SBS བོད་སྐད་སྡེ་ཚན།

མཁན་ཟུར་བཀྲིས་ཚེ་རིང་མཆོག་ལ་ཨོ་སི་ཊོ་ལི་ཡ་གཞུང་གིས་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ་བ།

རྒྱུད་སྨད་མཁན་ཟུར་བཀྲ་ཤིས་ཚེ་རིང་མཆོག Source: Kensur Tashi Tsering

ཨོ་སི་ཊོ་ལི་ཡའི་མངའ་སྡེ་ཁུན་སི་ལན་ཌིར་གནས་བཞུགས་རྒྱུད་སྨད་མཁན་ཟུར་བཀྲིས་ཚེ་རིང་མཆོག་ལ་ཨོ་སི་ཊོ་ལི་ཡ་གཞུང་གིས་ Order of Australia Medal ཞེས་པའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ་གནང་ཡོད་པ་རེད།

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༨ རེས་གཟའ་ཟླ་བ་ཨོ་སི་ཊོ་ལི་ཡའི་ནང་རྒྱལ་ཡོངས་སུ་དབྱིན་ཇི་རྒྱལ་མོའི་འཁྲུངས་སྐར་སྲུང་བརྩི་མཛད་སྒོར་ཉིན། ཨོ་སི་ཊོ་ལི་ཡའི་མངའ་སྡེ་ཁུན་སི་ལན་ཌིར་གནས་བཞུགས་སེར་བྱེས་ཏྲེ་ཧོར་དགེ་བཤེས་རྒྱུད་སྨད་མཁན་ཟུར་བཀྲ་ཤིས་ཚེ་རིང་མཆོག་ལ་འདས་པའི་ལོ་ངོ་ ༣༠ ཙམ་གྱི་རིང་། ཨོ་སི་ཊོ་ལི་ཡ་ནང་མི་མང་རྣམས་ལ་ནང་ཆོས་ངོ་སྤྲོད་གནང་བ་སོགས་ཤེས་ཡོན་ཐོག་མཛད་རྗེས་རླབས་ཆེན་བཞག་གནང་ཡོད་པར་ཐེངས་འདིར་ཨོ་སི་ཊོ་ལི་ཡ་གཞུང་གིས་ (Order of Australia Medal) ཞེས་པའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ་གནང་ཡོད་པ་རེད།

གཟེངས་རྟགས་དེ་འདྲ་ཞིག་ཕུལ་ཡོད་པ་དོ་བདག་ལན་གནང་ཚར་ཡོད་འདུག་ཀྱང་། ད་ལྟའི་ཆར་ཏོག་དབྱིབས་ནད་དུག་གིས་རྐྱེན་པས་འདུ་འཛོམས་དཀའ་ངལ་ཡོད་སྟབས། དངོས་སུ་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དེ་ཉིད་ཟླ་བ་ཁ་ཤས་རྗེས་སུ་འཚོག་རྒྱུ་ཡིན་འདུག

ཐེངས་འདིར་དགེ་བཤེས་བཀྲིས་ཚེ་རིང་མཆོག་ལ་ཨོ་སི་ཊོ་ལི་ཡ་གཞུང་གིས་གཟེངས་རྟགས་དེ་འདྲ་ཞིག་ཕུལ་གནང་བར་དགོངས་ཚུལ་ག་རེ་བྱུང་ཡོད་མེད་བཅར་འདྲི་ཞུས་པར་”གཞུང་གིས་ངོས་ལེན་དེ་འདྲ་ཞིག་གནང་བར་ཡག་པོ་རེད་བསམས་ཀྱི་འདུག ང་ཚོ་ལ་ཕོག་སྤྲོད་མཁན་ཡོད་མ་རེད། གླ་ཆ་སྤྲོད་མཁན་ཡོད་མ་རེད། ང་ཚོ་ལྷག་བསམ་རྣམ་དག་རེད། ཁོང་ཚོ་ལ་ཕན་ཐོགས་འདྲ་ཞིག་ཨེ་ཡོད་བསམས་པའི་ཀུན་སློང་རེད་མ་གཏོགས། གཞན་དཔེ་ཤག་སོགས་གཞན་དག་བལྟ་རྒྱུ་གང་ཡང་ཡོད་པ་མ་རེད། དེ་འདྲ་སོང་ཙང་། ཕན་ཐོགས་ཡོད་པ་ཞིག་གཞུང་གིས་ངོས་ལེན་གནང་བར་ཡག་པོ་རེད་བསམས་ཀྱི་འདུག་ཅེས་གསུངས་སོང་།”

