནང་ཏུ་“ཁྱིམ་སྡོད་བཀའ་རྒྱ་ཡིས་ང་ཚོ་གསོད་ཀྱིན་འདུག་”ཟེར་བ་དང་། “ང་ཚོའི་ཚེ་སྲོག་ཛ་དྲག་མྱུར་སྐྱོབ་གནང་རོགས། ཨོ་སི་ཊོ་ལི་ཡ་ལ་རང་དབང་དགོས་” “ཁ་རས་མར་ལ་གཡུག་ནས་འབོད་སྒྲ་ཡར་ལ་སྒྲོགས་” སོགས་བྲིས་པའི་ཡི་གེ་དང་སྦྱར་ཡིག་འཕྱར་ཡོད་པ་རེད།
མངའ་སྡེའི་ནང་ཏོག་དབྱིབས་ན་ཚ་སླར་ཡང་འགོས་ཁྱབ་སྐབས་ཁྱིམ་སྡོད་བཀའ་རྒྱ་བསྡམས་ཡང་བཟའ་བཅའ་ཉོ་བ་དང་། འཕྲོད་བསྟེན། ལུས་སྦྱོང་། དམིགས་བསལ་ལས་ཀ དམིགས་བསལ་སློབ་སྦྱོང་བཅས་ཀྱི་ཆེད་དུ་ཕྱིར་ལ་འགྲོ་བསྐྱོད་བྱེད་ཆོག་གི་ཡོད་པ་རེད། མ་ཚད་དབུས་དང་མངའ་སྡེ་གཞུང་གིས་ཁྱིམ་སྡོད་བཀའ་རྒྱ་སྐབས་ལས་ཀ་ཤོར་ནས་དཔལ་འབྱོར་དང་འཚོ་བར་དཀའ་ངལ་འཕྲད་མཁན་མི་སྒེར་དང་ཚོང་ལས་ཁག་ལ་རོགས་དངུལ་སྤྲད་དང་སྤྲོད་མུས་ཡིན།
མངའ་སྡེའི་སྲིད་བློན་ལྕམ་གྷ་ལེ་ཌིས་མཆོག་གིས་སིཌ་ནིང་ཁྱིམ་སྡོད་བཀའ་རྒྱ་ལ་ངོ་རྒོལ་གྱིས་མི་སེར་གཞན་ལ་བརྩི་འཇོག་མི་བྱེད་པར་བློ་ཕམ་ཆེན་པོ་བྱུང་སྐོར་དང་། མི་གཞན་ལ་བརྩི་འཇོག་མི་བྱེད་མཁན་དེ་དག་ངེས་པར་དུ་ངོས་འཛིན་ཐུབ་པར་བྱེད་དགོས་སྐོར་གསུངས་འདུག
ནིའུ་སོ་ཐི་ཝལ་མངའ་སྡེའི་ཉེན་རྟོག་བློན་ཆེན་ David Elliott མཆོག་གིས་ངོ་རྒོལ་བྱས་མཁན་ཁྱོན་མི་གྲངས་ ༣༥༠༠ ཙམ་ངོ་རྟགས་ཆོད་ཡོད་སྐོར་གསལ་བསྒྲགས་བྱས་འདུག་པ་དང་། རེས་གཟའ་ཉི་མའི་ཉིན་ངོ་རྒོལ་ནང་ཞུགས་མཁན་མི་གྲངས་ ༦༣ གྱིས་ཁྲིམས་འགལ་གནད་དོན་ ༩༠ ཙམ་ལྷག་ཡོད་པའི་ངོས་འཛིན་བྱུང་ནས་ཆད་པ་བཅད་ཡོད་འདུག
