ཏོག་དབྱིབས་ནད་དུག་གིས་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་ནས་ཨོ་སི་ཊོ་ལི་ཡའི་མི་སེར་ཁག་ཅིག་གི་ལས་ཀ་ཤོར་ཡོད་རུང་། གཞན་རྣམས་མུ་མཐུད་རང་ཁྱིམ་ནས་ལས་ཀ་བྱེད་བཞིན་ཡོད་པ་རེད།
ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་བྷོན་དུ་བརྟེན་གཞི་བྱས་ཡོད་པའི་ཚོང་རྟགས་དང་ཁྲོམ་ར་ཆེད་མཁས་པ་སི་ཊི་ཕན་བྷར་(Stephanie Barr) ཁོ་མོ་ནང་ལ་བསྡད་ནས་དུས་ཚོད་ཆ་ཚང་ (Full-time) ལས་ཀ་བྱེད་ཐུབ་ཀྱི་ཡོད་པ་རེད། ཁོ་མོས་ང་ལ་ལས་ཁུངས་ཡོད་ཀྱང་སྔོན་མ་ནས་ནང་ནས་ལས་ཀ་བྱེད་བཞིན་ཡོད་ཅེས་ SBS གསར་ཁང་ལ་འགྲེལ་བརྗོད་གནང་འདུག
ཁྱེད་རང་གིས་ཐོབ་ཐང་ཕྱིར་རྩོད་ལེན་ག་རེ་བྱེད་ཆོག་གམ།
ཏོག་དབྱིབས་ནད་དུག་གིས་དཀའ་ངལ་སྤྲོད་བཞིན་པའི་སྐབས་འདིར་ལས་ཀ་བྱེད་མཁན་ས་ཡ་མང་པོས་རྗེས་མར་ནང་ནས་ལས་ཀ་བྱས་པའི་ཆུ་ཚོད་རེ་རེའི་ཁྲལ་དངུལ་བརྒྱ་ཆ་ ༨༠ ཕྱིར་རྩོད་ལེན་བྱེད་ཆོག འོན་ཀྱང་ད་དུང་ཐབས་ལམ་རྙིང་པ་དེ་ཡང་ཡོད་པ་ཡིན།
ཁྲལ་དངུལ་སྤྲོད་མཁན་ཚོས་ལས་ཀ་དང་འབྲེལ་བའི་འགྲོ་སོང་ཚང་མ་རྩིས་བརྒྱབ་ནས་དངུལ་འབོར་དེ་རྒྱུ་མཚན་ལྡན་པ་ཞིག་དགོས་པ་ཡིན།
ཆུ་ཚོད་རེའི་བརྒྱ་ཆ་ ༨༠ དེ་ནི་རྗེས་མ་འགྲོ་གྲོན་ཐོལ་པ་དེར་ཞུ་ཡི་ཡོད། འོན་ཀྱང་ལས་ཁུངས་ནང་ཅ་དངོས་རིན་ཐང་ཉམས་གུད་དང་། གློག་དང་གྲང་གློག ཚ་གློག་སོགས་ཀྱི་ཆེད་ཆུ་ཚོད་རེར་དེ་སྔོན་གཏན་འཁེལ་བྱས་པའི་བརྒྱ་ཆ་ ༥༢ དེ་ཡང་རྩོད་ལེན་བྱེད་ཆོག་གི་ཡོད་པ་རེད།
དཔྱ་ཁྲལ་ལས་ཁུངས་ཀྱིས་ཐབས་ཤེས་སྟབས་བདེ་གསར་པ་ཞིག་ནི་མ་འོངས་པར་ད་དུང་དྲ་ལམ་གྱི་རིན་པ་དང་། གཙང་བཟོའི་དངུལ་འཛིན་ཁག ལས་ཁུངས་ཀྱི་ཡོ་ཆས། ཁ་པར་འགྲོ་སོང་། གཞན་དག་འགྲོ་སོང་ཁག་ཚུད་ཡོད་འདུག
སྒྲིག་གཞི་གསར་པ་དེ་ཚོ་དུས་ཚོད་ག་དུས་ནས་བརྩི་དགོས་སམ།
ཨོ་སི་ཊོ་ལི་ཡའི་དཔྱ་ཁྲལ་ལས་ཁུངས་ཀྱི་འགན་འཛིན་ལས་རོགས་ཀཱ་རན་ཧྥོ་ཊི་ Karen Foat ལགས་ཀྱིས་སྟབས་བདེ་ཐབས་ལམ་དེ་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡ ནས་རྩིས་ལོ་མཐའ་མ་བར་གྱི་ཞུ་ཆོག་གི་ཡོད་པ་དང་། མི་མང་ཆེད་ང་ཚོར་སྟབས་བདེ་པོ་ཞིག་དགོས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་འདུག
ཏོག་དབྱིབས་ནད་དུག་གི་བཀག་བསྡོམས་སྐབས་ནང་ནས་ལས་ཀ་གྲུབ་འབྲས་ལྡན་པ་ཞིག་གང་འདྲ་བྱེད་དགོས།
