ཁེམ་བྷེལ་ཊོན་གྱི་མཛེས་ལྗོངས་དང་ས་གནས་བོད་མིའི་འཚོ་བ།

ཁེམ་བྷེལ་ཊོན་ Campbelltown ནི་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་གྲགས་ཅན་སིཌ་ནི་ Sydney ནས་ལྷོ་ནུབ་མཚམས་སུ་བར་ཐག་སྤྱི་ལེ་ ༥༠ ཙམ་གྱི་སར་ཡོད་པའི་གྲོང་ཁྱེར་ཆུང་ཆུང་ཞིག་ཡིན།

Campbelltown

koshigaya Park, Campbelltown Source: SBS Tibetan

ཁེམ་བྷེལ་ཊོན་ Campbelltown ནི་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་གྲགས་ཅན་སིཌ་ནི་ Sydney ནས་ལྷོ་ནུབ་མཚམས་སུ་བར་ཐག་སྤྱི་ལེ་ ༥༠ ཙམ་གྱི་སར་ཡོད་པའི་གྲོང་ཁྱེར་ཆུང་ཆུང་ཞིག་ཡིན། སིཌ་ནི་གྲོང་ཁྱེར་བར་རྒྱུན་དུ་དུས་ཡུན་སྐར་མ་ ༡༥ ཙམ་རེའི་མཚམས་སུ་མེ་འཁོར་འགྲོ་བསྐྱོད་ཡོད་པ་དང་སིཌ་ནི་གནམ་ཐང་བར་དུ་སྤྱི་ལེ་ ༤༠ ལྷག་ཡོད། སིཌ་ནི་གནམ་ཐང་བར་མེ་འཁོར་ནས་ཀྱང་འགྲོ་བསྐྱོད་བྱེད་ཆོག་ལ། ཐག་ཉེ་བའི་རྒྱ་མཚོ་འགྲམ་དུ་འགྲོ་བར་དུས་ཡུན་ཆུ་ཚོད་ཕྱེད་ཀ་ཙམ་ལས་མི་འགོར།
Campbelltown
Queen street Campbelltown Source: SBS Tibetan
ས་གནས་འདིར་སྤྱི་ཡོངས་དྲོད་གྲང་སྙོམ་པོ་ཡོད་པའི་མ་ཚད། མཁའ་རླུང་གཙང་མ་དང་། ས་ཆ་གུ་ཡངས་མོ། འགྲོ་བསྐྱོད་ཧ་ཅང་སྟབས་བདེ་ཡིན། ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནི་ཁུལ་དུ་ས་གནས་གཞན་དང་བསྡུར་ན་ཁང་གླ་ཁེ་ཤོས་དང་ཁང་རིན་ཆུང་ཤོས་གྲས་ཡིན། ས་གནས་གཞན་ལྟར་མེ་དང་ཆུ་ལོག་སོགས་གོད་ཆགས་ཀྱི་ཉེན་ཁ་དེ་ཙམ་མེད།

ཕྱི་ལོ་ ༡༨༠༠ ཙམ་གྱི་ནང་དབྱིན་ཇིས་དབང་སྒྱུར་སྐབས་ས་གནས་འདི་ཁུལ་ནི་ལུག་གསོ་ཚགས་བྱེད་ས་གཞི་རྒྱ་ཆེ་ཤོས་ཤིག་ཡིན་འདུག ད་ལྟའི་ཆར་ཡང་ཡར་མར་འགྲུལ་བཞུད་སྐབས་ས་ཆ་འདིའི་ཉེ་འགྲམ་སྤྱི་ལེ་བརྒྱད་དགུ་ཙམ་གྱི་མཚམས་སུ་འབྲོག་པའི་རྟ་དང་ནོར་ལུག་སྟོང་ཕྲག་མང་པོ་མཐོང་རྒྱུ་འདུག

