བལ་ཡུལ་ནང་གི་འཁྱགས་རྡོ་རྦབ་དྲིལ་གྱི་རྐྱེན་གྱིས་བྱུང་བའི་ཆུ་ལོག་གི་རྐྱེན་ངན་དེའི་ཉིན་གྲངས་བཅུ་གཅིག་རྗེས་སུ་བསྐྱར་དུ་མི་གཉིས་གསོན་པོར་རྙེད་ཡོད། དེ་ནི་མི་གྲངས་ ༡༣༠༠ ལྷག་གི་ཚེ་སྲོག་ཤོར་བ་དང་ཨོ་སི་ཊེ་ལི་ཡའི་ཡུལ་མི་ ༣༦ ཚུད་པའི་མི་གྲངས་ ༤༩༠༠ ལྷག་གར་སོང་ཆ་མེད་དུ་གྱུར་པའི་གོད་ཆག་དེའི་ཁྲོད་དུ་རེ་བའི་མེ་སྟག་ཆུང་ངུ་ཞིག་རེད།
རྒྱའི་ལས་མི་ལུ་ཧའེ་ཐ་འོ་སྨན་ཁང་གི་ཉལ་ཁྲིའི་སྟེང་དུ་འཆི་རྐྱེན་ལས་མཐར་ཏེ་བདེ་འཇགས་ངང་གནས་ཡོད་ཀྱང་། ད་དུང་མགོ་ཡུ་འཁོར་བ་དང་མགོ་ལྕི་བའི་ཚོར་བ་བྱུང་བཞིན་ཡོད་པ་རེད། ཁོ་པས་སྲོག་སྐྱོབ་འདྲིན་ཆེན་ཚོར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ལུ་ཧེ་ཐ་འོ་ཁོ་རང་འདམ་རྡོའི་གོད་ཆག་ཀྱི་རྐྱེན་གྱིས་མུན་གྱིས་འགྲིབ་པའི་ཆུ་འཁོར་གློག་ཁང་དང་མཐུད་པའི་བྲག་ཕུག་གཅིག་གི་ནང་ཉིན་གྲངས་བཅུ་རིང་ལུས་ཡོད།
ལུ་ཧའེ་ཐ་འོ་ཡིས་ཏྲི་ཤུ་ལི་ཆུ་འཁོར་གློག་ཁང་དང་མཐུད་པའི་བྲག་ཕུག་ནང་ལྷག་པའི་དོན་རྐྱེན་དེ་དྲན་གསོ་བྱེད་སྐབས་རོགས་སྐྱོར་གྱི་འོད་སྣང་ཁོང་གི་ཉེ་འགྲམ་དུ་སླེབས་སྐབས་ཁོང་ལ་ཡིད་ཆེས་དཀའ་བའི་ཚོར་བ་བྱུང་ཅེས་བརྗོད།
དེ་དུས་ཁོ་པས་ཐེངས་མང་པོར་སྐད་བརྒྱབ་པ་དང་འོད་སྣང་མཐོང་རེས་བཞིན་སྐད་ཤུགས་ཆེ་རུ་བཏང་ཡོད། འོན་ཀྱང་སུས་ཀྱང་ཁོ་པའི་སྐད་ཐོས་མེད། དེ་རྗེས་ཁོང་དངོས་སུ་སྐྱོབ་སྐབས་རེ་བ་ཡོད་ཚད་ཟད་པས་འོད་སྣང་ཁོང་གི་མིག་མདུན་དུ་སླེབས་ཀྱང་སྐད་བརྒྱབ་མེད།
