དབྱར་ཁ་རི་སྟེང་ནས་མར་བལྟས་ཚེ་ཚང་ཚིང་གི་ལྗོན་ཤིན་སྣ་ཚོགས་ནི་གཡུའི་རྒྱ་མཚོ་འཁྱིལ་བ་ལྟ་བུ་ལ་མཚམས་རེར་སྨུག་སྤྲིན་དཀར་པོ་ལང་ལོང་དུ་འཕྱུར་དུས། ཐང་ག་དང་ནུབ་ཕྱོགས་སུ་བསྐྱོད་པའི་རྣམ་ཐར་ནང་ལྷ་ཡུལ་གྱི་རྣམ་པ་དེ་དང་མཚུངས། རི་དྭགས་སེམས་ཅན་མང་པོ་རྒྱུན་དུ་བག་ཡངས་སུ་རྒྱུ་བཞིན། བྱ་བྱིའུའི་གསུང་སྐད་སྣ་ཚོགས་ནི་དྲི་ཟའི་གླིང་བུ་གཏོང་བ་དང་གཉིས་སུ་མ་མཆིས།

དཔྱིད་ཀ་མེ་ཏོག་ལ་ལྟ་བའི་དུས་ཆེན་སྐབས། རི་བོ་ཡོངས་སུ་མེ་ཏོག་གི་ཁེངས་ཤིང་ལམ་གྱི་གཡས་གཡོན་དུ་མེ་ཏོག་སྣ་ཚོགས་ཁྲ་ལམ་མེར་བཞད་སྐབས། ལེ་དབར་བརྒྱ་ཕྲ་ཁ་ཤས་ནས་འགྲུལ་པ་སྟོང་ཕྲག་མང་པོ་ཆེད་དུ་མེ་ཏོག་ལ་བལྟ་བར་ཡོང་གི་ཡོད་པ་དང་། བསིལ་རླུང་དལ་བུར་ལྡང་བ་དང་ཚོན་མདོག་སྣ་ཚོགས་ཅན་གྱི་མེ་ཏོག་གི་འདབ་མ་རྣམས་རླུང་གིས་བསྐྱོད་དུས། ཕྱོགས་གང་ས་ནས་པར་ཆས་ཀྱི་ཚགས་སྒྲ་ལྷང་ལྷང་གྲགས་ཞིང་། རླངས་འཁོར་ནས་འབབ་མ་ཐག་པའི་འགྲུལ་པ་རྣམས་ཡིད་དུ་འོངས་བའི་ཁོར་ཡུག་དེ་མཐོང་དུས་ལུས་སེམས་ཀྱི་ངལ་དུབ་སངས་ཅིང་གློ་བུར་གདོང་ལ་འཛུམ་གྱིས་ཁེངས། བྱིས་པ་དང་ཕྱེ་མ་ལེབ་རྣམས་ནི་མེ་ཏོག་གི་འདབ་མ་ལྷན་དུ་དགའ་བའི་ཞབས་བྲོ་འཁྲབ་བཞིན་ཡོད།

སྟོན་ཁ་ཤིང་སྡོང་རྣམས་ཀྱི་ལོ་མའི་ཚོན་མདོག་སྣ་ཚོགས་ས་ལ་ལྷུང་དུས་ཀྱང་རྒྱ་ལམ་དང་རི་བོ་རྣམས་མཛེས་རྒྱན་སྤྲས་པ་དང་འདྲ་ཞིང་། སྐབས་དེར་ཡང་སྙན་ངག་པ་དང་པར་པ་རྣམས་ལ་གོ་སྐབས་བཟང་པོ་ཞིག་ཡིན། ད་དུང་སྟོན་དུས་སུ་ཀུ་ཤུ་དང་། ཚ་ལུ་མ། ཁམ་བུ་སོགས་ཞིམ་མངར་ལྡན་པའི་ཤིང་ཐོག་སྣ་ཚོགས་རང་ཉིད་ཀྱིས་དངོས་སུ་བཀོག་རྒྱུ་ཡོད། ཐག་རིང་ནས་ཆེད་དུ་ཤིང་ཐོག་བཀོག་པར་ཡོང་མཁན་ཡང་ཉུང་ཉུང་མིན།

