གཙོ་དོན།
- ཆིངས་ཡིག་ནི་གཞུང་དང་གདོད་རིགས་མི་དམངས་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་དབར་གྱི་ཁྲིམས་མཐུན་གྲོས་མཐུན་ཞིག་ཡིན།
- ཐོག་མའི་མི་རིགས་དུ་མ་ཞིག་གིས་ཆིངས་ཡིག་དེ་མ་འོངས་པར་དྲང་བདེན་དང་བརྩི་བཀུར་དང་འབྲེལ་བ་ཡར་རྒྱས་གཏོང་ཐབས་སོགས་ཀྱི་ཐད་གོམ་སྟབས་ཤིག་ཏུ་བརྩི་བཞིན་ཡོད།
- རྒྱལ་ཁབ་ཀྱི་ཆིངས་ཡིག་གཅིག་གིས་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཡོངས་སུ་གདོད་རིགས་མི་དམངས་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པ་རྣམས་ཀྱི་ཐོབ་ཐང་ངོས་འཛིན་བྱེད་པའི་གཅིག་འགྱུར་གྱི་མཐུན་གྲོས་ཤིག་བསྐྲུན་ཐུབ།
- གདོད་རིགས་མི་དམངས་ཀྱི་ས་ཆའི་ཐོབ་ཐང་དང་། གདོད་མའི་གོ་མིང་། ཆིངས་ཡིག་བཅས་ལ་ཁྱད་པར་གང་ཡོད་དམ།
- ཨོ་སི་ཁྲུ་ལི་ཡའི་ནང་ཆིངས་ཡིག་ཟེར་བ་དེའི་དོན་གང་ཡིན་ནམ།
- ཆིངས་ཡིག་གལ་ཆེན་པོ་ཡིན་དོན་ཅི་ཡིན།
- ཆིངས་ཡིག་ནང་ཅི་ཞིག་ཚུད་སྲིད་དམ།
- ཨོ་སི་ཁྲུ་ལི་ཡའི་ནང་ཆིངས་ཡིག་གི་ཆེད་དུ་གོམ་སྟབས་རྗེས་མ་ཅི་ཞིག་ཡིན།
ཆིངས་ཡིག་ནི་གཞུང་དང་གདོད་རིགས་མི་དམངས་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་བར་གྱི་ལུགས་མཐུན་གྲོས་མཐུན་ཞིག་ཡིན། ཆིངས་ཡིག་གཅིག་གིས་ཕྱོགས་གཉིས་པོ་ལྷན་དུ་ལས་དོན་སྒྲུབ་ཐབས། ཐོག་མའི་མི་རིགས་ཀྱི་ཐོབ་ཐང་དང་ལོ་རྒྱུས་ངོས་འཛིན་བྱེད་སྟངས། མ་འོངས་པའི་འཆར་གཞི་བཟོ་སྟངས་བཅས་གཏན་འབེབས་བྱེད་ཐུབ།
ཆིངས་ཡིག་ལ་གོ་རྟོགས་ཡོང་པ་ནི་ཨོ་སི་ཁྲུ་ལི་ཡའི་ལོ་རྒྱུས་དང་འབྲེལ་བ་བྱེད་པའི་ཐབས་ཤེས་བཟང་པོ་ཞིག་རེད། དེ་ནི་ཁྲིམས་ལུགས་དང་ཆབ་སྲིད་ཀྱི་སྐོར་ཁོ་ན་མ་ཡིན་པར། རྒྱལ་ཁབ་འདི་ལ་ཁྱིམ་དུ་འབོད་མཁན་ཚང་མར་བརྩི་བཀུར་དང་། བདེན་པ། དེ་བཞིན་དྲང་བདེན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་གནད་དོན་ཡང་ཡིན།
