ཕྱི་ལོ་ ༡༩༥༩ ལོའི་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་མི་ཚོས་བོད་ཀྱི་རྒྱལ་ས་ལྷ་ས་རུ་”རྒྱ་དམར་བོད་ནས་ཕར་རྒྱུག། བོད་ཀྱི་བདག་པོ་བོད་མི་ཡིན་”ཞེས་རྒྱ་ནག་གི་བཙན་འཛུལ་བཙན་གནོན་ལ་ངོ་རྒོལ་སྐད་འབོད་དང་། ཉིན་དེར་རྒྱ་ནག་མི་མང་བཅིངས་འགྲོལ་དམག་ཟེར་བས་བོད་མིར་དྲག་གནོན་ཚབ་ཆེན་བྱས་ནས་འདི་ལོར་ལོ་ངོ་ ༦༡ འཁོར་གྱི་ཡོད་སྟབས། འཛམ་གླིང་གི་ས་ཕྱོགས་གང་ས་ནས་བོད་མི་ཚོས་ཉིན་མོ་དེ་སྲུང་བརྩི་དང་ངོ་རྒོལ་སྐད་འབོད་བྱེད་བཞིན་པ་ལྟར། ཕྱི་ཟླ་ ༣ པའི་ཚེས་ ༡༠ ཉིན་ཨོ་སི་ཊོ་ལི་ཡའི་མངའ་སྡེ་དང་ས་ཁུལ་འདྲ་མིན་ནང་གནས་སྡོད་བྱས་ཡོད་པའི་བོད་མི་ཚོས་ངོ་རྒོལ་སྐད་འབོད་དང་། གོམས་བགྲོད། བོད་ཀྱི་རྒྱལ་དར་སྒྲེང་འཛུགས་སོགས་ལས་འགུལ་འདྲ་མིན་སྤེལ་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་བོད་དེ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་པ་དང་། བོད་ལ་ཞི་བས་བཅིངས་འགྲོལ་བཏང་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།
དེ་ཡང་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནི་ནང་སིཌ་ནི་བོད་རིགས་མཐུན་ཚོགས་དང་། ནོ་ར་བོད་རིགས་མཐུན་ཚོགས། Australian Tibet Council ཨོ་སི་ཊོ་ལི་ཡ་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱིས་གོ་སྒྲིག་འོག སིཌ་ནི་གྲོང་ཁྱེར་ནས་རྒྱ་ནག་གཞུང་ཚབ་ཁང་བར་ཁྱོན་བོད་མི་བརྒྱ་ལྷག་ཙམ་ཞིག་གིས་གོམ་བགྲོད་དང་ངོ་རྒོལ་སྐད་འབོད་བྱས། འཕྲད་དར་ཐོག་”རྒྱ་ནག་གཞུང་གིས་བོད་མིར་མནར་གཅོད་མཚམས་འཇོག་དགོས་”ཞེས་བྲིས་འདུག

སིཌ་ནི་གྲོང་ཁྱེར་ནང་བོད་མི་ཚོས་ངོ་རྒོལ་གོམ་བགྲོད་གནང་བ། Source: SBS Tibetan
མཛད་སྒོ་ཐོག་བོད་མི་མང་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་མཆོག་གིས་”ང་ཚོའི་བོད་མིའི་སྙིང་སྟོབས་དེ་ཆགས་མེད་པར་མི་རབས་ནས་མི་རབས་བར་གནས་ངེས་རེད། ང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་ཉི་མ་དེ་རིང་ནས་བཟུང་བོད་པའི་འཐབ་རྩོད་ལ་ག་རེ་ཞིག་བྱེད་ཐུབ་ས་རེད་ཅེས་དྲི་བ་གཏོང་དགོས་པ་དེ་གལ་ཆེན་པོ་རེད། གལ་སྲིད་ལས་ཀ་ཞིག་བྱེད་ཀྱི་ཡོད་ན། བྱས་པ་ནང་བཞིན་གྲུབ་འབྲས་ཤིག་ཐོན་གྱི་ཡོད་མེད་ལ་བལྟ་དགོས་པ་དེ་ཡང་གལ་ཆེན་པོ་རེད། གཙོ་བོ་བོད་པའི་བདེན་མཐའ་སེལ་བར་ལས་འགུལ་ག་རེ་སྤེལ་དགོས་ཀྱི་འདུག་བལྟ་དགོས་པ་དེ་གལ་ཆེན་པོ་རེད་ཅེས་གསུང་སོང་། ཕྱི་དྲོར་མི་ལོ་དྲུག་ཅུ་ལྷག་གི་བོད་དོན་དང་འབྲེལ་བའི་གློག་བརྙན་གཟིགས་འབུལ་དང་། མར་མེའི་མཆོད་འབུལ་བཅས་གནང་ཡོད་པ་རེད།
གཞན་ཡང་ཨོ་གླིང་རི་སྔོན་པོ་རུ་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་ལྷག་ཙམ་ཞིག་ས་གནས་སྲིད་གཞུང་ City Council མདུན་འདུ་འཛོམས་ཀྱིས་བོད་མིའི་རང་དབང་རང་དབང་སྒེར་ལངས་ཐེངས་དྲུག་བཅུ་རེ་གཅིག་པ་སྲུང་བརྩི་དང་། འགོ་འཛུགས་ཐོག་མར་ས་གནས་སྲིད་གཞུང་City Council གིས་གཞུང་འབྲེལ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་། དེའི་རྗེས་ལྗང་ཁུ་ཚོགས་པའི་འཐུས་མི་དང་ས་གནས་སྲིད་གཞུང་གི་འཐུས་མི་ Cr.kerry brown ལགས་ཀྱིས་“བོད་ནང་གི་བོད་མིའི་དཀའ་སྡུག་དང་གནས་བབ་ནི་སྔོན་ཆད་ཨོ་གླིང་གི་གདོད་མའི་མི་རིགས་ལ་བྱུང་བའི་དཀའ་ངལ་ལྟར་དུ་ཚོར་གི་འདུག་པས། ང་ཚོས་གང་ཐུབ་ཀྱིས་བྱས་ཉེས་ཅན་གྱི་ནོར་འཁྲུལ་དེ་དག་བསྐྱར་དུ་མི་ཡོང་བར་སྔོན་འགོག་དང་གདོང་ལེན་བྱ་དགོས། མ་ཟད་བོད་ཀྱི་རིག་གཞུང་དང་བོད་ཀྱི་སྐད་ཡིག་ནི་བོད་ཙམ་དུ་མ་ཟད་འགྲོ་བ་མི་སྤྱི་ལ་ཧ་ཅང་གི་དགོས་མཁོ་རང་བཞིན་ཅན་དང་ཕན་ངེས་རང་བཞིན་ཅན་གྱི་རིག་གཞུང་གལ་ཆེན་ཡིན་པ་སོང་ཙང་། གཏན་ནས་རྩ་བརླག་ཏུ་འགྲོ་བཅུགས་མི་ཉན་ཞེས་ནན་བཤད་གནང་། ”

ཨོ་གླིང་རི་སྔོན་པོའི་ས་གནས་གྲོང་སྡེ་ལྷན་ཁང་མདུན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་སྐབས། Source: SBS Tibetan
དེའི་རྗེས་ས་གནས་སྲིད་གཞུང་གི་འཐུས་མི་ Cr.Kevin Schreiber ལགས་ཀྱིས་“ ང་ཚོ་འདིར་བོད་ཀྱི་རྒྱལ་གླུ་དང་རྒྱལ་དར་ཕྱར་ཆོག་པ་ནང་བཞིན་མ་འོངས་པར་བོད་ཀྱི་ས་ཆ་རང་དུ་བོད་རང་གི་རྒྱལ་གླུ་དང་རྒྱལ་དར་ཕྱར་ཆོག་རྒྱུ་ནི་གཞི་རྩའི་ཁྱེད་རང་ཚོའི་ཐོབ་ཐང་ཡིན་པས་”དེ་རིང་འདིར་བོད་ཀྱི་རྒྱལ་གླུ་གཏང་བ་དང་རྒྱལ་དར་ཕྱར་བ་དེས་ཁྱེད་རང་ཚོས་ཨོ་གླིང་གི་རྒྱལ་ཁབ་འདི་ནི་རང་དབང་ལྡན་པའི་རྒྱལ་ཁབ་ཞིག་ཡིན་པ་དང་ཁྱེད་ཚོ་ལྟ་བུའི་དཀའ་ངལ་ཅན་གྱི་མི་རིགས་ཚང་མར་སེམས་ཁུར་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པ་ཚོར་དགོས་”ཞེས་གསུངས།
