ཉེ་ཆར་ཁུན་སི་ལན་ཌི་མངའ་སྡེས་ཕྱི་ཟླ་ ༧ པའི་ཚེས་ ༡༠ ཉིན་མངའ་སྡེའི་ས་མཚམས་སྒོ་ཕྱེ་ནས་མངའ་སྡེ་གཞན་ཚང་མའི་དབར་འགྲོ་འོངས་ཆོག་པ་བཟོ་རྒྱུ་དང་། འོན་ཀྱང་ཝི་ཊོ་རི་ཡ་མངའ་སྡེའི་ནས་འགྲུལ་པ་འགྲོ་འོངས་མུ་མཐུད་བཀག་འགོག་བྱ་རྒྱུ་ཡིན་སྐོར་གསལ་བསྒྲགས་གནང་འདུག དེའི་རྒྱུ་མཚན་ནི་ཉེ་ཆར་ཝི་ཊོ་རི་ཡ་མངའ་སྡེའི་ནང་ནད་པ་གསར་པའི་གྲངས་འབོར་མུ་མཐུད་འཕར་བཞིན་ཡོད་པས་རྐྱེན་གྱིས་ཡིན་འདུག
ཕྱི་ཟླ་ ༧ པའི་ཚེས་ ༡༠ ཉིན་ནས་ཏཱ་སི་མ་ནི་ཡ་དང་། ཨོ་སི་ཊོ་ལི་ཡ་ལྷོ་ཕྱོགས་མངའ་སྡེ། ནུབ་ཕྱོགས་མངའ་སྡེ། ནེའུ་སོ་ཐི་ཝལ། བྱང་ཕྱོགས་ས་ཁུལ་དང་དེ་བཞིན་ཨོ་སི་ཊོ་ལི་ཡའི་རྒྱལ་ས་མངའ་ཁུལ་ནས་མི་ཚང་མ་ཁུན་སི་ལན་ཌི་མངའ་སྡེའི་ནང་འགྲོ་འོངས་ཆོག་གི་ཡོད་འདུག
དེ་ཡང་གོང་གསལ་མངའ་སྡེ་ད་དག་ནས་ཡོང་མཁན་རྣམས་མངའ་སྡེའི་ས་མཚམས་སུ་སླེབས་དུས་ཉེ་བའི་ཉིན་གྲངས་ ༡༤ ནང་ཝི་ཊོ་རི་ཡ་མངའ་སྡེའི་ནང་འགྲོ་བསྐྱོད་བྱས་མེད་པ་གསལ་འདེབས་དགོས་སྐོར་ཁུན་སི་ལན་ཌི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལྕམ་ Annastacia Palaszczuk མཆོག་གིས་འགྲེལ་བཤད་གནང་འདུག
ཁོ་མོས་ད་དུང་ཁོང་གི་ལས་འགན་དང་པོ་ནི་ཁུན་སི་ལན་ཌི་མངའ་སྡེའི་མི་མང་དང་ཁུན་སི་ལན་ཌིའི་མངའ་སྡེའི་ནང་མི་ཁྱིམ་ཚང་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་སྐོར་ཉེ་ཆར་རེས་གཟའ་མིག་དམར་ཉིན་གསར་འགོད་པར་འགྲེལ་བརྗོད་གནང་འདུག
ཕྱི་ཟླ་ ༧ ཚེས་ ༣ ཉིན་ནས་སུ་ཞིག་ཝི་ཊོ་རི་ཡ་ནས་ཁུན་སི་ལན་ཌིར་འཛུལ་ཞུགས་བྱེད་ཆོག་གི་མེད་པ་དང་ཡང་ན་དུས་ཡུན་ཉིན་གྲངས་ ༡༤ རིང་ཟུར་བཀག་དུ་སྡོད་དགོས་པས་མ་ཚད། འགྲོ་སོང་ཆ་ཚང་རང་ངོས་ནས་གཏོང་དགོས་ཀྱི་ཡོད་འདུག
རེས་གཟའ་མིག་དམར་ཉིན་བློ་ཆེན་ལྕམ་ Annastacia Palaszczuk མཆོག་གིས་འཕྲོད་བསྟེན་ལས་བྱེད་དང་ལས་རོགས་ཚོ་དང་ལྷན་དུ་མངའ་སྡེའི་ས་མཚམས་སྐོར་གྲོས་བསྡུར་དང་། དེ་བཞིན་ཚོགས་སྡེ་ཁག་ཅིག་དང་བཟོ་ལས་ཁག་ཅིག་གི་མཛད་སྤྱོད་པ་ཚོའི་འགྲོ་འོངས་ཀྱི་ན་ཚ་འགོས་ཁྱབ་སྐོར་གྲོས་བསྡུར་བྱས་ཡོད་འདུག
