སིཌ་ནིང་ནང་ཁྱིམ་སྡོད་བཀའ་རྒྱ་གྲོལ་ནས་མི་རྣམས་རེས་གཟའ་ཉི་མའི་གུང་སེང་སྤྲོ་སྐྱིད་ལ་རོལ་བ།

ཨོ་སི་ཊོ་ལི་ཡའི་ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་མི་རྣམས་དུས་ཡུན་ཟླ་བ་ ༤ ཙམ་རིང་ཏོག་དབྱིབས་ནད་ཡམས་ཀྱིས་དངངས་སྐྲག་དང་། ཁྱིམ་སྡོད་བཀའ་རྒྱའི་དམ་བསྒྲགས་འོག་སྡོད་དགོས་བྱུང་ནས། ལུས་སེམས་གཉིས་ལ་དཀའ་ངལ་ཤུགས་ཆེ་སྤྲད་ཡོད་ཀྱང་། ད་ནས་མངའ་སྡེའི་ནང་ཏོག་དབྱིབས་ནད་པ་གསར་པའི་གྲངས་འབོར་ཉིན་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པས་མ་ཚད། ཁྱིམ་སྡོད་བཀའ་རྒྱ་ཡང་རིམ་བཞིན་ལྷོད་དུ་གཏོང་བཞིན་པ། ནམ་ཟླ་དགུན་ཁ་རྫོགས་པ་དང་དཔྱིད་ཀ་ཤར་ནས་ས་གནས་གང་སར་མེ་ཏོག་ཁྲ་ལམ་མེར་བཞད་འདུག ད་ཆ་གནམ་གཤིས་དྲོད་གྲང་ཡང་ཤིན་ཏུ་སྙོམ་པས་ས་གནས་འདིའི་མི་རྣམས་སྐྱིད་པའི་འཚོ་བ་གསར་པ་ཞིག་རོལ་འགོ་བརྩམས་ཡོད།

Picnic

Source: SBS Tibetan

ཨོ་སི་ཊོ་ལི་ཡའི་ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་འདི་ལོར་ཕྱི་ཟླ་ ༦ པའི་ནང་ཏོག་དབྱིབས་ན་ཚ་སླར་ཡང་ཁྱབ་ཏེ་ཕྱི་ཟླ་ ༡༠ པའི་ཚེས་ ༡༡ བར་དུས་ཡུན་ཟླ་བ་ ༤ ཙམ་རིང་ཁྱིམ་སྡོད་བཀའ་རྒྱ་དམ་པོ་བསྡམས་ཡོད་པ་དང་། ཉེ་བའི་ཆར་མངའ་སྡེའི་ནང་ལོ་ན་ ༡༦ ཡན་གྱི་སྤྱིའི་མི་འབོར་ལས་མི་གྲངས་བརྒྱ་ཆ་ ༧༠ ལྷག་ཙམ་ལ་ཏོག་དབྱིབས་འགོག་ཁབ་ཐེངས་གཉིས་ཀ་བརྒྱབ་ཚར་བས་མ་ཚད། མངོན་གསལ་དོད་པོས་ནད་པ་གསར་པའི་གྲངས་འབོར་ཉིན་རེ་ནས་རིམ་བཞིན་ཆགས་པའི་སྐབས་འདིར། ཁྱིམ་སྡོད་བཀའ་རྒྱ་ལྷོད་དུ་བཏང་བ་དང་། ཕྱི་རོལ་དུ་ལོ་ན་ ༡༢ ཡན་གྱི་མི་གྲངས་ ༣༠ མན་འདུ་འཛོམས་ཆོག་པ་བཟོས་ཡོད་པས་མ་ཚད། ཆང་ས་དང་གཉེན་སྒྲིག་མཛད་སྒོ་སོགས་ལ་མི་གྲངས་ ༡༠༠ མན་འདུ་འཛོམས་བྱེད་ཆོག
Tibetan
Source: SBS Tibetan
ཉེ་ཆར་རེས་གཟའ་ཟླ་བ་ནས་ཁྱིམ་སྡོད་བཀའ་རྒྱ་གློད་རྗེས། དེ་རིང་གཞི་ནས་ནམ་མཁའ་སྔོ་ལ་དྭངས་བ་དང་བསིལ་རླུང་འཇམ་ཞིང་དྲོད་གྲང་ཤིན་ཏུ་སྙོམ་པའི་དེ་རིང་རེས་གཟའ་ཉི་མའི་ཉིན་མི་རྣམས་བྱ་བྱིའུ་དང་རི་དྭགས་སེམས་ཅན་རྣམས་ཡུན་རིང་ནང་དུ་བཅུག་ནས་ཕྱི་ལ་གློད་པ་ལྟར། ནང་མི་དང་གྲོགས་པོ་གྲོགས་མོ་ཁྱུ་དང་ཁྱུ་བྱེད་ནས་གླིང་ཁ་དང་རྒྱ་མཚོ་འགྲམ། མེ་ཏོག་ལྡུམ་ར་སོགས་ལ་འཁྱམ་འཁྱམ་དང་དགའ་དགའ་སྤྲོ་སྤྲོའི་གུང་སེང་གཏོང་བཞིན་འདུག