གདོད་རིགས་མི་དམངས་ཀྱི་ས་ཆའི་ཐོབ་ཐང་དང་། གདོད་མའི་གོ་མིང་། ཆིངས་ཡིག་བཅས་ལ་ཁྱད་པར་གང་ཡོད་དམ།
ཡང་ཡང་མཉམ་དུ་གྲོས་བསྡུར་བྱས་ཀྱང་། ཐ་སྙད་འདི་དག་གི་དོན་མི་འདྲ་བ་སྟེ།
ས་ཆའི་ཐོབ་ཐང་ནི་གཞུང་གིས་བཟོས་པའི་ཁྲིམས་ལུགས་འོག་རྒྱལ་ཁབ་ཀྱི་ས་ཆའི་ས་ཁུལ་ཁ་ཤས་གདོད་རིགས་མི་དམངས་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་གྱི་མི་རིགས་ལ་ཕྱིར་སྤྲོད་བྱེད་པ་དེ་ཡིན།
གདོད་མའི་གོ་མིང་ནི་ཐོག་མའི་མི་རིགས་ཀྱི་མི་ཁ་ཤས་ཀྱིས་ད་དུང་ཡང་སྲོལ་རྒྱུན་གྱི་ཁྲིམས་ལུགས་དང་ལུགས་སྲོལ་གྱི་འོག་ནས་ཁོང་ཚོའི་ས་ཆ་དང་ཆུ་ལ་ཐོབ་ཐང་ཡོད་པའི་ཁྲིམས་མཐུན་ངོས་འཛིན་ལ་ཟེར།
ཆིངས་ཡིག་ནི་གཞུང་དང་ཐོག་མའི་མི་རིགས་ཀྱི་བར་གྱི་ཁྲིམས་མཐུན་གྲོས་མཐུན་ལ་གོ།
ཐབས་ལམ་འདི་དག་གིས་མཉམ་དུ་ཐོག་མའི་མི་རིགས་ལ་དྲང་བདེན་དང་། ངོས་འཛིན། རང་ཐག་རང་གཅོད་བཅས་སྤྲོད་རྒྱུའི་དམིགས་ཡུལ་འཛིན་གྱི་ཡོད།

ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༢༦ ཉིན་ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་མེལ་བྷོན་གྲོང་ཁྱེར་དུ་གྲོས་ཚོགས་ཁང་ནས་ཕི་ལིན་ཌར་ཁྲོམ་གཞུང་གི་ས་ཚིགས་བར་མཉམ་ཞུགས་པ་ཚོས་ཆིངས་ཡིག་གོང་གི་མགྲིན་ཚབ་ལ་ངོ་རྒོལ་སྲུང་བརྩིའི་ཉིན་མོར་གོམ་བགྲོད་བྱེད་བཞིན་ཡོད། པར་བདག ཨེ་ལེག་སི་ཇེ་རོ་སེན་ཕེལཌ་/གེ་ཊི་པར་རིས། Credit: Alexi J. Rosenfeld/Getty Images
ཨོ་སི་ཁྲུ་ལི་ཡའི་ནང་ཆིངས་ཡིག་ཟེར་བ་དེའི་དོན་གང་ཡིན་ནམ།