དགུན་དུས་སུ་མཚམས་རེ་ཁ་བ་ཐེངས་འགར་འབབ་ཀྱི་ཡོད། རི་བོ་ཡོངས་སུ་ཁ་བས་གཡོག་དུས། ལོ་ངོ་བཅུ་ཕྲག་མང་པོ་ཁ་བ་འབབ་མྱོངས་མེད་ས་ནས་མི་མང་པོ་ཞིག་ཆེད་དུ་གངས་རྩེད་རྩེ་བར་ཡོང་གི་ཡོད། ཁ་བ་ལ་དུང་ཞེན་ཆེ་བའི་བོད་མི་མགོ་ནག་མང་པོ་ཞིག་ཀྱང་ས་འདིར་ཡོང་ནས་འདྲ་པར་དྲ་ཐོག་ཏུ་འཇོག་རྒྱུར་བྲེལ་ཚུགས་ཆེ།

ད་དུང་རིང་སྔོན་པོ་སྟེང་གྲགས་ཆེ་བའི་རི་བོ་བུ་མོ་སྤུན་གསུམ་ (Three Sisters ) ཡོད་ཅིང་། བུ་མོ་སྤུན་གསུམ་ནི་རི་སྔོན་པོའི་མཚོན་དོན་ཡིན། ཉིན་ལྟར་བུ་མོ་སྤུན་གསུམ་ལ་བལྟ་བར་ཡོང་མཁན་འགྲུལ་པ་སྟོང་ཕྲག་མང་པོ་ཡོད་པ་དང་། བུ་མོ་སྤུན་གསུམ་ལ་གནས་འདི་ཆགས་རིམ་གྱི་ལོ་ངོ་ས་ཡ་ ༢༠༠ ཙམ་གྱི་ལོ་རྒྱུས་ཡོད་སྐོར་དང་། བུ་མོ་སྤུན་གསུམ་སྐོར་ས་གནས་ཀྱི་ཡུལ་མི་རྣམས་ལ་ཉན་པར་སྤྲོ་བའི་བརྩེ་དུང་གི་ལོ་རྒྱུས་དང་མཚོན་དོན་མང་པོ་ཞིག་ཀྱང་བཤད་རྒྱུ་འདུག
ཉེ་ཆར་གསུམ་ཅུའི་དུས་དྲན་ཉིན་ཨོ་གླིང་རི་སྔོན་པོའི་བོད་མི་ཚོས་སྐད་བཏང་བར་ལྟར་ SBS བོད་སྐད་སྡེ་ཚན་གྱི་གསར་འགོད་པའི་མིང་འཁུར་ནས་རི་སྔོན་པོར་སོང་། མཛད་སྒོར་གྲུབ་རྗེས་རྩོམ་པ་པོ་ཤེལ་དགེ་ལགས་ཀྱིས་ང་ཚོ་མཉམ་དུ་ཁ་ལག་བཟའ་བར་འགྲོ་ཟེར། ངས་རེད་རེད་བོད་པའི་ཟ་ཁང་ལ་འགྲོ་ཞུས་པ་ཡིན། ས་འཛིན་ངེད་གསུམ་བོད་ཀྱི་ཐབ་ཚང་ལ་སོང་། དུས་ཆད་ལྟར་རྩོམ་པ་པོ་ནག་ཤོད་ཅོང་བརྡ་སྔ་ས་ནས་དེར་སྒུག་ནས་བསྡད་འདུག
རི་སྔོན་པོ་འདིར་བོད་མི་ཉུང་ཤས་ལས་མེད་ཀྱང་བོད་པ་རང་ཉིད་ཀྱི་ཟ་ཁང་དང་། འཚིག་ཇ་ཁང་། ཚོང་ཁང་བཅས་ཡོད་པ་ནི་དགའ་འོས་པ་དང་སྤོབས་པ་སྐྱེ་འོས་པ་ཞིག་རེད། ལྷག་པར་དུས་དྲན་སྲུང་བརྩི་ཚར་དུས་བོད་པ་རང་ཉིད་ཀྱི་ཟ་ཁང་ཞིག་ལ་ཁ་ཐུག་འགྲོ་ས་ཡོད་པ་དེ་ཡང་ལུང་པ་འདིའི་ནང་མཚོན་ན་དམིགས་བསལ་གཟི་བརྗིད་ཅིག་ཆགས་ཡོད།
