སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ལ་ལོ་གསར་འཚམས་འདྲི་གནང་བ།

ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༡༢ རེས་གཟའ་ལྷག་པ་ཉིན་ནས་བཟུང་། བོད་ཁ་བ་གངས་ཅན་ལྗོངས་དང་གཞན་ཡང་འཛམ་གླིང་གི་ས་ཕྱོགས་གང་སར་བཞུགས་ཡོད་པའི་ཆོས་དང་རིག་གཞུང་གཅིག་པ་དང་བོད་མི་ཚོས་བོད་རྒྱལ་ལོ་ ༢༡༤༨ རབ་གནས་ལྕགས་གླང་ལོའི་ལོ་གསར་སྲུང་བརྩི་གནང་བཞིན་ཡོད་པ་དང་། ཨོ་སི་ཊོ་ལི་ཡའི་ནང་གནས་སྡོད་བྱས་ཡོད་པའི་བོད་མི་ཚོས་ཀྱང་ཐུན་མོངས་མ་ཡིན་པའི་བོད་ཀྱི་སྲོལ་རྒྱུན་ལོ་གསར་སྲུང་བརྩི་གནང་བཞིན་ཡོད།

Tibetan New Year

Source: CTA

གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ལ་འཚམས་འདྲི་དང་བཀའ་སློབ་གནང་དོན།

“བོད་ཕྱི་ནང་དང་སོག་པོ། ཧི་མ་ལའི་རི་བརྒྱུད་བོད་པའི་ལོ་གསར་བརྩི་མཁན་ཚང་མར་ལོ་གསར་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། དུས་ཡུན་ཞིག་རྫོགས་ནས་ལོ་གསར་པ་དེ་སླེབས་ཀྱི་ཡོད་པ་རེད།

ལོ་རྙིང་པ་དེའི་ནང་སོ་སོས་དགེ་སེམས་གང་འདྲ་ཞིག་སྐྱེས་ཡོད་མེད་དང་སྤྱིར་ཆོས་པ་དེའི་ནང་ནས་སངས་རྒྱས་ཀྱི་ཆོས་པ་ཞིག་བྱས་ནས་བསྡད་ཡོད་དུས་འདས་པའི་ལོ་དེའི་ནང་ཐོས་བསམ་སྒོ་གསུམ་གང་འདྲ་བྱུང་ཡོད་མེད་ལ་བསམ་བློ་ཞིག་བཏང་། ཕྱིར་མིག་ཞིག་བལྟས་ནས། ཐོས་བསམ་སྒོམ་གསུམ་ག་ཚོད་ཐུབ་ཐུབ་ཅིག་བྱུང་ཡོད་ན་དེ་ལ་རྗེས་སུ་ཡི་རང་བྱེད་དགོས་པ་དང་། ལོ་གསར་པ་འདིའི་ནང་སྔོན་གྱི་བཅོམ་ལྡན་འདས་རང་ཉིང་དང་། ཀླུ་སྒྲུབ་ཡབ་སྲས། དེ་ག་ནང་བཞིན་འཇམ་མགོན་བླ་མ་ཙོང་ཁ་པ་ཡབ་སྲས་ཀྱིས་མཛད་པའི་ལེགས་བཤད་རྨད་དུ་བྱུང་བ་ཡོད་པ་དེ་ཚོར་ཐོས་བསམ་སྒོམ་གསུམ་མུ་མཐུད་བྱེད་ནས་མི་ཚེ་དོན་དང་ལྡན་པ་ཞིག་དང་། བཅོམ་ལྡན་འདས་ནས་བཟུང་དྲིན་ཅན་རྩ་བའི་བླ་མ་བར་གྱི་རྩ་རྒྱུད་ཀྱི་དྲིན་ཅན་རྩ་བའི་བླ་མ་རྣམས་ཀྱི་ཐུགས་དགོངས་རྫོགས་པ་ཞིག་བྱ་རྒྱུ་ཡིན་བསམས་ནས་སྙིང་སྟོབས་བསྐྱེད། དམ་བཅའ་བཞག་དགོས་པ་དེ་གལ་ཆེན་པོ་རེད་”ཅེས་དང་།

