ཉེ་ཆར་ Dark HunTor ཞེས་ཨ་རིའི་གསང་བ་ལས་ཁུངས་ FBI གཙོས་པའི་མཐུན་ཕྱོགས་རྒྱལ་ཁབ་ཨོ་སི་ཊོ་ལི་ཡ་དང་ཡོ་རོབ་རྒྱལ་ཁབ་ཁག་གི་གསང་བ་ལས་ཁུངས་དང་ཉེན་རྟོག་དཔུང་སྡེ་བཅས་མཉམ་འབྲེལ་གྱིས་ཨོ་སི་ཊོ་ལི་ཡ་དང་། བྷུལ་གྷ་རིས་ཨ། ཧྥ་རན་སི། འཇར་མན། དབྱི་ཊ་ལི། ནེ་རྡར་ལན་ཌི། སུད་སི། དབྱིན་ཡུལ། ཨ་རི་བཅས་ཀྱི་ནང་དྲ་ཐོག་ནས་ཁྲིམས་འགལ་ཉོ་ཚོང་དང་། ནག་ཚོགས། གཙོ་བོར་དུག་རྫས་ཉོ་ཚོང་དང་དབོར་འདྲེན་སྐོར་མཉམ་འབྲེལ་ཞིབ་འཇུག་བྱས།
སྐབས་དེར་ཡོ་རོབ་སྒོར་མོ་ས་ཡ་མང་པོའི་དངུལ་དམར་དང་། Bitcoin སོགས་ཉོ་ཚོང་བྱེད་བཞིན་ཡོད་པས་མ་ཚད། བཟི་སྨན་དུག་རྫས་དང་། མེ་མདའི་རིགས་དྲ་ཐོག་ནས་ཉོ་ཚོང་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་ཡོད་སྐོར་ཉེ་ཆར་རེས་གཟའ་མིག་དམར་ཉིན་ཡོ་རོབ་མཉམ་འབྲེལ་གྱི་ཉེན་རྟོག་པ་ Europol ནས་འགྲེལ་བརྗོད་གནང་འདུག
མཉམ་འབྲེལ་དྲ་ཐོག་ནག་ཚོགས་ཞིབ་འཇུག་དེའི་ཐོག་ནས་ཨ་རི་གཅིག་པུའི་ནང་མི་གྲངས་ ༦༥ འཛིན་བཟུང་དང་། འཇར་མན་ནང་མི་ ༤༧ འཛིན་བཟུང་། དབྱིན་ཡུལ་ནང་མི་ ༢༤ འཛིན་བཟུང་། དབྱི་ཊ་ལི་དང་ནེ་རྡར་ལན་ཌི་གཉིས་ནང་མི་ ༤ རེ་འཛིན་བཟུང་དེ་མིན་རྒྱལ་ཁབ་གཞན་ཁག་ཅིག་གི་ནང་ལའང་མི་ཁ་ཤས་འཛིན་བཟུང་བྱས་ཡོད་འདུག
དྲ་ཐོག་ཁྲིམས་འགལ་ཉོ་ཚོང་བྱེད་མཁན་དྲ་བ་ནག་པོའི་ཚོགས་མི་འཛིན་བཟུང་བྱ་རྒྱུ་ནི་ཡོ་རོབ་མཉམ་འབྲེལ་གྱི་ཉེན་རྟོག་པའི་དམིགས་འབེན་གལ་ཆེན་ཞིག་ཆགས་ཡོད་པ་དང་། ཉེན་རྟོག་པས་ལག་དངུལ་ཡོ་རོབ་སྒོར་མོ་ས་ཡ་ ༢༦་༧ དང་། མེ་མདའ་ ༤༥ ཉལ་ཐག་གི་དུག་རྫས་སྤྱི་རྒྱ་ ༢༣༤ དེའི་ནང་ཉལ་ཐག་གི་སྨན་རིལ་བུ་ ༢༥༠༠༠ ཙམ་གཞུང་བཞེས་བཙན་འཕྲོག་བྱས་ཡོད་འདུག
རྒྱལ་ཁབ་བརྒྱད་ནས་མི་གྲངས་ ༡༥༠ འཛིན་བཟུང་དང་། དྲ་བ་ནག་པོ་གཉིས་སྒོ་བརྒྱབ་རྗེས་ཡོ་རོབ་མཉམ་འབྲེལ་ཉེན་རྟོག་པས་"ཁྱེད་རང་གིས་དྲ་བ་ནག་པོ་ཐོག་ནས་ལས་དོན་བདེ་འཇགས་རེད་བསམས་སྲིད་ཀྱང་། དྲ་བ་ནག་པོའི་ནང་མ་ཞུགས་སྔོན་ཡང་བསྐྱར་བསམ་བློ་གཏོང་དགོས་པ་རེད་"ཅེས་གསུངས་འདུག
ཐེངས་འདིར་ཨོ་སི་ཊོ་ལི་ཡ་ཡང་མཉམ་འབྲེལ་དྲ་ཐོག་ནག་ཚོགས་ཞིབ་འཇུག་ནང་མཉམ་ཞུགས་བྱས་ཡོད་ཀྱང་། ཨོ་སི་ཊོ་ལི་ཡའི་ནང་མི་འཛིན་བཟུང་གི་རིགས་བྱུང་མེད། དེ་སྔོན་འཇར་མན་གྱི་སྣེ་ཁྲིད་པའི་ཉེན་རྟོག་དཔུང་སྡེ་ཞིག་གིས་འཛམ་གླིང་ནང་དྲ་བ་ནག་པོའི་ཁྲོམ་ར་ཆེ་ཤོས་ཤིག་ཨོ་སི་ཊོ་ལི་ཡའི་མི་ཞིག་གིས་གཙོ་གཉེར་བྱེད་བཞིན་པ་དང་དེས་དུག་རྫས་ཉོ་ཚོང་གི་མཐུན་རྐྱེན་བསྐྲུན་བཞིན་ཡོད་པས་མ་ཚད། དངུལ་ཁང་གི་བྱང་བུའི་ཞིབ་ཕྲ་གནས་ཚུལ་བརྐུ་འཁྱེར་བྱེད་བཞིན་ཡོད་སྐོར་བརྗོད་ནས་འཇར་མན་ནང་འཛིན་བཟུང་བྱས་ཡོད་པ་རེད།