ཁ་སང་ཕྱི་ཚེས་ ༢༧ ཉིན་དབྱིན་ཇིའི་ Guardian ཞེས་པའི་གསར་ཁང་དེས་ཨོ་སི་ཊོ་ལི་ཡའི་ཁྱིམ་སྡོད་བཀའ་རྒྱ་ལ་ངོ་རྒོལ་གྱི་ལས་འགུལ་དེའི་རྒྱབ་ལ་སུ་ཞིག་ཡོད་དམ་ཅེས་པའི་དཔྱད་བརྗོད་ཅིག་སྤེལ་འདུག་པ་དང་། དེའི་ནང་ཏོག་དབྱིབས་ནད་ཡམས་སྐབས་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཡོང་གི་ཡོད་པ་རྒྱུན་ལྡན་དང་དེ་ཡང་ཞི་བའི་ཐོག་ཡོང་གི་ཡོད་ཀྱང་། སིཌ་ནིང་ནང་གནས་ཚུལ་དེར་ངོ་རྒོལ་བྱེད་མཁན་དེ་ཚོས་དྲག་སྤྱོད་སྤེལ་རྒྱུ་སྔ་ས་ནས་གྲ་སྒྲིག་བྱས་འདུག་ཅེས་ཉེན་རྟོག་པས་འགྲེལ་བརྗོད་གནང་འདུག
རེས་གཟའ་སྤེན་པའི་སྔོན་ལ་ངོ་རྒོལ་བྱེད་དགོས་པའི་སྐད་ཆ་ངོ་དེབ་དང་། ཊེལ་གྷ་རམ། ཨིན་སི་ཏ་གྷ་རམ་སོགས་ཀྱི་ནང་ཁྱབ་བསྒྲགས་ཤུགས་ཆེ་བྱས་ཡོད་པ་དང་། གཞན་ཡང་འཇར་མན་ནང་བརྟེན་གཞི་བྱས་ཡོད་པ་གསལ་བའི་”གོ་ལའི་ཁྱོན་དུ་ལས་འགུལ་”ཟེར་བའི་ཚོགས་པ་ཞིག་གིས་ཀྱང་འཛམ་གླིང་གི་ས་གནས་གང་སར་དང་དེའི་ནང་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སྣ་ཚོགས་ཤིག་གི་ནང་ངོ་རྒོལ་ལ་རྒྱབ་སྐྱོར་འབྲེལ་མཐུད་བྱས་ཡོད་སྐོར་གསལ་འདུག
ཚོགས་པ་དེའི་ངོ་དེབ་ལ་རྗེས་འཇུག་བྱེད་མཁན་མི་གྲངས་ ༤༥༠༠༠ ཙམ་ཡོད་པ་དང་། ཊེལ་གྷ་རམ་ལ་རྒྱབ་སྐྱོར་བྱེད་མཁན་མི་གྲངས་ ༧༠༠༠༠ ཙམ་ཡོད་འདུག ཚོགས་པ་དེའི་ངོ་དེབ་ཤོག་ངོས་འཛིན་སྐྱོང་བྱེད་མཁན་འཇར་མན་པ་གཉིས་དང་། མི་སྣ་གསུམ་པ་ཞིག་དབྱིན་ཡུལ་ནས་ཡིན་པ་གསལ་ཡོད་འདུག
རྒྱུན་དུ་ཚོགས་པ་དེའི་ངོ་དེབ་དང་ཊིལ་གྷ་རམ་སོགས་ཀྱི་ནང་ཏོག་དབྱིབས་འགོག་ཁབ་ལ་ངོ་རྒོལ་དང་། ཏོག་དབྱིབས་ན་ཚ་སྐོར་དགག་གཞག་ཤུགས་ཆེ་སྤེལ་མཁན་ཞིག་ཡིན་འདུག
ཐེངས་འདིར་སིཌ་ནིང་ནང་ཁྱིམ་སྡོད་བཀའ་རྒྱ་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་དེའི་ཐད། ངོ་རྒོལ་དེ་ནི་རྒྱུ་མཚན་དང་ལྡན་པ་ཞིག་ཡིན་མིན་ཐད་སྤྱི་ཚོགས་ནང་བསམ་ཚུལ་དང་ལྟ་ཚུལ་སྣ་ཚོགས་ཤིག་ཡོང་གི་ཡོད་པ་རེད།