ཟ་ཁང་གི་སྒོ་བྱང་བོད་ཡིག་ཅན་དེ་མཐོང་དུས་སེམས་མེད་བེམ་པོ་དེ་ལ་ཡང་སེམས་ཐག་ཉེ་པོ་ཞིག་དང་། ཟ་ཁང་ནང་ལས་ཀ་བྱེད་མཁན་དང་ཁ་ལག་སྐྱེལ་མཁན་ཡ་རབས་བོད་པའི་བུ་མོ་ཁ་ཤས་ཤིག་འདུག་པས། དབྱིན་སྐད་ཁྱར་ཁྱོར་དེ་ཨེ་འཁྱོངས་བལྟ་མི་དགོས་དུས། དེ་ཡང་སྟབས་བདེ་མོ་དང་སེམས་ལྷོད་པོ་ཞིག་བྱུང་སོང་།
ངེད་བཞི་པོས་ཤ་མོག་ཟ་ཞོར་དང་འཐེན་ཐུག་འཐུང་ཞོར་མི་རིང་བར་སིཌ་ནི་རུ་འཚོག་ལ་ཉེ་བའི་ཨོ་གླིང་ན་གཞོན་རྩེད་རིགས་འགྲན་བསྡུར་ནས། བོད་མིའི་འོས་བསྡུ་དང་། རི་སྔོན་པོ་བོད་མིའི་འཚོ་བ་སོགས་ཀྱི་སྐོར་བརྗོད་གཞི་འདྲ་མིན་ཐོག་ཅི་འགྲོས་མི་འགྲོས་གླེང་མོལ་བྱས། རྩོམ་པ་པོ་ན་ཤོད་ཅོང་བརྡ་ལགས་ཀྱིས་”རི་སྔོན་པོ་འདི་ཨོ་སི་ཊོ་ལི་ཡའི་ས་གནས་གཞན་དང་མི་འདྲ་བར་དུས་ཚིགས་བཞི་པོའི་འགྱུར་བ་མངོན་གསལ་དོད་པོ་ཡོད་པས་མ་ཚད། གནམ་གཤིས་དྲོ་གྲང་གི་ཆ་ནས་བོད་ནས་ཡོང་བའི་བོད་མི་རྣམས་ལ་འཕྲོད་པོ་ཡོད་པ་དང་། བོད་མི་ཚང་མའི་འཚོ་བའི་གནས་སྟངས་གང་ལེགས་ཡོད་པ། བོད་མི་ནང་ཁུལ་ཆོལ་ཁ་ཆོས་ལུགས་ཀྱི་རྩོད་གླེང་མེད་ཅིང་། ས་གནས་ཡུལ་མི་ཕལ་ཆེར་བ་ཀུན་སྤྱོད་ལེགས་ཤིང་ལྷག་པར་དུ་བོད་མི་རྣམས་ལ་ལྟ་སྟངས་གང་ལེགས་ཡོད་”སྐོར་གླེང་།

འབྲི་ས་འཛིན་ལགས་ཀྱིས་”བོད་ཀྱི་རྒྱལ་དར་དེ་ལོ་ལྟར་གསུམ་བཅུའི་དུས་དྲན་ཉིན་ས་གནས་གྲོང་སྡེ་ལྷན་ཁང་མདུན་གཞུང་འབྲེལ་ཐོག་སྒྲེང་འཛུགས་དགོས་པའི་ཞུ་གཏུགས་སྐབས། ལོ་དེར་ས་གནས་གྲོང་སྡེ་ལྷན་ཁང་གི་འཐུས་མི་ལྷན་ཚོགས་ཐོག་གྲོས་འཆར་གལ་ཆེན་གསུམ་གྱི་ནང་གཅིག་ཆགས་ཡོད་པ་དང་། གྲོས་འཆར་གཞན་གཉིས་ནི་རི་སྔོན་པོར་གནམ་