ཁ་ལོ་བ་ཚོ་རང་ཉིད་ཀྱི་རླངས་འཁོར་གྱི་འགན་བཅོལ་གྱི་རིན་གོང་ཇི་ལྟར་འཕར་བཞིན་ཡོད་པ་དང་། དེ་ལ་བཅོས་ཐབས་ཅི་ཡོད་མེད་ཤེས་རྟོགས་མེད་པར་ལུས་ཡོད།
གནས་བསྡུས།
- རླངས་འཁོར་འགན་བཅོལ་གྱི་རིན་གོང་ནི་དངུལ་གྱི་ཛ་ཐང་ཆག་པ་ལས་མྱུར་བ་འཕར་བཞིན་ཡོད་པས། ཁ་ལོ་བ་ཚོས་འཕར་ཚད་ཆེ་བའི་རིན་གོང་འཇལ་དགོས་ཀྱི་ཡོད།
- ཨོ་སི་ཊེ་ལི་ཡའི་ཉེན་སྲུང་དང་མ་འཇོག་ཚན་པས་(ASIC)འགན་བཅོལ་བ་ཚོས་མི་རྣམས་ལ་དགོས་ངེས་ཀྱི་གནས་ཚུལ་ཁག་གསལ་ཁ་བཟོ་ཡི་མེད་པའི་ཉེས་འཛུགས་བྱེད་ཀྱི་ཡོད།
རླངས་འཁོར་གྱི་ཉེན་སྲུང་འགན་བཅོལ་ཁང་དག་གིས་འགན་བཅོལ་དངུལ་འཕར་བའི་རྒྱུ་མཚན་གསལ་བཤད་འདང་ངེས་བྱེད་ཀྱི་མེད་པས། ཁ་ལོ་བ་ཚོས་རྒྱུ་མཚན་གོ་རྟོགས་མེད་པར་སྔར་ལས་ལྷག་པའི་འགན་བཅོལ་མ་ཨོ་སྒོར་བརྒྱ་ཕྲག་མང་པོས་མཐོ་བ་སྤྲོད་ཀྱི་ཡོད་སྲིད།
རླངས་འཁོར་འགན་བཅོལ་གྱི་འགན་བཅོལ་དངུལ་དེ་ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༧ བར་གྱི་ལོ་གཅིག་གི་ནང་བརྒྱ་ཆ་ ༨% འཕར་ཡོད་པ་དང་། དེ་ནི་སྤྱི་ཡོངས་ཀྱི་འཛད་སྤྱོད་པའི་རིན་གོང་གི་ཚད་བརྒྱ་ཆ་ ༣% ལས་ལྡབ་གཉིས་ལྷག་མང་བ་ཡིན་པས། སྤྱིར་བཏང་གི་དཔལ་འབྱོར་གྱི་གོང་ཚད་དམའ་རུ་ཕྱིན་ཡོད་ནའང་། ཁྱིམ་ཚང་གི་འགྲོ་གྲོན་ལ་གནོན་ཤུགས་སྤྲོད་ཀྱི་ཡོད།
རེས་གཟའ་མིག་དམར་ཡིན་གསལ་སྟོན་བྱས་པའི་སྙན་ཐོ་ཞིག་གི་བརྒྱུད་ཨོ་སི་ཊེ་ལི་ཡའི་ཉེན་སྲུང་དང་མ་འཇོག་ཚན་པས་རླངས་འཁོར་བཟོ་བཅོས་དང་། རྐུན་འཁྱེར། ལམ་ཁྲལ་སོགས་མཐོ་རུ་ཕྱིན་པ་ལས་གཞན་འགན་བཅོལ་ཚོང་པ་ཚོས་ཁ་ལོ་བ་ཚོར་འགན་བཅོལ་མ་དངུལ་མཐོ་རུ་ཕྱིན་པའི་རྒྱུ་མཚན་འདང་ངེས་གསལ་ཁ་བཟོ་ཡི་མེད།
"འགན་བཅོལ་ཁང་མང་ཆེ་བས་ཁ་སྣོན་ཡིག་ཆའི་ནང་སྤྱི་ཡོངས་ཀྱི་གསལ་བཤད་ཙམ་ལས་མེད་པ་དང་འགའ་ཤས་ཀྱིས་གསལ་བཤད་གང་ཡང་སྤྲད་མེད་པ་རེད།"ཅེས་ཨོ་སི་ཊེ་ལི་ཡའི་ཉེན་སྲུང་དང་མ་འཇོག་ཚན་པའི་འགན་འཛིན་ཨ་ལན་ཀག་ལན་ཌི་ཡིས་གསུངས།
"བྱེད་ཚུལ་དེས་འགན་བཅོལ་དངུལ་འཕར་ཆག་ཆེན་པོ་བྱུང་བའི་རྒྱུ་མཚན་ཤེས་ཐབས་བྱེད་མཁན་གྱི་ཚོང་འགྲོན་པ་ཚོའི་དགོས་མཁོ་སྐོང་ཐུབ་ཀྱི་མེད།"
ཨོ་སི་ཊེ་ལི་ཡའི་ཉེན་སྲུང་དང་མ་འཇོག་ཚན་པས་བསྐྱར་ཞིབ་ནང་ཚུད་པའི་ཉེན་སྲུང་འགན་བཅོལ་ཁང་བརྒྱད་ཀྱིས་ཁྲོམ་རའི་བརྒྱ་ཆ་ ༧༢% ཟིན་ཡོད་པ་དང་། དེ་ཚོས་འགན་བཅོལ་དངུལ་དེ་ག་འདྲ་བརྩིས་པ་དང་། སྔ་ལོའི་ནང་འགྱུར་བ་གང་བྱུང་ཡོད་པའི་རྒྱུ་མཚན་གསལ་བཤད་བྱས་མེད།