ལུ་ཧའེ་ཐ་འོ་དེ་ལྟར་ཡུན་རིང་གསོན་ཐུབ་པའི་རྒྱུ་མཚན་དྲིས་སྐབས་བལ་ཡུལ་དམག་མིའི་སྨན་བཅོས་ཞབས་ཞུའི་དབུ་འཛིན་བྷན་ཌ་རི་ཡིས་དེའི་རྒྱུ་མཚན་ནི་ཁོ་པའི་བསོད་ནམས་དང་། སེམས་ཤུགས། གནས་བབ་བཅས་ཡིན་པར་བཤད། བལ་ཡུལ་གྱི་ཆུ་འཁོར་གློག་ཁང་ ༡༢ ཀྱི་ཁྲོད་དུ་འཚོལ་ཞིབ་བྱེད་རྒྱུ་ཇེ་མང་དུ་བཏང་ཡོད། ས་ཁུལ་དེ་དག་ཏུ་ལས་མི་ ༩༠༠ ཙམ་གར་སོང་ཆ་མེད་དུ་གྱུར་པ་དང་ལས་མི་ ༥༠༠ ཙམ་བྲག་ཕུག་གཞན་ཁག་ཏུ་ལྷག་ཡོད་པའི་རོབ་ཚོད་བྱེད་བཞིན་ཡོད། རེས་གཟའ་པ་སངས་ཉིན་ཏྲི་ཤུ་ལི་ཆུ་འཁོར་གློག་ཁང་གི་བྲག་ཕྲུག་ཅིག་ནས་བལ་ཡུལ་གྱི་ལས་མི་གཉིས་བསྐྱར་དུ་བསྐྱབས་ཡོད།
དེའི་རྗེས་གཟའ་སྤེན་པའི་ཉིན་རོགས་སྐྱོབ་རུ་ཁག་གིས་གོད་ཆག་ནང་ཐོར་བཤིག་ཏུ་སོང་བའི་ཁང་པའི་ཤུལ་ནས་གསོན་པོར་གནས་པའི་མི་གཞན་ཞིག་རྙེད་ཡོད།
ལོ་ན་ ༦༤ ལ་སོན་པའི་ཨ་མ་ཅན་ཌི་ཀ་ཤྲེ་སི་ཐ་ནུ་ཝ་ཀོ་ཊི་རི་མཚོ་ཁུལ་དུ་ཕྱེད་མེད་པར་གྱུར་བའི་ཁང་པ་ཞིག་གི་ནང་གསོན་པོར་ལྷག་ཡོད། དེ་ནི་ཀ་ཐ་མན་ཌུ་ནས་བྱང་ཕྱོགས་སུ་ཆུ་ཚོད་གཉིས་དང་ཕྱེད་ཀ་ཙམ་གྱི་སར་ཡོད། མྱུར་སྐྱོབ་ཡོང་ཕྱིར་ཁོང་གནམ་གྲུའི་ནང་སྨན་ཁང་དུ་བསྐྱལ་ཡོད།
འཆི་གསོན་གྱི་གཏམ་རྒྱུད་དེ་དག་གིས་མི་གྲངས་ ༡༣༠༠ ལྷག་རྐྱེན་འདས་སུ་ཕྱིན་པ་དང་མི་གྲངས་ ༤༩༠༠ ལྷག་གར་སོང་ཆ་མེད་དུ་གྱུར་པའི་གོད་ཆག་དེའི་ཁྲོད་དུ་ཤིན་ཏུ་དཀོན་པའི་རེ་བའི་འོད་སྣང་ཞིག་སྦྱིན་ཡོད།
བོད་ནང་དུ་ཤིན་ཧྭ་གསར་འགྱུར་ཁང་གིས་གཟའ་པ་སངས་ཉིན། མི་གྲངས་ ༣༡ རྐྱེན་འདས་སུ་ཕྱིན་པ་དང་མི་གྲངས་༥༣༡ གར་སོང་ཆ་མེད་དུ་གྱུར་ཡོད་པར་བརྗོད།
གར་སོང་ཆ་མེད་དུ་གྱུར་པའི་གཉེན་ཉེ་ཚོའི་སྐོར་གནས་ཚུལ་སྒུག་བཞིན་པའི་ཁྱིམ་ཚང་རྣམས་ལ་ཉིན་རེར་སེམས་ཁྲལ་གསར་པར་གདོང་ལེན་བྱེད་བཞིན་ཡོད།