དེའི་རྗེས་ས་གནས་སྲིད་གཞུང་གི་འཐུས་མི་ Cr.Mick fell "རི་སྔོན་པོ་ས་གནས་སྲིད་གཞུང་གིས་བོད་མིར་གདུང་སེམས་མཉམ་སྐྱེད་མཚོན་བྱེད་དུ་འཆར་ཅན་གསུམ་བཅུའི་དྲན་སྐབས་གཞུང་འབྲེལ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་པའི་གྲོས་ཆོད་བཞག་པ་དེ་ཧ་ཅང་གི་སྤོབས་པ་བསྐྱེད་པ་དགོས་ཞིག་ཡིན་པས་དེ་རིང་འདིར་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་”སོང་ཞེས་རི་སྔོན་པོར་གནས་སྡོད་ཤེལ་དགེ་འདུན་ཚེ་རིང་ལགས་ཀྱིས་འགྲེལ་བརྗོད་གནང་།
ཡང་ཨོ་སི་ཊོ་ལི་ཡའི་མངའ་སྡེ་ཁུན་སི་ལན་ཌིའི་ནང་བོད་རིགས་དང་དེ་མིན་ཨོ་གླིང་གནས་སྡོད་ཡུལ་མི་དང་རྒྱ་རིགས་བཅས་མི་གྲངས་དྲུག་བཅུ་ལྷག་གིས་གསུམ་བཅུའི་དུས་དྲན་སྲུང་བརྩི་དང་། བྷིར་སི་བྷིན་གྲོང་འཁྱེར་ནས་ནིའུ་ཕམ་བར་ཀི་ལོ་མི་ཌར་གསུམ་བཞི་ཙམ་གྱི་ཞི་བའི་གོམས་འགྲོད་དང་སྐད་འབོད་དང་། དགོང་མོ་ཁུན་སི་ལན་ཌི་གཙུག་ལག་སློབ་གཉེར་ཁང་ University of Queensland ལ་མར་མེ་ཁྲོམ་སྐོར་བཅས་གནང་ཡོད་སྐོར་ཁུན་སི་ལན་ཌི་བོད་རིགས་འཐུན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།

ཁུན་སི་ལན་ཌི་བོད་མི་ཚོས་གསུམ་བཅུའི་དུས་དྲན་སྲུང་བརྩི་སྐབས། Source: SBS Tibetan
སྐབས་དེར་རྒྱ་མི་རིགས་ཞིབ་འཇུག་པ་Yujian Zhang དང་། བྷིར་སི་བྷིན་གྲོང་འཁྱེར་གྲོས་ཚོགས་འཐུས་མི་དང་ལྗང་ཁུ་ཚོགས་པའི་ས་གནས་དབུ་ཁྲིད་ Sri Jonathan ལྗང་ཁུ་ཚོགས་པའི་ས་གནས་དབུ་ཁྲིད་དང་བྷིར་སི་བྷི་གྲོང་ཁྱེར་གྱི་གྲོས་ཚོགས་འཐུས་མི་འོས་མི་ Trina Massey ཝིཌ་ནམ་བོད་དོན་རྒྱབ་སྐྱོར་བ་དང་ཝིཌ་ནམ་ཚོགས་པའི་སྐུ་ཚབ་ Vincent Do བཅས་ལས་འགུལ་མཉམ་ཞུགས་དང་གཏམ་བཤད་སྤེལ་འདུག