ཡང་མགོན་པོ་གང་ཉིད་ཀྱིས་”བཙན་བྱོལ་དུ་ཡོད་པའི་བོད་མི་དང་ཡུལ་ལུང་འདྲ་མིན་ནང་ཡོད་པ་དེ་ཚོ། ལྷག་པར་བོད་གངས་ཅན་ལྗོངས་ལ་ཡོད་པ་རང་དབང་དང་བྲལ་ཡང་སྙིང་སྟོབས་ཞུམ་པ་མེད་པ་བྱས་ནས་བཞུགས་ཡོད་པ། ང་ལ་དད་པ་དང་དགའ་མོས་བྱེད་མཁན་ཚོས་༧རྒྱལ་བ་རིན་པོ་ཆེ་རྒྱ་གར་འཕགས་པའི་ཡུལ་ལ་སངས་རྒྱས་ཀྱི་བསྟན་པར་ཞབས་འདེབས་དཔྱིད་ཕྱིན་པ་བསྒྲུབས་དང་སྒྲུབ་མུས་རེད་བསམས་པ་བྱེད་ནས། ཁྱེད་རང་ཚོ་ཚང་མ་བློ་བདེ་པོ་བྱེད་ནས་སྡོད་ཅེས་”བཀའ་བརྩལད་འདུག

ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་ཐོག་གནས་ཚུལ་བཀོད་གསལ་ལྟར་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ལོ་གསར་འཚམས་འདྲི་གནང་དོན་” བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང་། གཞིས་བྱེས་བོད་མི་ཡོངས། དེ་བཞིན་རྒྱ་གར་དང་འཛམ་གླིང་གང་སར་གནས་པའི་བོད་དོན་རྒྱབ་སྐྱོར་བ་ཡོངས་ལ་བོད་རྒྱལ་ལོ་ ༢༡༤༨ རབ་གནས་ལྕགས་གླང་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ་ངས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ལོ་གསར་པའི་ནང་རྣམ་པ་ཚོས་གཙོས་ནང་མི་ལྷན་རྒྱས་སྐུ་ཁམས་གསལ་ཐང་དང་།  དེ་བཞིན་སྤྱི་ཚོགས་ཁྱོན་ཡོངས་ཡར་རྒྱས་གོང་ནས་གོང་དུ་འཕེལ་བར་ཤོག་ཅེས་སྨོན་འདུན་ཞུ་རྒྱུ་ཡིན།” ཞེས་གསུངས་འདུག

ཡང་སྲིད་སྐྱོང་མཆོག་གིས་” སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོ་གསོལ་རས་སྩལ་བ་དེ་འཛམ་གླིང་ནང་ངོམ་ཆོག་པ་ཡོད། བོད་མི་ཚོས་འོས་བསྡུའི་ཆ་ཤས་གང་མང་བླངས་ཏེ་སྔར་ལས་ལྷག་ཡག་པ་བྱུང་ན་ང་ཚོ་དགའ་དགོས་པའི་གནས་སྟངས་ཆགས་ཀྱི་རེད། ལོ་གསར་པའི་ནང་རྣམ་པ་ཚོ་སྤྲོ་པོ་དང་། སྐུ་གཟུགས་གསལ་ཐང་། བོད་ནང་གི་བོད་མིའི་མངོན་འདོད་བསྒྲུབ་ཐུབ་པའི་སྨོན་འདུན་ཞུ་གི་ཡོད།