ཆིངས་ཡིག་ནི་ཚོགས་སྡེ་གཉིས་ཀྱི་བར་དུ་ཁྲིམས་མཐུན་གྱི་སྒོ་ནས་བཞག་པའི་གྲོས་མཐུན་ཞིག་ཡིན། ནེའུ་ཛི་ལན་ཌི་ལྟ་བུའི་རྒྱལ་ཁབ་ཁག་ཏུ་གཞུང་དང་མའོ་རི་ཡིས་ཝའི་ཊང་གྷི་ཆིངས་ཡིག་ལ་མིང་རྟགས་བཀོད་ཡོད། ཁེ་ན་ཌའི་ནང་ཐོག་མའི་མི་རིགས་དང་ལྷན་དུ་བཞག་པའི་ཆིངས་ཡིག་མང་པོ་ཡོད།
རྒྱལ་ཁབ་གཞན་དང་མི་འདྲ་བར་ཨོ་སི་ཁྲུ་ལི་ཡས་ཨིན་ཇིའི་དབང་འོག་ཏུ་ཚུད་པའི་སྐབས་སུ་ཐོག་མའི་མི་རིགས་དང་ལྷན་དུ་རྒྱལ་ཁབ་ཀྱི་ཆིངས་ཡིག་བཞག་མེད། ཨིན་ཇིའི་མི་རིགས་ཀྱིས་གདོད་རིགས་མི་དམངས་ཀྱི་ས་ཆར་ཐོག་མར་གཞི་ཆགས་སྐབས་ཁོང་ཚོས་ས་ཆ་དེ་ལ་ ཋེ་ར་ནུ་ལ་སི་ ཞེས་སུ་ལའང་མི་དབང་བའི་ས་ཆར་ཁྱབ་བསྒྲགས་བྱས། དེར་བརྟེན་ཁོང་ཚོས་གདོད་རིགས་མི་དམངས་དང་གྲོས་མོལ་བྱེད་དགོས་པའི་དགོས་མཁོ་མཐོང་མེད། ཆིངས་ཡིག་གཅིག་ཀྱང་མེད་པའི་རྐྱེན་གྱིས་ས་ཆ་དང་། ཐོན་ཁུངས། ཡང་ན་ཐག་གཅོད་བྱེད་པའི་དབང་ཆ་བགོ་བཤའ་རྒྱག་པའི་སྐོར་ལ་གྲོས་མཐུན་རྒྱ་ཆེ་བ་ཞིག་བྱུང་མེད་པ་རེད། དེ་ནི་མི་མང་པོ་ཞིག་ལ་སྒྲུབ་མ་ཚར་བའི་ལས་ཀ་ཞིག་ཏུ་ལྷག་ཡོད།
ཐོག་མའི་མི་རིགས་ཀྱི་མི་མང་པོ་ཞིག་ལ་“སྒྲུབ་མ་ཚར་བའི་ལས་ཀ”འདིས་ཆིངས་ཡིག་དེ་དེང་སང་ཡང་བགྲོ་གླེང་གི་བརྗོད་གཞི་ཆེན་པོ་ཞིག་ཏུ་གནས་ཡོད།
ཁྲིམས་ལུགས་མཁས་པ་ཌོག་ཊར་ཧེ་རི་ཧོབ་སི་ཡིས་གསུངས་གསལ་ལྟར་ན། འདིར་ཆིངས་ཡིག་གི་སྐད་ཆ་ནི་ལོ་རྒྱུས་དེ་ངོས་འཛིན་བྱེད་པ་དང་། ཐོབ་ཐང་རྒྱུན་འཁྱོངས་བྱེད་པ། ཐོག་མའི་མི་རིགས་ཚོར་ཐག་གཅོད་ཀྱི་ཐད་གཅིག་གྱུར་གྱི་མགྲིན་ཚབ་དངོས་སུ་ཡོད་པ་བཟོ་ཐུབ་པ་བཅས་ཡིན། དེ་ཡང་ཨོ་སི་ཁྲུ་ལི་ཡའི་རྩ་ཁྲིམས་ཀྱིས་སྤྱི་མཐུན་གྲོས་ཚོགས་དང་མངའ་སྡེའི་གྲོས་ཚོགས་བར་གྱི་དབང་ཆ་བགོ་བཤའ་བརྒྱབ་ཡོད་པའི་རྐྱེན་གྱིས། རབ་བྱུང་ན་ཕྱོགས་གཅིག་ནས་ཐོག་མའི་མི་རིགས་དང་། ཋོ་རི་སི་མཚོ་འགག་གླིང་ཕྲན་གྱི་མི་རིགས་དང་། མངའ་སྡེ་དང་སྤྱི་མཐུན་གཞུང་གཉིས་ཀྱི་བར་ལ་ཆིངས་ཡིག་འཇོག་དགོས།