ཞིབ་འཇུག་རྗེས་དྲ་ཐོག་ཁྲོམ་ར་ནག་པོ་ཞིག་འདི་ལོར་ཕྱི་ཟླ་ ༡ པོའི་ནང་སྒོ་བརྒྱབ་ཡོད་པ་དང་། སྐབས་དེར་དྲ་བ་དེར་འཛུལ་ཞུགས་བྱེད་མཁན་ཁྱོན་མི་གྲངས་ ༥༠༠༠༠༠ ཙམ་དང་། ཅ་དངོས་ཚོང་མཁན་མི་གྲངས་ ༢༤༠༠ ཙམ་དྲ་ཐོག་ཉོ་ཚོང་གྲངས་ ༣༢༠༠༠༠ དང་། གཞན་ཡང་བྷི་ཊི་ཀོན་ Bitcoin ༤༦༥༠ དང་མོ་ནེ་རོ་ Monero ༡༢༨༠༠ ཕར་བཏང་ཚུར་བཏང་བྱས་ཡོད་པས་ཤེས་རྟོགས་བྱུང་ཡོད་པ་རེད། བྷི་ཊི་ཀོན་ ༡ ལ་འཛའ་ཐང་ཨ་སྒོར་ ༦༠༨༠༠ ལྷག་དང་། མོ་ནེ་རོ་ ༡ ལ་འཛའ་ཐང་ཨ་སྒོར་ ༢༧༠ ཙམ་གནས་ཀྱི་ཡོད་པ་རེད།
དེང་སང་དྲ་བ་ནག་པོའི་ཐོག་ནས་ཁྲིམས་འགལ་ཉོ་ཚོང་དང་། དངུལ་དང་སྒེར་གྱི་གསང་བའི་ཡིག་ཆ་རྐུ་འཁྱེར་སོགས་ཀྱི་ཉེན་ཁ་ཆེན་པོ་ཡོད་པ་དང་། དེ་སྔོན་ངོ་དེབ་སྤྱོད་མཁན་ཁྱོན་མི་གྲངས་ཐེར་འབུམ་ ༡་༥ ལྷག་ཙམ་གྱི་ཡིག་ཆ་དྲ་བ་ནག་པོའི་ཐོག་བཙོངས་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། ཡིག་ཆ་དེ་དག་གང་ནས་ཡིན་མིན་ who.is ཐོག་ཞིབ་འཇུག་བྱས་སྐབས་ངོ་དེབ་ facebook.com ནས་ཡིན་པ་ཤེས་རྟོགས་བྱུང་ཡོད་པ་རེད།
ངོ་དེབ་སྤྱོད་མཁན་སྒེར་གྱི་ཡིག་ཆ་ཚོང་གཉེར་བྱེད་བཞིན་ཡོད་པའི་ཁྱབ་བསྒྲགས་གློག་ཀླད་ཀྱི་འཆར་ངོས་ནས་པར་བརྒྱབ་པའི་ Screenshot ཡི་གེ་ཞིག་འཕྲུལ་སྒྲ་ Twitter ཐོག་བཞག་ཡོད་པ་དང་། པར་རྒྱག་དགོས་དོན་ནི་འཆར་ངོས་ནས་པར་བརྒྱབ་པའི་ཡི་གེ་དེ་གྷུ་གྷལ་ google སོགས་འཚོལ་བཤེར་མ་ལག་དེ་ཚོས་རྙེད་མི་ཐུབ་ཀྱི་མེད་པ་རེད།
དྲ་བ་ནག་པོ་ Dakr web ནི་དྲ་ལམ་དུ་སྤྱོད་བཞིན་པའི་དྲ་ཚིགས་ཤིག་ཡིན་ཡང་གཉེན་ཆས་དམིགས་བསལ་ཞིག་གིས་བརྒྱུད་ནས་བེད་སྤྱོད་བྱེད་ཐུབ་ཀྱི་ཡོད་པ་དང་། དེ་ཡང་ཡིབ་ནས་བསྡད་པའི་དྲ་ཚིགས་ཀྱི་ཚོགས་ཤིག་ཡིན་སྟབས་དྲ་བའི་བཤེར་འབེབས་དམིགས་བསལ་ཞིག་བརྒྱུད་དགོས་ཀྱི་ཡོད་པ་རེད། དེ་ནི་ཁྲིམས་འགལ་དང་ཁྲིམས་འགལ་མ་ཡིན་པ་གཉིས་ཀར་བེད་སྤྱོད་ཆེན་པོ་ཆགས་ཡོད་པ་དང་། དྲ་བ་ནག་པོ་ལ་རྒྱུན་དུ་ང་ཚོས་མཐོང་བཞིན་པའི་དྲ་ཚིགས་གཞན་ལྟར་དྲ་བྱང་ངམ་དྲ་ཐག་ Index ཟེར་བ་དེ་མེད་སྟབས་གྷུ་གྷལ་སོགས་དྲ་བ་འཚོལ་བཤེར་མ་ལག་གྲགས་ཆེ་བ་དེ་ཚོས་རྙེད་ཐུབ་ཀྱི་མེད་པ་རེད།