བོད་ནང་གི་བོད་མིའི་མངོན་འདོད་བསྒྲུབ་སླད་ང་ཚོ་ཚང་མས་ལས་འགུལ་སྤེལ་རྒྱུ་དང་། བོད་ནང་གི་ཛ་དྲག་གནས་སྟངས་འཛམ་གླིང་ཡོངས་ལ་ཁྱབ་སྤེལ། དེ་བཞིན་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཐབས་བྱ་རྒྱུ་དང་། དེ་ལྟར་བྱུང་ན་བོད་ཀྱི་བདེན་མཐའ་མྱུར་དུ་གསལ་ཐུབ་ཀྱི་རེད་བསམ་ནས་ཚང་མས་ཁས་ལེན་དང་འབད་བརྩོན་གནང་རོགས་ཞེས་ཞུ་རྒྱུ་ཡིན། “ཞེས་གསུངས་འདུག

ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་བོད་མི་རྣམས་ལ་ལོ་གསར་འཚམས་འདྲི་གནང་དོན་” བོད་རྒྱལ་ལོ་ ༢༡༤༨ རབ་གནས་ལྕགས་གླང་ལོའི་གནམ་ལོའི་རང་ཞལ་གསར་དུ་བཞད་པའི་རྟེན་འབྱུང་དགའ་སྟོན་ལ་ངས་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་གཞིས་བྱེས་བོད་མི་ཡོངས་ལ་མཛའ་ཞིང་བརྩེ་བའི་ཐོག་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

དོན་མེད་ང་དང་ཁྱེད། ང་ཚོ་དང་ཁོང་ཚོ་ཞེས་རྩོད་པ་དེས་རང་གཞན་གཉིས་ལའང་ཕན་མི་ཐོགས། དེར་བརྟེན་ང་ཚོ་ཚང་མས་གོང་བུ་ནུས་པ་གཅིག་ཏུ་སྒྲིལ་བའི་ཐོག་ནས་རྩ་དོན་ཐད་འབུང་དགོས་པ་དང་། དེ་བཞིན་བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག གོམས་གཤིས་སོགས་ཀྱི་ཐོག་ཐུགས་བརྩོན་གནང་བ་དང་། ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་ཐད་འབད་བརྩོན་གནང་རོགས་ཞེས་འབོད་སྐུལ་ཞུ་གི་ཡོད།

མཐའ་དོན་དུ་འཇིག་བརྟེན་ལྷ་སྡེ་མི་སྡེ་ཡོངས་ཀྱི་མགོན་སྐྱབས་བླ་ན་མ་མཆིས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་ཁྲི་ལོར་བརྟན་པ་དང་གང་ཉིད་མཆོག་གི་བཞེད་དགོངས་མཐའ་དག་ལྷུན་གྱི་གྲུབ་པར་སྨོན་འདུན་ཞུ་རྒྱུ་ཡིན།”ཞེས་གསུངས་འདུག

ཨོ་སི་ཊོ་ལི་ཡའི་ནང་མངའ་སྡེ་དང་ས་ཁུལ་འདྲ་མིན་ནང་གནས་སྡོད་བྱས་ཡོད་པའི་བོད་མི་ཚོས། བོད་ཀྱི་ཐུན་མོངས་མ་ཡིན་པའི་སྲོལ་རྒྱུན་ལོ་གསར་སྲུང་བརྩི་དང་། དེ་ཡང་ས་གནས་ཁག་ཅིག་ལ་བོད་རིགས་མཐུན་ཚོགས་ཀྱི་ངོས་ནས་ལོ་གསར་གོ་སྒྲིག་དང་། གཞན་ཡང་གྲོགས་པོ་གྲོགས་མོ་དང་། ནང་མི་ཉེ་འབྲེལ་ལྷན་འཛོམས་ཀྱིས་སོ་སོའི་གནས་སྟངས་དང་དུས་ཁོམ་ལ་དཔག་པའི་ལོ་གསར་སྲུང་བརྩི་འདྲ་མིན་ཞུ་བཞིན་འདུག


Share

Published

By Sangyal Dorjee

Share this with family and friends


Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service