གདོད་རིགས་མི་དམངས་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པ་ཚོས་ཨོ་སི་ཁྲུ་ལི་ཡའི་དེང་སྐབས་ཀྱི་ཐོག་མའི་མི་རིགས་ཀྱི་རིགས་གཞུང་ལ་ཡི་རང་དང་ངོས་འཛིན་ཡོད་ཐོག་ཚང་མར་གྲུབ་འབྲས་ཐོབ་པར་ཤུགས་སྣོན་དང། མཉམ་སྤྱོད་ཐུབ་པའི་མ་འོངས་པ་ཞིག་འདོད་ཀྱི་ཡོད། མདོར་ན་ཨོ་སི་ཁྲུ་ལི་ཡའི་ཆིངས་ཡིག་ཟེར་བ་ནི་སྔོན་ཆད་བྱུང་བའི་གནས་ཚུལ་སྐོར་ལ་དྲང་བདེན་གྱིས་འགྲེལ་བཤད་བྱེད་པ་དང་མ་འོངས་པའི་ཁ་ཕྱོགས་གསར་པ་ཞིག་གཏན་འབེབས་བྱེད་རྒྱུ་དེ་རེད།

(གཡོན་ནས་གཡས་ལ།) ཁུན་སི་ལེནཌ་དྲང་དོན་སྨྲ་བརྗོད་དང་སྨན་བཅོས་ཞིབ་བཤེར་ཚོགས་པའི་ཚོགས་གཙོ་ཟུར་པ་ཇོ་ཤུ་ཝ་ཁི་རི་མར་དང་། ནིའུ་སའོ་ཐ་ཝེལ་སི་མངའ་སྡེའི་ཆིངས་ཡིག་འགན་འཛིན་ནཱོ་མི་མོ་རན་དང་ཝིག་ཊོ་རི་ཡ་མངའ་སྡེའི་ཐོག་མའི་མི་རིགས་ལྷན་ཚོགས་ཀྱི་མཉམ་འབྲེལ་ཚོགས་གཙོ་ངར་ར་མུ་རེ་གཉིས་ཀྱི་འདྲ་པར། Credit: པར་བདག ཨེན་ཨ་ཡི་ཊི་ཝི་ (རྒྱལ་ཡོངས་གདོད་རིགས་བརྙན་འཕྲིན།) / པོན་ཊི་(གཙོ་གནད།) ལེ་ཚན།
ཆིངས་ཡིག་གལ་ཆེན་པོ་ཡིན་དོན་ཅི་ཡིན།
ཐོག་མའི་མི་རིགས་ཀྱི་མི་མང་པོས་ཆིངས་ཡིག་དེ་མ་འོངས་པར་དྲང་བདེན་དང་། བརྩི་བཀུར། དེ་བཞིན་འབྲེལ་ལམ་ཡར་རྒྱས་གཏོང་བའི་གོམ་སྟབས་ཤིག་ཏུ་བརྩི་བཞིན་ཡོད།
གྷན་ཌི་ཊི་ཇ་མ་ར་ཡི་རྒྱུད་པ་ཝིག་ཊོ་རི་ཡའི་ཆིངས་ཡིག་བྱ་རིམ་གྱི་འགོ་ཁྲིད་རུ་བེན་བྷག་ཡིས་ "ངས་ཆིངས་ཡིག་དེ་གལ་ཆེན་པོ་རེད་བསམ་གྱི་འདུག དེ་ནི་ཐོག་མའི་མི་རིགས་དང་གཞུང་བར་གྱི་འབྲེལ་བ་སླར་གསོ་བྱེད་རྒྱུའི་ཆེད་དུ་ཡིན། དེ་ཡང་མངའ་སྡེ་ཡོངས་ཁྱབ་དང་མཉམ་འབྲེལ་རྒྱལ་ཁབ་དབར་གང་རུང་ཡིན་ཆོག"
ཆིངས་ཡིག་དེ་གལ་ཆེ། གང་ལགས་ཞེ་ན།
· གདོད་རིགས་མི་དམངས་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པ་རྣམས་ཨོ་སི་ཁྲུ་ལི་ཡའི་ཆེས་ཐོག་མའི་མི་རིགས་ཡིན་པར་ངོས་འཛིན་བྱེད་ཐུབ་ཀྱི་ཡོད།