ཐང་རྒྱག་དགོས་མིན་དང་། བུ་མོ་སྤུན་གསུམ་འགྲམ་བར་མོ་ཊ་འགྲོ་འོག་འགོག་དགོས་མིན་གཉིས་ཡིན་ཡང་གྲོས་འཆར་གཞན་གཉིས་ཀ་ལམ་ལྷོང་མ་བྱུང་ཡང་། བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཐད་ས་གནས་བོད་མི་རྣམས་ཀྱིས་ཞུ་གཏུགས་འབད་བརྩོན་རིམ་པར་བྱས་རྗེས། གྲོས་ཚོགས་འཐུས་མིའི་མང་མོས་རྒྱབ་སྐྱོར་འོག རྒྱལ་དར་སྒྲེང་འཛུགས་དེ་གྲོས་ཆོད་ཀྱི་ལམ་ནས་གཏན་འབེབས་བྱས་ཐུབ་ཡོད་”སྐོར་གླེང་།
བར་དེར་རྩོམ་པ་པོ་ཤེལ་དགེ་ལགས་ཀྱིས་འདི་ལོར་སིཌ་ནི་བོད་རིགས་ན་གཞོན་རྩེད་རིགས་འགྲན་བསྡུར་སྐབས། མི་ཚེ་ལས་ཀྱང་ཚར་རྒྱུ་མེད་པའི་ལས་ཀ་དེ་རྒྱབ་ལ་གཡུག་ནས་ན་གཞོན་ལག་རྩེད་སྤོ་ལོ་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་ཟེར། ང་ཡང་མཉམ་དུ་ཤོག་ཟེར། ངས་མི་ཡོང་བྱས། ཁྱེད་ཚོ་ཕོ་གསར་ཚོ་མཉམ་དུ་ང་རྒྱུག་ཐུབ་ས་མ་རེད་ཅེས་ཞུས།
རི་སྔོན་པོ་འདིར་ཕྱི་ལོ་ ༢༠༡༥ ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆེད་དུ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་མྱོངས་ཡོད། སྐབས་དེར་ཨོ་གླིང་གནས་སྡོད་བོད་མི་ཚོས་གང་ཉིད་ལ་མི་རིགས་ཀྱི་མཚན་ཤས་སུ་མི་འགྲོ་བའི་བླང་དོར་མཇུག་སྒོའི་ལམ་སྟོན་ཁག་ལ་བསམ་སྦྱོར་གཉིས་ནས་དུས་ནམ་ཡང་མི་འགལ་བའི་ཡང་དག་པའི་སྤང་བླང་གི་ཁས་ལེན་”དམ་བཅའ་སྙིང་གི་ནོར་བུ་”འབུལ་སའི་གནས་རྩ་ཆེན་དེ་ཆགས་ཡོད། ས་གནས་འདིའི་ཡུལ་མི་རྣམས་ཀྱིས་ཀྱང་ནང་པའི་ཆོས་དང་བོད་ཀྱི་རིག་གཞུང་ནི་ཁོང་ཚོའི་སེམས་ཀྱི་ཁམས་དང་གང་འཚམ་འཕྲོད་པོ་དང་ཉིན་རེའི་འཚོ་བའི་ཆ་ཤས་ནང་ལའང་ཕན་ཐོགས་ཅུང་ཟད་རེ་ཡོད་པའི་ངོས་འཛིན་བྱེད་མཁན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་འདུག

