མ་ཚད་དེ་སྔོན་ ༢༠༡༩ ལོར་ཁོང་གིས་ Campbelltown ས་གནས་སུ་ཡོད་པའི་ TAFE ནང་དབྱིན་ཡིག་སློབ་སྦྱོང་གནང་བཞིན་པའི་སྐབས་སུ་སློབ་གླིང་ཁྱོན་ཡོངས་ནས་ཕུལ་བྱུང་སློབ་མའི་བྱ་དགའ་ཞིག་ཐོབ་ཡོད་པ་དང་། ཁོང་གི་སློབ་སྦྱོང་ལ་འབད་བརྩོན་དང་དགེ་རྒན་ལ་བརྩི་བཀུར། སློབ་མ་གཞན་ལ་མཐུན་ལམ་བཅས་མིག་དཔེ་བཟང་པོ་དེས་དགེ་རྒན་དང་སློབ་གྲོགས་སོགས་མི་རིགས་གཞན་གྱིས་བོད་མི་རྣམས་ནི་ཡ་རབས་དང་སྤྱོད་པ་ཞི་ཞིང་དུལ་བ་ཞིག་ཡིན་པའི་ངོས་འཛིན་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད།
ཁོང་གིས་སློབ་གྲྭའི་ནང་རྒྱུན་དུ་དུས་ཚོད་དང་གོ་སྐབས་ནམ་ཡོད་ལ་བོད་དང་བོད་མིའི་སྐོར་ངོ་སྤྲོད་འགྲེལ་བརྗོད་གང་ཐུབ་གནང་གི་ཡོད་པ་དང་། དགེ་རྒན་དང་སློབ་གྲོགས་མང་པོ་ཞིག་གིས་ཁོང་ལ་བསྔགས་བརྗོད་ཚད་མེད་གནང་གི་ཡོད་པ་རེད།
ཡེ་ཤེས་ཆོས་བཟང་ལགས་ནི་ད་ལྟའི་ཆར་སིཌ་ནིང་ནུབ་ཕྱོགས་ Bankstown ས་གནས་སུ་ཡོད་པའི་ TAFE ཞིག་གི་ནང་འཕྲོད་བསྟེན་དང་། འགྲོ་བའི་མིའི་བདེ་སྡུག་གནས་སྟངས། སྤྱི་ཚོགས་ཞབས་ཞུ་བཅས་ཀྱི་སྐོར་ Diploma གནས་རིམ་ཐོག་ཆེད་སྦྱོང་གནང་གི་ཡོད་པ་རེད།
ཞོར་དུ་ཁོང་གིས་ SSI ཞེས་རྒྱལ་སྤྱིའི་གཞིས་སྤོ་ཞབས་ཞུ་ལྷན་ཁང་ནང་སྐྱབས་བཅོལ་བ་དང་། གསར་དུ་གཞིས་སྤོ་ཡོང་མཁན་རྣམས་ལ་སྨན་ཁང་དང་། སློབ་གྲྭ། ཤེས་ཡོན་སྦྱོང་བརྡར་ལྟེ་གནས་ཁང་། གཞན་ཡང་གཞུང་གི་ལས་ཁུངས་ཁག་ལ་འབྲེལ་མཐུད་དང་སྣེ་ཁྲིད་རོགས་རམ། སྐད་སྒྱུར་བཅས་ཀྱི་ལས་ཀ་གནང་གི་ཡོད་པ་རེད།
ཡེ་ཤེས་ཆོས་བཟང་ལགས་ནི། ཕྱི་ལོ་ ༡༩༧༤ ལོར་ཁམས་ལི་ཐང་ཉག་ཆུ་འགོ་ལོག་སྟོད་དུ་སྐྱེས་ ༡༩༨༤ ལོར་བོད་ནས་བཙན་བྱོལ་དུ་སླེབས་ནས་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་མི་ལོ་ ༥ ལྷག་རིང་མདོ་སྔགས་གཞུང་ལུགས་དང་བོད་ཀྱི་རིག་གནས་དབྱིན་ཡིག་བཅས་ལ་སློབ་གཉེར་ཞུས་རྗེས། བཞུགས་སྒར་དྷ་ས་རིགས་ལམ་སློབ་གཉེར་ཁང་དུ་འཛིན་རིམ་བཅུ་པའི་ཤེས་ཚད་ཐོག་ཚུད་རྒྱུགས་ཕུལ་ནས་སློབ་འཇུག་ཐོབ་སྟེ་ནང་དོན་རིག་པ་གཙོས་པའི་བོད་ཀྱི་རིག་གནས་དང་དབྱིན་ཡིག་གློག་ཀླད་བཅས་ལ་སྦྱངས་བརྩོན་གྱིས་ཕྱི་ལོ་༢༠༠༠ ལོར་རིགས་ལམ་སློབ་གཉེར་ཁང་ནས་ཕར་ཕྱིན་རབ་འབྱམས་པའམ་ (BA) སློབ་ཐོན་བྱས།