གཞན་ཡང་ས་གནས་འདི་ལ་སློབ་གྲྭ་དང་། སྨན་ཁང་། ཚོང་ཁང་། སྦྱོང་བརྡར་ལྟེ་གནས་སོགས་སྤྱི་ཚོགས་ཞབས་ཞུའི་སྡེ་ཚན་ཆེ་ཆུང་སྣ་ཚོགས་འཐུས་སྒོ་ཚང་པོ་ཡོད་པའི་མ་ཚད། དེ་ཚོར་བསྐྱོད་པར་འགྲིམ་འགྲུལ་ཐག་ཉེ་དང་ཧ་ཅང་སྟབས་བདེ་ཡོད།
Campbelltown
Koshigaya Park, Campbelltown Source: SBS Tibetan
ལོ་ངོ་བཞི་ལྔ་ཙམ་གྱི་གོང་དུ་ས་གནས་འདིར་བོད་མིའི་ཁྱིམ་ཚང་ཁ་ཤས་ལས་མེད་ཀྱང་། རིམ་བཞིན་ས་གནས་གཞན་ནས་གནས་སྤོ་བྱེད་ནས་ཡོང་མཁན་དང་། རྒྱ་གར་ནས་གསར་དུ་འབྱོར་མཁན་བཅས་ད་ལྟའི་ཆར་ཁྱོན་བོད་མིའི་ཁྱིམ་ཚང་གྲངས་ ༢༠ ཙམ་དང་བོད་མི་གྲངས་ ༦༠ ལྷག་ཙམ་གནས་སྡོད་བྱེད་བཞིན་ཡོད། ད་ལྟའི་ཆར་ས་གནས་འདི་ལ་ཁང་པ་ཉོ་མཁན་ཡང་ཇེ་མང་དུ་འགྲོ་བཞིན་འདུག་ལ།  བོད་མི་ཚོས་ས་གནས་འདི་ལ་བོད་མིང་ <<བཀྲ་ཤིས་གླིང་>>ཞེས་འབོད་བཞིན་ཡོད།

བོད་མི་རྣམས་འདི་ལ་གནས་སྡོད་དང་ས་གནས་འདི་ལ་སྤོ་ཡོང་དགོས་དོན་གཙོ་བོ་ཞིག་ནི་འདི་གའི་ཁང་པ་དང་ཁང་གླ་གོང་ཁེ་པོ་དང་། འགྲིམ་འགྲུལ་སྟབས་བདེ། དགོས་མཁོའི་མཐུན་རྐྱེན་འཛོམས་པོ། ཟང་ཟིང་མེད་པ། ཁོར་ཡུག་གཙང་མ། ས་ཆ་གུ་ཡངས་མོ་དེ་ཡིན་སྐོར་འགྲེལ་བརྗོད་གནང་གི་འདུག

འདིར་ཡོད་བོད་མིི་ཚོས་ས་གནས་གྲོང་སྡེ་ལྷན་ཁང་དང་། སྤྱི་ཚོགས་ཞབས་ཞུའི་ཚོགས་སྡེ་ཁག་དང་འབྲེལ་བ་དམ་ཟབ་ཉར་བཞིན་ཡོད་པ་དང་། དེ་དག་ནས་ལས་ཀའི་གོ་སྐབས་དང་མཐུན་རྐྱེན་རོགས་རམ་ཡང་མི་ཉུང་བ་རག་བཞིན་ཡོད།

ཐོག་མར་ས་གནས་འདིའི་མི་མང་གིས་བོད་དང་བོད་མིའི་སྐོར་ཤེས་རྟོགས་དེ་ཙམ་མེད་པ་ལྟར་དུ་སྣང་ཡང་། ད་ལྟའི་ཆར་བོད་མི་སྐོར་ཤེས་རྟོགས་ཡོད་མཁན་མངོན་གསལ་ཇེ་མང་དུ་ཕྱིན་འདུག་པས་མ་ཚད། ལྷག་པར་ས་གནས་མི་རིགས་གཞན་གྱིས་བོད་མིར་བལྟ་སྟངས་གང་འཚམ་བཟང་པོ་འདུག་པ་ནི། གཙོ་བོར་༸གོང་ས་མཆོག་གི་མཚན་སྙན་གྲགས་དང་དེ་བཞིན་འདིར་ཡོད་བོད་མི་མང་ཆེ་བའི་ཀུན་སྤྱོད་དང་བོད་མི་ཞིག་ཡིན་པའི་འགན་འཁུར་མ་བརྗེད་པ་དེས་ལོས་ཡིན།