དེ་རིང་གྲོང་ཁྱེར་སིཌ་ནིང་གི་ཉེ་འགྲམ་ཁེམ་བྷོ་ཊོན་ Campbelltown ས་གནས་སུ་ཡོད་པའི་ཀོཤི་གྷ་ཡ་ Koshigaya གླིང་ཁ་རུ་ས་གནས་ཌེ་ཝེ་ནས་ཕེབས་པའི་བོད་མི་ཁག་ཅིག་དང་ཁེམ་བྷོ་ཊོན་ས་གནས་སུ་གནས་སྡོད་བྱས་ཡོད་པའི་བོད་མི་ཁག་ཅིག་བཅས་གླིང་ཁར་གཏོང་བཞིན་འདུག་ལ། མ་ཚད་དེ་རིང་གླིང་ཁ་དེའི་ནང་མི་རིགས་འདྲ་མི་སྣ་ཚོགས་ཀྱི་ནང་མི་དང་། གྲོགས་པོ་གྲོགས་མོ་མང་པོ་ཞིག་འཛོམས་ནས་ Happy Birth Day <<ཁྱེད་ཀྱི་སྐྱེས་སྐར་ལ་བཀྲིས་བདེ་ལེགས་>>སོགས་ཀྱི་སྒྲ་དང་། གཞས་དང་ཞབས་བྲོ་འཁྲབ་པ་སོགས་རྒན་གཞོན་དབྱེ་བ་མེད་པ་ཚང་མའི་ངོ་གདོང་ལ་འཛུམས་ཀྱི་ཁེངས་འདུག
Tibetan
Source: SBS Tibetan
བོད་མི་ཚོས་ཀྱང་གཞས་དང་ཞབས་བྲོ་འཁྲབ་པ་དང་ཏག་སེ་བརྩེས་པ་སོགས་ཅི་དགའ་གང་སྐྱིད་ལ་རོལ་བཞིན་འདུག་པས་མ་ཚད། གཙོ་བོར་དེ་རིང་རིག་འཛིན་བསྟན་དགའ་ལགས་ཀྱི་ཆུང་མ་བསྟན་འཛིན་ཆོས་སྒྲོན་ལགས། ཟླ་ཤས་སྔོན་ཨོ་གླིང་ནང་ཏོག་དབྱིབས་ན་ཚའི་དཀའ་ངལ་དང་དམ་བསྒྲགས་ཆེ་བའི་སྐབས་སུ་རྒྱ་གར་ནས་འབྱོར་ན་ཡང་། ཁོ་མོ་ཨོ་གླིང་ནང་འབྱོར་མ་ཐག་དུས་ཡུན་ཉིན་གྲངས་ ༡༤ ལྷག་ཟུར་བཀག་མགྲོན་ཁང་དུ་སྡོད་དགོས་བྱུང་བས་མ་ཟད། ཟུར་བཀག་རྗེས་ནས་ཀྱང་ཁྱིམ་སྡོད་བཀའ་རྒྱའི་རྐྱེན་པས་གྲོགས་པོ་གྲོགས་མོ་མང་པོ་ཞིག་གི་ཁོང་ལ་འཚམས་འདྲི་དུ་ཡོང་མ་ཐུབ་སྟབས། དེ་རིང་ཁོང་གཉིས་ཀྱི་ཕ་ཡུལ་གཅིག་པ་དང་གྲོགས་པོ་གྲོགས་མོ་ཚོས་ཁོང་བཟའ་ཚང་གཉིས་ལ་འཚམས་འདྲིའི་ཁ་བཏགས་དང་ལག་རྟགས་སོགས་ཕུལ་སོང་།
Tibetan
Source: SBS Tibetan
བསྟན་འཛིན་ཆོས་སྒྲོན་ལགས་ཀྱིས་ཁྱིམ་སྡོད་བཀའ་རྒྱ་ལྷོད་དུ་བཏང་བ་དང་། དེ་རིང་གནམ་གཤིས་ཡག་པོ། གྲོགས་པོ་གྲོགས་མོ་དང་ལྷག་པར་བོད་མི་མང་པོ་ཞིག་དེ་རིང་གཞི་ནས་ཐུག་སོང་བས་ཧ་ཅང་དགའ་པོ་བྱུང་སྐོར་གསུངས་དོན། “ངའི་མིང་ལ་བསྟན་འཛིན་ཆོས་སྒྲོན་ཡིན། ཉེ་ཆར་ཕྱི་ཟླ་ ༨ པའི་ནང་ཨོ་སི་ཊོ་ལི་ཡ་ལ་འབྱོར་བ་ཡིན། ང་རང་ཐོག་མར་འབྱོར་སྐབས་ཨོ་སི་ཊོ་ལི་ཡའི་ནང་ Lockdown ཁྱིམ་སྡོད་བཀའ་རྒྱ་རེད་འདུག སྐབས་དེར་ཡར་མར་མང་པོ་འགྲོ་ཆོག་གི་མི་འདུག་ལ་བོད་མི་ཡང་མང་པོ་ཐུག་གི་མི་འདུག དེ་རིང་འདིར་བོད་མི་མང་པོ་ཞིག་ཐུག་ནས་ཚོར་སྣང་ཧ་ཅང་སྐྱིད་པོ་བྱུང་སོང་། འདིར་སླེབས་པ་ནས་བཟུང་དེ་རིང་བོད་མི་མང་ཤོས་ཐུག་བྱུང་། མ་ཚད་དེ་རིང་འདིར་བོད་མི་མ་ཡིན་པའི་མི་མང་པོ་ཞིག་ཀྱང་ག་ས་ག་ལ་གླིང་ཁ་གཏོང་གི་ཡོད་པ་མཐོང་དུས་ཚོར་སྣང་ཧ་ཅང་སྐྱིད་པོ་བྱུང་སོང་”ཞེས་གསུངས་བྱུང་།

 

 

 


Share

Published

Updated

By Sangyal Dorjee

Share this with family and friends


Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service