མི་མང་པོ་ཞིག་ནང་ལ་བསྡད་ནས་ལས་ཀ་བྱེད་བཞིན་ཡོད། དེ་ནི་ང་ཚོར་བདམ་ག་མེད་པའི་གནས་སྟངས་ཤིག་དང་། དངུལ་གཉེར་ལས་རོགས་མེ་ཤལ་སུ་ཀར་ (Michael Sukkar) ལགས་ཀྱིས་གལ་སྲིད་ཨོ་སི་ཊོ་ལི་ཡ་གཞུང་གིས་ཏོག་དབྱིབས་ནད་དུག་ཁྱབ་བརྡལ་མི་འགྲོ་ཆེད་མི་རྣམས་མུ་མཐུད་ནང་ལ་བསྡད་ནས་ལས་ཀ་བྱེད་དགོས་པའི་སྐུལ་མ་གནང་ཚེ། སྐབས་བབས་ཀྱི་བཀོད་སྒྲིག་འདི་རྗེས་མའི་རྩིས་ལོ་བར་ཕར་འགྱང་བྱེད་སྲིད་སྐོར་འགྲེལ་བརྗོད་གནང་འདུག
གང་ཞིག་རྩོད་ལེན་བྱེད་མི་འོས།
དཔྱ་ཁྲལ་ལས་ཁུངས་ཀྱིས་ལས་ཀ་བྱེད་མཁན་རྣམས་ལ་གལ་སྲིད་ལས་ཀ་བྱེད་ས་ནས་ཅ་དངོས་མཁོ་སྤྲོད་བྱས་ཡོད་པའམ་ཅ་དངོས་དེར་དངུལ་འབབ་ཕྱིར་སློག་བྱེད་ཟིན་རིགས་དཔྱ་ཁྲལ་ནས་རྩོད་ལེན་བྱེད་མི་ཆོག ད་དུང་དཔེར་ན་ཀོ་ཕི་དང་། ཇ། སོགས་ལས་ཀ་བྱེད་སར་སྦྱིན་བདག་གིས་མཁོ་སྤྲོད་བྱས་ཟིན་པ་རིགས་རྩོད་ལེན་བྱེད་མི་ཆོག་པས་མ་ཚད། ཁྱེད་རང་གི་ཕྲུ་གུའི་ཤེས་ཡོན་ཆེད་འགྲོ་སོང་རྩོད་ལེན་བྱ་རྒྱུ་མེད་སྐོར་ལྕམ་ཧྥོ་ཊི་(Ms Foat) ལགས་ཀྱིས་འགྲེལ་བརྗོད་གནང་འདུག དེ་ཚོ་དཔྱ་ཁྲལ་ནས་རྩོད་ལེན་བྱེད་མི་ཆོག་གང་ཡིན་ཟེར་ན་དེ་ཚོ་ཁྱེད་རང་གིས་གླ་ཆ་ཡོང་འབབ་དང་འབྲེལ་བ་མེད་པ་རེད།
ངས་རྩོད་ལེན་ཇི་ལྟར་བྱེད་དགོས་སམ།
སུ་ཞིག་ནང་ལ་བསྡད་ནས་ལས་ཀ་བྱེད་བཞིན་ཡོད་ཚེ་འགྲོ་སོང་གི་རྩིས་ཁྲ་ཐོ་འགོད་བྱེད་ནས་ཉར་དགོས་པ་ཡིན།
སྙན་ཞུ་དེ་བཞིན་སོ་སོའི་ཁྲལ་དངུལ་སྤྱིར་སློག་སྐབས་དྲ་ཐོག་ནས་ཕྱི་ཟླ་ ༦ པའི་ཚེས་ ༡ ནས་ཕྱི་ཟླ་ ༡༠ པ་བར་ཡིན་ཞིང་། གལ་སྲིད་ཐབས་ལམ་གསར་པ་དེ་སྤྱད་ཚེ་ངེས་པར་དུ་ཏོག་དབྱིབས་ནད་དུག་སྐབས་ཀྱི་ཆུ་ཚོད་གྲངས་ཀ་འགྲེལ་བརྗོད་བྱེད་དགོས་པ་ཡིན།
ཨོ་སི་ཊོ་ལི་ཡའི་ནང་མི་རྣམས་ངེས་པར་དུ་མི་གཞན་དང་བར་ཐག་རྨིད་ ༡།༥ བཞག་དགོས་ཤིང་། ནང་མི་གཅིག་ཡང་ན་ནང་གཅིག་ནང་མཉམ་སྡོད་བྱེད་མཁན་མ་གཏོགས་མི་གཉིས་ལས་མང་བ་འདུ་འཛོམས་བྱེད་མི་ཆོག་པའི་ཚད་བཀག་བཟོས་ཡོད།
གལ་སྲིད་ཁྱེད་རང་ལ་ཏོག་དབྱིབས་ནད་འབུ་འགོས་ཡོད་སྲིད་བསམས་ཚེ་སྨན་པར་ཁ་པར་བཏང་བ་ལས་ཁ་ཐུག་སྨན་པ་རྩར་འགྲོ་མི་རུང་། ཡང་ན་རྒྱལ་ཡོངས་ཏོག་དབྱིབས་ནད་དུག་འཕྲོད་བསྟེན་གནས་ཚུལ་མཁོ་སྤྲོད་ཛ་དྲག་འབྲེལ་གཏུགས་ཨང་གྲངས་ 1800 020 080 ཐོག་ནས་འབྲེལ་བ་བྱེད་དགོས་པ་ཡིན། གལ་སྲིད་ཁྱེད་རང་དབུ་གཏོང་ལེན་ལ་དཀའ་ངལ་དང་ན་ཚའི་གནས་ཚུལ་ཛ་དྲག་ཆགས་ཡོད་ཚེ་ཁ་པར་ཨང་གྲངས་ 000 ཐོག་ལ་བཏང་དགོས་པ་ཡིན།
SBS གསར་ཁང་གིས་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་དུག་གི་འཕེལ་རིམ་སྐོར་གནས་ཚུལ་གསར་ཤོས་མཁོ་སྤྲོད་བྱེད་བཞིན་ཡོད། ཏོག་དབྱིབས་ནད་དུག་སྐོར་གསར་འགྱུར་དང་གནས་ཚུལ་ཁག་དྲ་ཚིགས་ sbs.com.au/coronavirus ཐོག་སྐད་ཡིག་ ༦༣ ནང་ཡོད་པ་ཡིན།