གནས་མཁར་གསར་ Newcastle ས་གནས་སུ་བོད་མི་ཚོས་དུས་དྲན་སྲུང་བརྩི་དང་། ཚོགས་གཙོ་ཕུན་ཚོགས་ལགས་ཀྱིས་དེ་རིང་གི་ཉིན་མོ་ནི་ཧ་ཅང་གལ་ཆེ་ཞིང་རྗེས་དྲན་བྱེད་པའི་ཉིན་མོ་ཞིག་ཆགས་ཡོད་ལ། ང་ཚོ་ཨོ་གླིང་གནས་མཁར་གསར་བོད་རིགས་ཚོགས་པས་ངོས་ནས་འདི་གའི་ས་གནས་སྲིད་གཞུང་གི་མདུན་ཐང་དུ་དུས་དྲན་སྲུང་རྩི་དང་། ཚོགས་མི་བདུན་བཅུ་ལྷག་མཉམ་ཞུགས་བྱས་ཏེ། གཙོ་བོ་བོད་རྒྱལ་ཁབ་ཆེན་པོའི་བྱུང་རིམ་ལོ་རྒྱུས་དང་ཆག་འཇིག་གི་པར་རིས་དྲུག་བཅུ་ལྷག་ཞིག་འགྲེམ་སྟོན་བྱས། ང་ཚོ་༧རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གི་བཀའ་དྲིན་གྱིས་རྒྱལ་ཁབ་འདི་ལྟ་བུ་ཞིག་སླེབས་ཡོད་དུས། བོད་དོན་ཁྱབ་བསྒྲགས་མང་པོ་བྱེད་མ་ཐུབ་རུང་། མ་མཐའ་ཡང་གསུམ་བཅུའི་དུས་དྲན་གཙོས་བོད་ཀྱི་དུས་ཆེན་ཁག་ངེས་པར་དུ་སྲུང་བརྩི་བྱེད་ཐུབ་དགོས་ཤིང་། འདི་ནི་ང་ཚོས་སྒྲུབ་འོས་པ་ཞིག་རེད་ལ་སྒྲུབ་དགོས་པ་ཞིག་ཀྱང་ཡིན་པས་ན། ༧རྒྱལ་བའི་དགོངས་དོན་སེམས་སུ་བཅངས་ཏེ་བོད་ཀྱི་རྩ་དོན་སྒྲུབ་དགོས་པ་གལ་ཆེན་བོ་ཞིག་མཐོང་གི་ཡོད་ཅེས་འགྲེལ་བརྗོད་གནང་སོང་།
ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁན་བྷེ་རའི་ས་གནས་བོད་རིགས་མཐུན་ཚོགས་ཀྱིས་གོ་སྒྲིག་འོག བོད་མི་རྣམས་དེ་གར་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་འདུ་འཛོམས་ཀྱིས་ངོ་རྒོལ་སྐད་འབོད་དང་། བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་སྐལ་བཟང་ཡོན་ཏན་ལགས་ནས་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་སྤེལ་བའི་གསུམ་བཅུའི་དུས་དྲན་གྱི་ཡོངས་ཁྱབ་གསུང་འཕྲིན་སྒྲོག་སྦྱངས་གནང་བ་དང་། བོད་དོན་ལ་རྒྱབ་སྐྱོར་གནང་མཁན་རྒྱ་རིགས་བློ་དཔོན་སུང་ཕང་ལིའུ་ནས་རྒྱ་ནག་དང་བོད་ནང་གི་གནས་སྟངས་ཐོག་གསུང་བཤད། དེ་བཞིན་ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཞོན་ཟླ་སྒྲོན་ལགས་ནས་རྒྱ་སྐད་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བཅས་གནང་ཡོད་འདུག

གནས་མཁར་གསར་བོད་མི་ཚོས་གསུམ་བཅུའི་དུས་དྲན་སྲུང་བརྩི་གནང་བཞིན་པ། Source: SBS Tibetan

ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁན་བྷེ་རའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་མདུན་དུ། Source: SBS Tibetan