འགན་བཅོལ་དངུལ་འཕར་བའི་རྒྱུ་མཚན་མ་བཤད་པར་བརྟེན། མི་རྣམས་རང་གི་ད་ལྟའི་འགན་བཅོལ་ཁང་དེར་མུ་མཐུད་ནས་མཉམ་དུ་གནས་དགོས་མིན་ནམ་ཡང་ན་གཞན་དུ་འགྲོ་དགོས་མིན་ཐག་གཅོད་བྱེད་པར་དགོས་པའི་གལ་ཆེའི་ཤེས་རྟོགས་མེད་པ་ཆགས་ཡོད།
འགན་བཅོལ་ཚོང་པ་ཚོས་ལོ་གཅིག་གི་དངུལ་སྤྲོད་ཐེངས་གཅིག་གི་ཚབ་ཏུ་དངུལ་སྤྲོད་རིམ་པ་བྱས་ན་འགྲོ་གྲོན་མཐོ་བ་ཡོད་པའི་གནས་སྟངས་སྐོར་གྱི་གནས་ཚུལ་ཡང་གསལ་སྤྲོད་མི་བྱེད་པ་དེ་ཡང་ཞན་ཆ་ཞིག་ཡིན།

ཨོ་སི་ཊེ་ལི་ཡའི་ཉེན་སྲུང་དང་མ་འཇོག་ཚན་པས་འགན་བཅོལ་ཚོང་པ་ཚོར་འགན་བཅོལ་དངུལ་དང་འགན་བཅོལ་གྱི་སྐོར་བསྐྱར་ཞིབ་དང་དྲི་བ་འདྲི་བའི་ཡིག་ཆ་གཉིས་ཀ་ཡག་ཏུ་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད།
འགན་བཅོལ་གྱི་འཐུས་མིའི་ལྷན་ཚོགས་ཀྱི་མགྲིན་ཚབ་པས་ཚོང་རིགས་ཚན་པ་དེས་འགན་བཅོལ་ཉོ་མཁན་གྱི་ཚོང་མགྲོན་ཚོར་གང་ཞིག་གི་ཆེད་དུ་དངུལ་གཏོང་གི་ཡོད་པ་དང་དེའི་རྒྱུ་མཚན་ཤེས་རྟོགས་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པའི་དགོས་མཁོ་དེ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད།
ཁོང་གིས་ "རྒྱལ་ཡོངས་སུ་ཉེན་སྲུང་འགན་བཅོལ་མ་དངུལ་ལ་གནོན་ཤུགས་སྤྲོད་པའི་རྒྱུ་རྐྱེན་དེ་ཚོའི་ནང་གནམ་གཤིས་འགྱུར་མདོག་ཚབས་ཆེ་བས་འགྲོ་གྲོན་འཕར་བ་དང་། ཉེན་སྲུང་དང་འབྲེལ་བའི་ཁྲལ། ཞིག་གསོ་དང་རླངས་འཁོར་གྱི་ཆ་ལག་གི་འགྲོ་གྲོན་འཕར་བ་བཅས་ཚུད་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༠ ལོ་ནས་བཟུང་རླངས་འཁོར་གྱི་སྐྱིན་ཚབ་ཀྱི་འགྲོ་གྲོན་བརྒྱ་ཆ་ ༤༧% འཕར་ཡོད་པ་དང་། ཕྱི་ལོ་ ༢༠༢༢ ལོ་ནས་བཟུང་བཟོ་བསྐྲུན་གྱི་འགྲོ་གྲོན་བརྒྱ་ཆ་ ༤༤% འཕར་ཡོད།"
མགྲིན་ཚབ་པས་"འདི་ནི་འགྲན་རྩོད་ཆེ་བའི་ཁྲོམ་ར་ཞིག་ཡིན་པས། ང་ཚོས་ཚོང་མགྲོན་ཚང་མས་རང་གི་ཉེན་སྲུང་མཁན་དང་མཉམ་དུ་གླེང་མོལ་བྱེད་པ་དང་། འགན་བཅོལ་བསྐྱེར་གསོ་བྱེད་སྐབས་ཚོང་པ་གཞན་ལའང་ལྟ་ཉུལ་བྱེད་དུ་འགྲོ་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད།"
རླངས་འཁོར་གྱི་འགན་བཅོལ་གྱི་སྐྱིན་ཚབ་ཀྱི་འགྲོ་གྲོན་འཕར་བའི་རྒྱུ་མཚན་གཅིག་ནི་ཝིག་ཊོ་རི་ཡ་ནང་རླངས་འཁོར་རྐུ་འཁྱེར་གྱི་གྲངས་འབོར་འཕར་བ་དེ་ཡིན་པ་དང་། ཕྱི་ལོ་ ༢༠༢༥ ལོར་རླངས་འཁོར་རྐུ་འཁྱེར་གྱི་རིན་འབབ་ཁྱོན་བསྡོམས་ཨོ་སྒོར་ས་ཡ་ ༢༤༣ བྱུང་བ་དེ་མངའ་ཁུལ་གཞན་ཚང་མའི་ཁྱོན་བསྡོམས་ལས་མང་བ་ཡིན།"