དབང་འཛིན་པ་ཚོས་ཕྱི་རྒྱལ་གྱི་མི་སེར་རྣམས་འཚོལ་ཞིབ་བྱ་རྒྱུ་དེ་གལ་ཆེ་ཤོས་སུ་བརྩི་བཞིན་ཡོད་པ་དང་། རྒྱལ་ཁབ་ ༣༠ ལྷག་གི་མི་སེར་ ༦༠༠ ཙམ་ད་དུང་བརྙེད་མེད་པའི་ནང་ཨོ་སི་ཊེ་ལི་ཡའི་མི་གྲངས་༣༦ ཙམ་གར་སོང་ཆ་མེད་དུ་གྱུར་ཡོད། ཀ་ཐ་མན་ཌུ་རུ་གཉེན་ཉེ་རྣམས་ཀྱིས་གར་སོང་ཆ་མེད་དུ་གྱུར་པའི་མི་རྣམས་ངོས་འཛིན་བྱེད་པར་རོགས་རམ་ཆེད་དུ་རང་གི་རིགས་རྫས་ཀྱི་དཔེ་མཚོན་སྤྲོད་བཞིན་ཡོད་པ་མ་ཟད་སྨན་ཁང་གི་རྩིག་གྱང་དེ་གཉེན་ཉེ་རྣམས་ཀྱིས་རང་གི་གཉེན་ཉེ་རྣམས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་རྒྱུའི་ལམ་གཅིག་པུ་དེར་གྱུར་ཡོད།
ཝི་ཤལ་ཝིག་ནེ་ཤི་ཨ་རི་ནས་རང་གི་ཕ་མ་དང་གཉེན་ཉེ་གཞན་གསུམ་འཚོལ་བར་སླེབས། ཁོང་ཚོ་ཀེ་ལ་ཤ་མན་སར་ཝར་གནས་མཇལ་དུ་ཕྱིན་ཡོད་པ་རེད།
ཁོ་པས་བརྗོད་གསལ་ལ་ “འདི་ནི་གནས་སྟངས་ཉག་ཕྲ་བོ་ཞིག་རེད་འདུག བལ་ཡུལ་དམག་མིས་ཕྱི་རྒྱལ་བ་རྣམས་ལ་དོ་དམ་བྱས་ཏེ་གནས་ཚུལ་ཤེས་རྟོགས་ཡོང་བར་དཀའ་ངལ་ཆེ་བས་ང་ར་སི་ཝ་གྷ་རི་ལ་འགྲོ་ཐུབ་ཀྱི་མི་འདུག ངའི་རེ་བ་ལ་དམའ་མཐར་ཡང་སྒར་ཁ་ཤས་ལ་ཕྱིན་ཏེ་གཉེན་ཉེ་རྣམས་ཀྱི་གནས་སྟངས་ཕྲན་བུ་ཙམ་ཡང་ཤེས་རྟོགས་བྱེད་ཐུབ་ན་བསམ་གྱི་འདུག།”
གོད་ཆག་བྱུང་བའི་མི་རྣམས་ངོས་འཛིན་བྱེད་རྒྱུ་དེ་དཀའ་ངལ་ཆེན་པོ་ཆགས་ཡོད། དེའི་རྒྱུ་མཚན་ནི་ཕུང་པོ་མང་པོ་ཞིག་ལ་སྨས་སྐྱོན་ཆེན་པོ་ཕོག་ནས་རུལ་དྲིས་ཁྱབ་ཡོད། དེར་བརྟེན་རོ་ཁང་རྣམས་སུ་ལས་ཀ་མང་དྲགས་པ་དང་། དེའི་རྐྱེན་གྱིས་ལུས་པོ་ཁ་ཤས་གནས་སྐབས་རིང་ས་འོག་ཏུ་སྦས་དགོས་བྱུང་ཡོད།
འཚོལ་ཞིབ་དང་རོ་འདོན་གྱི་འབད་བརྩོན་དེ་དག་བྱང་བལ་ཡུལ་དང་ཉེ་འགྲམ་གྱི་བོད་ནང་དུ་མུ་མཐུད་ནས་འགྲོ་བཞིན་ཡོད། གསོན་པོར་གནས་པའི་མི་རྣམས་རང་གི་ཁང་པ་རྩ་གཏོར་ཕོག་པའི་གྲོང་གསེབ་ཏུ་ཕྱིར་ལོག་སྟེ་སྒོ་ཕྱུགས་སྐྱོབ་པ་དང་། ཅ་དངོས་འཁྱེར་བ། གོད་ཆག་ཆེན་པོ་དེར་དང་ལེན་བྱེད་ཐབས་བྱེད་བཞིན་ཡོད།