· ཨོ་སི་ཁྲུ་ལི་ཡའི་དངོས་བདེན་གྱི་ལོ་རྒྱུས་བརྗོད་ཐུབ།
· ས་ཆ་དང་འཕྲོད་བསྟེན། ཤེས་ཡོན། དཔལ་འབྱོར་གོང་འཕེལ་དང་རིག་གཞུང་སོགས་ཀྱི་གནད་དོན་ཐོག་དངོས་ཐོག་གི་མཉམ་ལས་སྤེལ་ཐུབ།
ཝིར་ཌི་མི་དང་ཁྲིམས་རྩོད་པ་ཊོ་ནི་མེག་ཨེ་ཝོ་ཡིས་བརྗོད་དོན། "ང་ཚོས་རང་ཉིད་ཀྱི་མི་ཚེ་ལ་སྟངས་འཛིན་བྱེད་ཐུབ་པ་དང་། རང་ཐག་རང་གཅོད་བྱེད་ཐུབ་པ་དང་། རང་ཉིད་ཀྱི་ཆེད་དུ་ཞབས་ཞུ་མཁོ་སྤྲོད་བྱེད་ཐུབ་པའི་སྐབས་དེར་ང་ཚོའི་གནས་བབས་ལེགས་ཤོས་དང་སྟོབས་ཤུགས་ཆེ་ཤོས་ཡིན་པ་མ་ཟད། ཆོས་ཕྱོགས་དང་དཔལ་ཡོན་གང་གི་ཆ་ནས་བཟང་ཤོས་ཡིན། ཁྱེད་རང་གིས་དེ་དག་ཆིངས་ཡིག་གི་གྲུབ་འབྲས་སུ་ངོས་འཛིན་བྱས་ན་རྒྱལ་ཁབ་བྱིངས་ལ་ཡང་དེ་མཐུན་གྱི་ཕན་ཐོགས་ཡོད་ངེས་ཡིན།
ཆིངས་ཡིག་ནང་ག་རེ་ཚུད་སྲིད་དམ།
ཆིངས་ཡིག་དེ་རྣམ་པ་མང་པོ་དང་གནད་དོན་མང་པོ་ཞིག་ལ་ཁྱབ་ཐུབ། དེའི་ནང་དུ་ཚུད་སྲིད་པ་འགའ་གཤམ་གསལ།
· ཐོག་མའི་མི་རིགས་ཀྱི་རང་དབང་དང་ཁོང་ཚོའི་སྤྱི་ཚོགས་ཀྱི་སྐོར་ལ་ཐག་གཅོད་བྱེད་པའི་ཐོབ་ཐང་ངོས་འཛིན།
· ས་ཆ་དང་ཆ། ཐོན་ཁུངས་བེད་སྤྱོད། དོ་དམ་སྲུང་སྐྱོབ་སྐོར་གྱི་གྲོས་མཐུན།
· སྐད་ཡིག་དང་། རིག་གཞུང་། སྲོལ་རྒྱུན་རྣམས་སླར་གསོ་དང་སྲུང་སྐྱོབ་བྱེད་པའི་ཁས་ལེན།
· འཕྲོད་བསྟེན། ཤེས་ཡོན། སྡོད་ཁང་སོགས་ལས་གཞི་ཁག་ལ་མ་དངུལ་དང་རྒྱབ་སྐྱོར།
གུན་ནའི་དང་། གུན་ཌི་ཇ་མ་ར། ཇབ་ཝུར་རུང་བཅས་ཀྱི་རིགས་རྒྱུདཝིག་ཊོ་རི་ཡའི་གྲོས་ཚོགས་གོང་མའི་འཐུས་མི་ལི་ཌི་ཡ་ཐོར་པི་ཡིས་ས་གནས་ཀྱི་མང་ཚོགས་ཚོས་བྱ་རིམ་དེའི་ནང་སྣེ་ཁྲིད་བྱེད་དགོས་པའི་རེ་བ་བྱེད་ཀྱི་ཡོད།

