དེ་སྔོན་སིཌ་ནིང་བོད་རིགས་མཐུན་ཚོགས་སྐབས་ ༡༦ པ་དང་སྐུ་ཚབ་དོན་གཅོད་དབར་རྙོག་གླེང་ཞིག་གིས་རྐྱེན་པས་ཞི་བདེའི་གཟེངས་རྟགས་སྲུང་བརྩི་ཁག་གཉིས་ཞུས་དགོས་འཁེལ་བ་སོགས་རྩོད་རྙོག་སྣ་ཚོགས་ཤིག་ཆགས་པ་དང་། དེ་ནས་བཟུང་སྐུ་ཚབ་དོན་གཅོད་དང་སིཌ་ནིང་བོད་རིགས་མཐུན་ཚོགས་གཉིས་དབར་གཞུང་འབྲེལ་འབྲེལ་བ་མེད་པར་གྱུར། བར་དེར་སྐུ་ཚབ་དོན་གཅོད་ལ་རྒྱབ་སྐྱོར་ཞུ་མཁན་སིཌ་ནིང་བོད་རིགས་དང་བླངས་མི་མང་ཞེས་པའི་ཚོ་ཁག་ཞིག་ཐོན་ནས་ད་བར་སིཌ་ནིང་བོད་རིགས་མཐུན་ཚོགས་ཀྱིས་གོ་སྒྲིག་གནང་བའི་ལོ་གསར་དང་། འཁྲུངས་སྐར་དུས་ཆེན། ཞི་བདེ་གཟེངས་རྟགས་མཛད་སྒོ་སོགས་ལས་འགུལ་གང་ཡང་རུང་བར་མཉམ་ཞུགས་བྱས་མེད་པས་མ་ཚད་ཚོགས་དངུལ་ཡང་སྤྲད་མེད།
སྤྱིར་སིཌ་ནིང་བོད་རིགས་མཐུན་ཚོགས་ཀྱིས་ཕྱི་ཟླ་ ༡༠ ཚེས་ ༡༦ ཉིན་སྤེལ་བའི་གསལ་བསྒྲགས་ལྟར་ན། འོས་བསྡུའི་ཆ་ཤས་ལེན་རྒྱུར་སྒྲིག་གཞིའི་དགོངས་དོན་བཞིན་དང་བླངས་དཔྱ་དངུལ་དང་ཚོགས་དངུལ་ཆད་མེད་ཕུལ་ཟིན་པ་དགོས་ཀྱི་ཡོད་འདུག
སིཌ་ནིང་བོད་རིགས་མཐུན་ཚོགས་ཀྱི་རྩོད་རྙོག་སྐོར་སྤྱི་འཐུས་ལྷན་ཚོགས་ནང་ལ་ཡང་གླེང་སློང་དང་། སྐབས་དེར་སྲིད་སྐྱོང་ཟུར་པས་སིཌ་ནིང་བོད་རིགས་མཐུན་ཚོགས་དང་འབྲེལ་བའི་དཀའ་ངལ་དེ་འགྲིག་འཇག་ཡོང་ཐབས་བྱས་ཀྱང་གྲུབ་འབྲས་ཐོན་མེད་སྐོར་གསལ་བཤད་བྱས་ཡོད།
དེ་སྔོན་སིཌ་ནིང་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་འོས་བསྡུ་དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ས་གནས་འོས་བསྡུ་ཚོགས་ཆུང་ནས་གནང་སྲོལ་ཞིག་ཡོད་འདུག་ཀྱང་། འདི་ལོར་ཁོང་ཚོས་དཀའ་ངལ་དང་གནས་ཚུལ་སྣ་ཚོགས་ཤིག་བརྗོད་ནས་འགན་འཁུར་གནང་རྒྱུ་མིན་སྐོར་བརྗོད་རྗེས། ཨོ་གླིང་སྐུ་ཚབ་དོན་གཅོད་ནས་ཨོ་གླིང་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་དང་། སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ། ཁེན་བྷེ་ར་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་འོས་བསྡུ་ཚོགས་ཆུང་ལ་བསྐོ་འཛུགས་ཀྱིས་ཕྱི་ཟླ་ ༡༡ ཚེས་ ༡༣ ཉིན་སིཌ་ནིང་བོད་རིགས་མཐུན་ཚོགས་ཀྱི་སྐབས་ ༡༧ པའི་རྒྱུན་ལས་འོས་བསྡུ་བྱས།
འོན་ཀྱང་སིཌ་ནིང་བོད་རིགས་དང་བླངས་མི་མང་དང་སྐུ་ཚབ་དོན་གཅོད་གཉིས་དབར་ཉེ་ཆར་ཡིག་འབྲེལ་ལྟར་ན། སིཌ་ནིང་བོད་རིགས་དང་བླངས་མི་མང་ཚོ་ཁག་གིས་ད་དུང་ཡང་ནང་ཁུལ་ཞི་འགྲིགས་ཡོང་ཐབས་བྱེད་ཀྱི་ཡོད་པ་མ་མཐོང་བས་ད་ཐེངས་ཀྱི་འོས་བསྡུ་དེ་ལ་ཡང་མོས་མཐུན་མེད་སྐོར་བརྗོད་འདུག ཐེངས་འདིའི་འོས་བསྡུ་ནང་སིཌ་ནིང་བོད་རིགས་མཐུན་ཚོགས་སྐབས་ ༡༦ པའི་རྒྱུན་ལས་ཁག་ཅིག་སླར་ཡང་འོས་ཐོབ་ཡོད་པ་རེད།
སིཌ་ནིང་བོད་རིགས་མཐུན་ཚོགས་སྐབས་ ༡༦ པའི་སྐབས་སྐུ་ཚབ་དོན་གཅོད་རྙིང་པ་དང་གཞུང་འབྲེལ་འབྲེལ་བ་མེད་པ་ཆགས་རྗེས། ད་ལྟ་ཨོ་གླིང་སྐུ་ཚབ་དོན་གཅོད་གསར་པས་ཀྱང་སྐབས་ ༡༦ པའི་སིཌ་ནིང་བོད་རིགས་མཐུན་ཚོགས་ཐད་དོན་གཅོད་རྙིང་པའི་སྲིད་ཇུས་མུ་མཐུད་བཟུང་ཡོད་སྐོར་བརྗོད་ཡོད། འོན་ཀྱང་ད་ཐེངས་སྐབས་ ༡༧ པའི་སིཌ་ནིང་བོད་རིགས་མཐུན་ཚོགས་ཀྱི་འོས་བསྡུ་འདི་བཞིན་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱིས་གཙོ་འགན་འཁུར་ནས་འོས་བསྡུ་བྱས་ཡོད་པ་རེད།