བི་ཌུར་གྲོང་སྡེ་ཁུལ་གྱི་དྷི་ཝི་གྷ་ཊི་གྲོང་གསེབ་ནང་དུ་ཨམ་བི་ཀ་ཡིས་རང་གི་ཁྱོ་གའི་སྙིང་ནད་ཀྱི་སྨན་བཅོས་འཚོལ་བཞིན་ཡོད། ཉེན་རྟོག་པའི་རོགས་རམ་ལ་བརྟེན་ནས་མོས་རང་གི་གཏོར་བཤིག་ཕོག་པའི་ཁང་པའི་ནང་ནས་གལ་ཆེའི་སྨན་བཅོས་ཀྱི་ཡིག་ཆ་དང་སྨན་ཐོ་རྣམས་བསྐྱར་དུ་རྙེད་ཡོད།
ཁོ་མོས་"ང་ཚོས་ཁང་མིག་གཅིག་ཁོ་ན་ལས་ཅ་དངོས་འགའ་ལེན་ཐུབ་པ་བྱུང་། གཞན་ཁང་མིག་གསུམ་ལ་འཛུལ་ཐུབ་མེད། རྒྱུ་མཚན་ནི་སྒོ་རྣམས་ཡོངས་སུ་བཀག་འདུག སྟབས་ལེགས་པ་ཞིག་ལ་ཡིག་ཆ་དང་གསེར་གྱི་དངོས་པོ་འགའ་ཞིག་སླར་གསོན་བྱུང་"ཅེས་ཟེར།
རོགས་སྐྱོར་ལས་མི་པུཤྤ་ཨ་དྷི་ཀ་རིས་སླར་གསོ་བྱེད་པར་ལོ་མང་འགོར་བ་དང་རྒྱུན་མཐུད་ནས་གཞུང་གི་རྒྱབ་སྐྱོར་དགོས་པའི་ཉེན་བརྡ་བཏང་ཡོད།
"གནོད་སྐྱོན་གྱི་དོ་ཕོག་སྒྲིག་འཇག་ཡོང་བར་དུས་ཡུན་རིང་པོ་འགོར་རྒྱུ་རེད། གང་ཡིན་ཟེར་ན་གཏོར་བཤིག་དེ་དག་ཆུང་ཆུང་ཞིག་མ་རེད། ང་ཚོ་ཡོད་སའི་ས་ཆ་གཅིག་པུ་ཙམ་མིན་པར་རྒྱ་ཁྱབ་ཏུ་ཁྱབ་ཡོད། དེར་བརྟེན། གཞུང་གིས་ཁྱིམ་མེད་པའི་ཁྱིམ་ཚང་ཚོར་སྡོད་གནས་བཀོད་སྒྲིག་བྱེད་དགོས། ཁྱིམ་ཚང་གི་མི་གྲངས་ལ་གཞིགས་ནས་ཁང་མིག་བཀོད་སྒྲིག་བྱེད་དགོས། དཔེར་ན། མི་གྲངས་བཅུ་ཡོད་པའི་ཁྱིམ་ཚང་ཞིག་ལ་དེ་དང་མཚུངས་པའི་ཁང་མིག་འདང་ངེས་ཤིག་མཁོ་སྤྲོད་བྱེད་དགོས།"
འོན་ཀྱང་། རྒྱ་ཁྱབ་ཀྱི་བསྐྱར་བཟོ་འགོ་བཙུགས་གོང་། གཞུང་གི་འཕྲལ་མའི་དམིགས་ཡུལ་གཅིག་ཁོ་ན་སྟེ་ད་དུང་གསོན་པོར་གནས་ཡོད་མཁན་རྣམས་འཚོལ་ཞིབ་བྱེད་པ་དང་འདས་གྲོངས་སུ་ཕྱིན་པ་རྣམས་ལག་ཏུ་སོན་རྒྱུ་དེ་རེད།"