རང་དབང་ཅན་གྱི་གྲོས་ཚོགས་གོང་མའི་འཐུས་མི་ལི་ཌི་ཡ་ཐོར་པི་ཡིས་ཀེན་བེ་རའི་གྲོས་ཚོགས་གོང་མའི་ནང་དྲི་བ་དྲིས་ལན་གྱི་དུས་ཚོད་སྐབས། Source: AAP / པར་དབང་། ཨེ་ཨེ་པི་/མིག་ཙི་ཀས་/ཨེ་ཨེ་པི་པར་རིས།
ཨོ་སི་ཁྲུ་ལི་ཡའི་ནང་ཆིངས་ཡིག་གི་གནད་དོན་ལ་ཡར་རྒྱས་ཀྱི་མྱུར་ཚད་འདྲ་མིན་ཡོད། ཝིག་ཊོ་རི་ཡ་དང་ཁུན་སི་ལེནཌ་ལྟ་བུའི་མངའ་སྡེ་ཁ་ཤས་ཀྱིས་ཆིངས་ཡིག་འཇོག་རྒྱུའི་གོམ་པ་བརྒྱབ་འགོ་ཚུགས་ཡོད་ཅིང་། དཔེར་ན། ནིའུ་སའོ་ཐ་ཝེལ་སི་ལྟ་བུ་མངའ་སྡེ་ཁ་ཤས་ལ་མཚོན་ན་ཆིངས་ཡིག་དེ་ཁོང་ཚོར་གང་འདྲ་ཞིག་ཡོང་མིན་ཐད་གྲོས་བསྡུར་བྱེད་བཞིན་ཡོད། བྱ་རིམ་རེ་རེ་ས་གནས་ཀྱི་དགོས་མཁོ་ཇི་ལྟར་ཡིན་པ་བཞིན་འགྲོ་དགོས་ཀྱི་ཡོད་སྟབས་རྒྱལ་ཡོངས་སུ་ཆིངས་ཡིག་གི་རྣམ་པ་མི་འདྲ་བ་ཡོང་སྲིད།
ད་ལྟའི་ཆར་ཆིངས་ཡིག་གི་ཐད་ཝིག་ཊོ་རི་ཡས་རྒྱལ་ཁབ་ལ་སྣེ་ཁྲིད་བྱེད་ཀྱི་ཡོད། ༢༠༢༥ ལོའི་ཟླ་ ༩ པར་ཝིག་ཊོ་རི་ཡའི་གཞུང་དང་ཝིག་ཊོ་རི་ཡའི་ཐོག་མའི་མི་རིགས་ལྷན་ཚོགས་གཉིས་ཀྱིས་ཨོ་སི་ཁྲུ་ལི་ཡའི་ཆེས་ཐོག་མའི་མངའ་སྡེ་ཡོངས་ཀྱི་ཆིངས་ཡིག་ལ་ཁས་ལེན་གྲོས་མཐུན་བཞག་ཡོད། ཝིག་ཊོ་རི་ཡའི་ཆིངས་ཡིག་གི་བྱ་རིམ་དེ་ཨོ་སི་ཁྲུ་ལི་ཡའི་ས་ཁུལ་གཞན་དག་ལ་དཔེ་སྟོན་གཙོ་བོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།
རྒྱལ་ཁབ་ཀྱི་ཆིངས་ཡིག་དང་མངའ་སྡེ་རིམ་པའི་ཆིངས་ཡིག་གཉིས་མི་འདྲ་བ་ཡིན་པ་ཤེས་དགོས་པ་གལ་ཆེན་པོ་རེད།
རྒྱལ་ཁབ་ཀྱི་ཆིངས་ཡིགགཅིག་གིས་ཨོ་སི་ཁྲུ་ལི་ཡའི་ནང་གདོད་རིགས་མི་དམངས་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་ཐོབ་ཐང་ངོས་འཛིན་བྱེད་པའི་ཆེད་དུ་རྒྱལ་ཁབ་ཡོངས་ཀྱི་ཆིངས་ཡིག་གཅིག་འགོད་ཀྱི་ཡོད། མངའ་སྡེ་དང་མངའ་ཁོངས་ཀྱི་ཆིངས་ཡིག་དེ་ས་ཁུལ་རེ་རེ་ལ་བསྟུན་ནས་ས་གནས་ཀྱི་གཙོ་གནད་དང་དགོས་མཁོ་ལ་དམིགས་ནས་བཟོས་ཡོད། རྒྱབ་སྐྱོར་བ་མང་པོས་དངོས་ཡོད་ཐོག་མཉམ་འབྲེལ་གྱི་བཅོས་གྱུར་ཡོང་ཐབས་སུ་རྒྱལ་ཁབ་དང་མངའ་སྡེའི་ཆིངས་ཡིག་གཉིས་ཀ་མཁོ་བར་ཡིད་ཆེས་བྱེད་ཀྱི་ཡོད།