ལྕམ་ Annastacia Palaszczuk མཆོག་དང་ཁོ་མོའི་གཞུང་འཛིན་ང་རྩོལ་ (Labor) ཚོགས་པས་ཁུན་སི་ལན་ཌིའི་མི་མང་རྣམས་ཀྱི་བདེ་འཇགས་ཆེད་མངའ་སྡེའི་ས་མཚམས་སྒོ་བརྒྱབ་ཡོད་ཀྱང་ (Liberal National Party ) གུང་ཡངས་སྲིད་དོན་ཚོགས་པས་ཚོང་ལས་ཉམས་གུད་དུ་འགྲོ་བཞིན་པར་ས་མཚམས་སྒོ་ཕྱེ་དགོས་སྐོར་བརྗོད་ཡོད་འདུག
ད་ལྟའི་ཆར་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ན་ཚའི་གནས་སྟངས།
- ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༣ ཉིན་བར་ཨོ་སི་ཊོ་ལི་ཡའི་ནང་ཁྱོན་ཏོག་དབྱིབས་ནད་པ་གྲངས་ ༨༠༠༡
- དྲག་བསྐྱེད་བྱུང་བ་ ༧༠༩༠
- འཆི་སྐྱོན་མི་གྲངས་ ༡༠༤
- འདས་པའི་ཆུ་ཚོད་ ༢༤ ནང་ནད་པ་གསར་པ་གྲངས་ ༨༦
- ཉེ་བའི་ཉིན་གྲངས་བདུན་ནང་རྒྱལ་ཁབ་གཞན་ནས་ཡོང་བའི་འགྲུལ་པ་ནད་པ་གྲངས་ ༧༡
- བདུན་ཕྲག་གཅིག་ནང་ས་གནས་སུ་ནད་པ་གསར་པ་གྲངས་ ༢༥༣
- འདས་པའི་དུས་ཡུན་ཆུ་ཚོད་ ༢༤ ནང་ཁྱོན་མི་གྲངས་ ༥༧༨༥༩ ལ་བརྟག་དཔྱད།
- ད་བར་ཁྱོན་མི་གྲངས་ ༢༥༦༣༧༨༢ ལ་བརྟག་དཔྱད་བྱས་ཡོད་པ་རེད།
ཨོ་སི་ཊོ་ལི་ཡའི་ནང་མི་རྣམས་ངེས་པར་དུ་མི་གཞན་དང་བར་ཐག་རྨིད་ ༡།༥ བཞག་དགོས་པ་དང་། འདུ་འཛོམས་ཚད་བཀག་སྐོར་མངའ་སྡེ་གཞུང་གི་བཀོད་ཁྱབ་བརྟག་དཔྱད་བྱེད་དགོས་པ་ཡིན། ཏོག་དབྱིབས་ནད་དུག་བརྟག་དཔྱད་བྱེད་ས་ཨོ་སི་ཊོ་ལི་ཡའི་ས་གནས་གང་སར་ཡོད། གལ་སྲིད་ཁྱེད་རང་ལ་ཆམ་པ་དང་ཡང་ན་རིམས་ཆམ་ནད་རྟགས་ཐོན་ཚེ། བརྟག་དཔྱད་བཀོད་སྒྲིག་ཆེད་རྒྱལ་ཡོངས་ཏོག་དབྱིབས་ནད་དུག་འཕྲོད་བསྟེན་གནས་ཚུལ་མཁོ་སྤྲོད་ཛ་དྲག་འབྲེལ་གཏུགས་ཨང་གྲངས་ 1800 020 080 ཐོག་ནས་འབྲེལ་བ་བྱེད་དགོས་པ་ཡིན།
ཨོ་སི་ཊོ་ལི་ཡ་གཞུང་གི་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་མཉེན་ཆས་ COVIDSafe དེ་ཁྱེད་ཀྱི་ཁ་པར་ཐོག་ཕབ་ལེན་བྱེད་ཆོག ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་མཉེན་ཆས COVIDSafe སྐོར་འདི་ནས་གཟིགས་རོགས།
SBS གསར་ཁང་གིས་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་དུག་གི་འཕེལ་རིམ་སྐོར་གནས་ཚུལ་གསར་ཤོས་མཁོ་སྤྲོད་བྱེད་བཞིན་ཡོད། ཏོག་དབྱིབས་ནད་དུག་སྐོར་གསར་འགྱུར་དང་གནས་ཚུལ་ཁག་དྲ་ཚིགས་ sbs.com.au/coronavirus ཐོག་སྐད་ཡིག་ ༦༣ ནང་ཡོད་པ་ཡིན།