དེ་རྗེས་བལ་ཡུལ་དུ་ཡོད་པའི་བོད་གཞུང་སྲོང་བཙན་བལ་བཟའ་སློབ་གྲྭའི་མཐོ་རིམ་བོད་དགེ་ལས་གནས་ལོ་གསུམ་ཙམ་ཞུས་ཡོད། དེ་སྔོན་ ༡༩༩༧ ནས་ ༢༠༠༠ ལོའི་བར་རིཌ་སློབ་ཀྱི་ལོ་རེའི་དུས་དེབ་ལྷག་བསམ་བརྩེགས་པ་ཞེས་པའི་རྒྱལ་རབས་ཕབ་སྒྱུར་སྡེ་ཚན་གྱི་རྩོམ་སྒྱུར་བ་དང༌། མཐོ་སློབ་དེའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་དགེ་འོས་སྦྱོང་བརྡར་ལ་དམིགས་ནས་སློབ་ཁྲིད་ཇི་ལྟར་བྱེད་ཚུལ་ཞེས་པའི་དཔེ་དེབ་ཀྱི་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མི། དེ་བཞིན་བལ་ཡུལ་སྲོང་བཙན་མཐོ་སློབ་ཏུ་བཞུགས་རིང་ཁུལ་དེའི་བོད་གཞུང་གི་སློབ་གྲྭ་ཁག་ ༡༢ ཡོད་པ་དེ་དག་གི་རྒྱུགས་བཞེས་ལྷན་ཚོགས་ཀྱི་ཚོགས་མིའི་ལས་ཁུར་ཞུས་ཡོད་པ་རེད།
༢༠༠༣ ལོ་མཇུག་ནས་བོད་ཀྱི་བང་ཆེན་གསར་ཁང་གི་རྩོམ་སྒྲིག་ལས་རོགས་དང་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་དྲུང་ཆེ་གཅིག་ལྕོགས་ལོ་བཞི་དང༌སྐབས་དེར་བོད་དོན་དང་འབྲེལ་བའི་གསར་འགྱུར་འབྲི་ཕབ་དང་དེ་བཞིན་འཛམ་གླིང་གི་རྒྱལ་ཁབ་ ༡༡ ལྷག་གི་ལོ་རྒྱུས་མདོར་བསྡུས་བོད་ཡིག་ཐོག་ཕབ་སྒྱུར་བྱས།
དེ་བཞིན་བོད་ཀྱི་གསར་འགོད་པ་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཐེངས་གཉིས་ཀྱི་ལས་འགན་སྒྲུབ་རིང་མཐུན་ཚོགས་དེ་བཞིན་ཁྲིམས་མཐུན་གྱི་འགན་གཙོ་བོ་ཞུས་པ་དང་ཚོགས་པའི་གསར་འགོད་ལས་རིགས་ཀྱི་ཚོགས་ཆེན་དང་ཟབ་སྦྱོང་གི་ལས་དོན་ཁག་ལ་གོ་སྒྲིག་དང་མཉམ་ཞུགས་བྱས།
༢༠༠༤ ལོ་ནས་རྒྱལ་ཁབ་ ༡༢༠ ལྷག་གི་གསར་འགོད་པ་རེ་ཡོད་པའི་ཕ་རན་སིའི་རྒྱལ་ས་པེ་རི་སིར་ཡོད་པའི་རྒྱལ་མཚམས་མེད་པའི་རྒྱལ་སྤྱིའི་གསར་འགོད་པའི་མཐུན་ཚོགས་(www.rsf.org) ཀྱི་བོད་ཀྱི་གསར་འགོད་པའི་ལས་ཁུར་ཞུ་བཞིན་པ་དང༌། ཕྱི་ལོ་༢༠༠༨ ལོར་བཞུགས་སྒར་དུ་བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་ལྡན་པའི་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་(www.thetibetpost.com) ཞེས་པ་གསར་ཁང་གསར་འཛུགས་ཀྱིས་གསར་ཁང་དེའི་འགན་འཛིན་དང་རྩོམ་སྒྲིག་པ་གཅིག་ལྕོགས་ཞུ་བཞིན་ཡོད།
དེ་བཞིན་འཛམ་གླིང་གང་ས་ནས་ལས་བྱེད་ ༡༨༠ ལྷག་དང་ཡུལ་གྲུ་ཁག་ ༥ ལ་གསར་ཁང་ཡོད་པའི་འཛམ་གླིང་གསར་འགྱུར་ (www.wn.com) ཞེས་པའི་གསར་ཁང་གི་གསར་འགོད་པ་རྒན་པའི་ལས་དོན་ཡང་ཞུ་བཞིན་དུ་ཡོད་ཅིང་ཕྱི་ལོ་ ༢༠༡༨ ལོར་ཨོ་སི་ཊོ་ལི་ཡར་གཞིས་སྤོ་ལ་འབྱོར་ཡོད་པ་རེད།