ད་ལྟ་ས་གནས་འདིའི་བོད་མི་ཚོས་གཅིག་གིས་གཅིག་ལ་ངོ་སྤྲོད་ཀྱིས་ལས་ཀ་ཡང་གང་འཚམ་འབེལ་པོ་ཆགས་འདུག་པས་མ་ཚད། དམིགས་བསལ་གཙང་བཟོའི་ལས་ཀ་དང་རྒན་གསོ་ཁང་གི་ལས་ཀ། དེ་བཞིན་དབང་པོ་སྐྱོན་ཅན་ཞབས་ཞུ་ཁང་སོགས་ཀྱི་ལས་ཀ་ཧ་ཅང་འབེལ་པོ་རེད་འདུག
Campbelltown
Botanic Garden Source: SBS Tibetan
འདིར་ཡོད་བོད་མི་ཚོས་རྒྱ་གར་ནས་གསར་དུ་འབྱོར་མཁན་བོད་མི་རྣམས་ལ་གནམ་ཐང་ནས་བསུ་ལེན་དང་། ཁང་པ་བཙལ་རོགས། སློབ་གྲྭ་དང་སྨན་ཁང་ཁག འབྲེལ་ཡོད་སྡེ་ཚན་ཁག་ལ་འཁྲིད་ནས་ཐོ་འགོད་དང་སྐད་སྒྱུར་རོགས་རམ་གང་ལེགས་གནང་གི་ཡོད། ད་ལྟའི་ཆར་ས་གནས་འདི་རང་ནས་ཆེད་ལས་སྐད་སྒྱུར་རག་པར་དཀའ་ངལ་མེད།

ས་གནས་འདིར་བོད་མིའི་ཁྱིམ་ཚང་སུ་ཞིག་ཁང་པ་གཞན་ལ་གནས་སྤོ་བྱེད་སྐབས་བོད་མི་ཕན་ཚུན་རོགས་རམ་གྱིས་མི་དང་མོ་ཊ་གཉིས་ཀ་ཡོང་ནས་ཅ་ལག་དབོར་རོགས་དང་། ཁང་པ་གཙང་བཟོ་སོགས་རོགས་རམ་གནང་གི་ཡོད་པས། དེ་ནི་ས་གནས་འདི་དང་ལུང་པ་འདིའི་ནང་མི་རིགས་གཞན་དང་བསྡུར་ན་བོད་མི་རྣམས་ཀྱི་ཐུན་མོང་མ་ཡིན་པའི་དགེ་མཚན་དང་ཁྱད་ཆོས་ཤིག་ཆགས་ཡོད།

རྒྱུན་དུ་འཁྲུངས་སྐར་དང་ལོ་གསར་སོགས་བོད་པའི་དུས་ཆེན་ཁག་ལ་བོད་མི་རྣམས་མཉམ་འཛོམས་ཀྱིས་སྤྲོ་སྐྱིད་གཏོང་གི་ཡོད་པ་དང་། འདི་ལོར་བོད་པའི་ལོ་གསར་དེ་ཚེས་པ་ ༩ ཙམ་བར་བོད་མི་རྣམས་ཁྱིམ་ཚང་རེས་མོས་ཀྱིས་མགྲོན་ལ་བོས་རེས་བྱས་ཡོད་པས། བོད་མི་ཁག་ཅིག་གིས་འདི་ལོའི་བོད་ཀྱི་ལོ་གསར་ནི་བཙན་བྱོལ་དུ་འབྱོར་བ་ནས་བཟུང་ཉིན་གྲངས་མང་ཤོས་དང་གྲ་རྒྱས་ཤོས། སྐྱིད་ཤོས་དེ་བྱུང་སོང་ཟེར།

ས་གནས་འདིའི་བོད་མི་ཚོས་<<བཀྲ་ཤིས་གླིང་གི་དབྱར་སྐྱིད་>>ཅེས་ལོ་རེར་གླིང་ཁ་ཐེངས་རེ་གཏོང་སྲོལ་ཡོད་ཅིང་། ཉིན་དེར་ས་ཆ་སྐྱིད་ས་ཞིག་ལ་བོད་མི་རྣམས་འཛོམས་ནས་ཁྱིམ་ཚང་རེ་ཡིས་ཐུན་མིན་གྱི་ཞལ་ལག་སྣ་ཚོགས་འཁྱེར་ནས་འོང་བ་དང་། ཉིན་གང་རིང་ཤོ་བག་དང་། ཏག་སེ། ཀེ་རམ་སོགས་རྩེད་རིགས་སྣ་ཚོགས་དང་། གཞས་དང་ཞབས་བྲོ། ཐག་འཐེན་སོགས་རྩེད་མོ་རིགས་ཅི་དགའ་གང་སྐྱིད་ལ་རོལ་གྱི་ཡོད་པ་རེད།།


Share

Published

Updated

By Sangyal Dorjee

Share this with family and friends


Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service
ཁེམ་བྷེལ་ཊོན་གྱི་མཛེས་ལྗོངས་དང་ས་གནས་བོད་མིའི་འཚོ་བ། | SBS Tibetan