ཆིངས་ཡིག་དེ་ཐོག་མའི་མི་རིགས་ཀྱི་གནད་དོན་ཁོ་ན་མིན་པར་མི་ཚང་མར་ངོས་འཛིན་དང་། བརྩི་བཀུར། དྲང་བདེན་ཡོང་རྒྱུའི་གནད་དོན་ཡིན། ཆིངས་ཡིག་ཅིག་ཡོད་པ་དེས་བསམ་ཚུལ་དང་ཉམས་མྱོང་ཡོད་ཚད་ལ་གཅིག་མཚུངས་ཀྱི་རིན་ཐང་ལྡན་པའི་མ་འོངས་པ་ཞིག་བསྐྲུན་ཐུབ་ཡོང་གི་ཡོད།
ཆིངས་ཡིག་གི་ལེའུ་རྗེས་མ་དེ་ས་གནས་ཀྱི་མང་ཚོགས་དང་གཞུང་དང་ཨོ་སི་ཁྲུ་ལི་ཡའི་མ་འོངས་པར་མཉམ་སྤྱོད་བྱེད་འདོད་ཡོད་མཁན་ཚང་མས་མུ་མཐུད་ནས་འབྲི་རྒྱུ་རེད། ཆིངས་ཡིག་གི་བྱ་རིམ་ཤེས་རྟོགས་བྱེད་པ་ནི་ཚང་མས་རྒྱལ་ཁབ་འདིའི་ལོ་རྒྱུས་ལ་འབྲེལ་འདྲིས་གཏིང་ཟབ་ཏུ་གཏོང་བ་དང་དྲང་བདེན་ལྡན་པའི་མ་འོངས་པ་ཞིག་བསྐྲུན་ཐབས་བྱེད་པའི་ལམ་ཕྲན་ཞིག་ཡིན།
ལེ་ཚན་འདིའི་ནང་དུ་ ༢༠༢༥ ལོའི་ཟླ་ ༧ པར་ཐོག་མར་དམངས་ལ་བསྟན་པའི་བརྙན་འཕྲིན་ལེ་ཚན་ "མུན་ནག་ཏུ་འཚོ་བ། - ཆིངས་ཡིག་གི་གྱོད་གཞི་" ཞེས་པའི་སྒྲ་ཕབ་དུམ་བུ་ཞིག་ཡོད། ཁྱེད་ཀྱིས་ལེ་ཚན་ཆ་ཚང་དེ་ SBS On Demand ནས་གཟིགས་ཐུབ།
Stream free On Demand
The Case For A Treaty
episode • Living Black • News And Current Affairs • 34m
episode • Living Black • News And Current Affairs • 34m
ཁྱེད་རང་གིས་ཨོ་སི་ཁྲུ་ལི་ཡའི་ནང་འཚོ་བ་གསར་པར་གཞི་ཆགས་པའི་སྐོར་གྱི་རིན་ཐང་ཅན་གྱི་གནས་ཚུལ་དང་བསླབ་བྱ་མང་བ་ཐོབ་ཆེད་བོད་སྐད་ནང་ཨོ་སི་ཁྲུ་ལི་ཡའི་འགྲེལ་བརྗོད་བྱས་པར་མངགས་ཉོ་བྱེད་རོགས།
ཁྱེད་ལ་དྲི་བ་དང་བརྗོད་གཞིའི་བསམ་ཚུལ་ཡོད་དམ། ང་ཚོར་ཨོ་སི་ཁྲུ་ལི་ཡའི་འགྲེལ་བརྗོད་@sbs.com.au ལ་གློག་འཕྲིན་གཏོང་རོགས།