དེ་ལྟར་བུའི་རྩ་ཆེ་བ་དང་ཡིད་དུ་འོངས་བའི་གནས་དེ་ལ་བོད་མི་བརྒྱ་མ་ཟིན་ཙམ་ཤིག་གིས་འཚོ་བ་རོལ་བཞིན་ཡོད་ཅིང་། ཁོང་ཚོ་རང་རང་སོ་སོའི་དགའ་མོས་དང་འཇོན་ཐང་ལ་དཔག་པའི་ལས་རིགས་སྣ་ཚོགས་ཤིག་གཉེར་བཞིན་འདུག་ལ། ས་གནས་གཞན་དང་བསྡུར་ན་གནས་འདིར་སྡོད་མཁན་བོད་མིའི་གྲངས་འབོར་དེ་ཙམ་མང་པོ་ཞིག་མིན་ཡང་། བོད་མི་རང་ཉིད་ཀྱི་ཟ་ཁང་དང་། བོད་མི་རང་ཉིད་ཀྱིས་བཙུགས་པའི་འཚིག་ཇ་ཁང་། བོད་མི་རང་ཉིད་ཀྱི་བཟོས་པའི་བཅའ་དངོས་ཚོང་ཁང་། ད་དུང་ལུས་ཁོམ་དུས་ཕྱག་དང་བསྐོར་བ་བྱེད་ས་མཆོད་རྟེན་དཀར་པོ་ཞིག་དང་། སེམས་དགེ་དུས་མཆོད་འབུལ་སྨོན་ལམ་བྱེད་སའི་ཆོས་ཚོགས་གཙང་མ་ཁ་ཤས། སྡུག་ཐུག་དུས་སྐྱབས་དང་རེ་བ་ཞུ་ས་སྟོན་པའི་ན་བཟའ་རྒྱུན་དུ་བཞེས་མཁན་ཚུལ་མཐུན་ཚད་ལྡན་གྱི་བོད་པའི་དགེ་འདུན་པ་ཁ་ཤས་ཤིག་ཀྱང་གནས་འདིར་བཞུགས་སོ།
རི་སྔོན་པོར་གནས་སྡོད་བྱེད་མཁན་ནང་བོད་མདོ་དབུས་ཁམས་གསུམ་ཚང་མའི་མི་ཡོད་ཀྱང་། རྒྱུན་དུ་ནང་ཁུལ་ཕྱོགས་རིས་ཀྱི་རྩོད་གླེང་ཉུང་ཞིང་མཉམ་རུབ་དང་གཅིག་ཕན་གཅིག་གྲོགས་ཀྱི་འཚོ་བ་རོལ་བཞིན་འདུག རི་སྔོན་པོའི་ཡིད་དུ་འོངས་བའི་ཁོར་ཡུག་ལ་བརྟེན་པའམ་བོད་མི་རྩོམ་པ་པོ་མང་པོ་ཞིག་ཀྱང་འདི་རུ་གནས་སྡོད་བྱས་འདུག
དེ་ལས་ཀྱང་དུས་དྲུག་ཏུ་སྒྲོལ་ལོ་རིན་པོ་ཆེ་སེམས་ལ་མ་སྒོམ་མཁན་བོད་མི་ཁག་ཅིག་ས་འདིར་ཡོད་པའི་རྒྱུ་མཚན་གྱིས་ཕྱི་ལོ་ ༢༠༡༩ ནས་བཟུང་བོད་ཀྱི་གངས་སེང་རྒྱལ་དར་དེ་ལོ་ལྟར་གསུམ་བཅུའི་དུས་དྲན་ཉིན་ནས་བཟུང་དུས་ཡུན་བདུན་ཕྲག་གཅིག་ཙམ་གྱི་རིང་ཨོ་གླིང་རི་སྔོན་པོ་སྟེང་དུ་ལྷབ་ལྷུག་ཏུ་སྒྲེང་ཐུབ་པ་བྱུང་ཡོད།། །།