ད་ལྟའི་ཆར་མཁན་ཟུར་དགེ་བཤེས་བཀྲ་ཤིས་ཚེ་རིང་མཆོག་གིས་ཨོ་སི་ཊོ་ལི་ཡའི་མངའ་སྡེ་ཁུན་སི་ལན་ཌིའི་ནང་རེས་གཟའ་པ་སངས་དང་། སྤེན་པ། ཟླ་བ་བཅས་ལ་གཙོ་བོ་ཨོ་སི་ཊོ་ལི་ཡའི་དད་ལྡན་སློབ་མ་ ༦༠ ཡས་མས་ཤིག་ལ། ནང་ཆོས་ངོ་སྤྲོད་གནང་གི་ཡོད་འདུག

Order of Australia ཞེས་པའི་གཟེངས་རྟགས་དེ་ནི་ཕྱི་ལོ་ ༡༩༧༥ ལོའི་ཕྱི་ཟླ་ ༢ ཚེས་ ༡༤ ཉིན་དབྱིན་ཇིའི་རྒྱལ་མོ་གཉིས་པ་ Queen Elizabeth 2 ཡིས་གསར་གཏོད་གནང་བ་ཞིག་དང་། གཟེངས་རྟགས་དེ་ནི་ཨོ་སི་ཊོ་ལི་ཡའི་མི་སེར་དང་མི་སེར་མ་ཡི་པ་ཚོ་ལ་ཡང་གཟེངས་སུ་ཐོན་པའི་ཞབས་ཞུ་ཁག་ལ་གཞུང་གིས་ངོས་འཛིན་གྱིས་ཕུལ་གནང་གི་ཡོད་པ་རེད།

དེ་སྔོན་བོད་མི་རྣམ་རྒྱལ་ཚེ་རིང་མཆོག་ལ་གཟེངས་རྟགས་དེ་ཕུལ་ཡོད་པ་དང་། ཐེངས་འདིར་བོད་མི་ཞིག་ལ་ཨོ་སོ་ཊོ་ལི་ཡ་གཞུང་གི་ཆེ་བསྟོད་གཟེངས་རྟགས་དེ་ཕུལ་བ་ཐེངས་གཉིས་པ་དེ་ཆགས་ཡོད་པ་རེད།

སེར་བྱེས་ཏྲེ་ཧོར་དགེ་བཤེས་རྒྱུད་སྨད་མཁན་ཟུར་བཀྲ་ཤིས་ཚེ་རིང་མཆོག་ནི་ཕྱི་ལོ་ ༡༩༣༧ ལོར་ཁམས་ཏྲེ་ཧོར་དཀར་མཛེས་རྒྱས་བཟང་ནང་དུ་སྐུ་འཁྲུངས་ཤིང་། ༡༩༤༣ ལོར་ཁང་དམར་དགོན་དུ་ཆོས་ཞུགས་གནང་བ་དང་། དགུང་གྲངས་ ༡༧ ཐོག་དབུས་སུ་ཕེབས་ཏེ་སེར་བྱེས་གྲྭ་ཚང་དུ་ཞུགས་ཏེ་ངེས་དོན་གྱི་འདུལ་བ་འཛིན་པ་ཆེན་པོ་རྗེ་བཙུན་བྱམས་པ་བརྟན་བཟང་མཆོག་དགེ་རྒན་དུ་བསྟེན། སྦྱོར་ལམ་ཕྱི་རྒོལ་གྱི་རིགས་ཆུང་ཚོགས་བཞེངས་གནང་།

ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་ནས་སྦག་སར་བཞུགས་ནས་སློབ་གཉེར་གནང་། ཕྱི་ལོ་ ༡༩༧༠ ལོར་རྒྱ་གར་ལྷོ་ཕྱོགས་མེ་སོར་སྦེལ་ཀོབ་ཏུ་སྤོས་ནས་སྔར་བཞིན་སློབ་གཉེར་འཕྲོ་བསྐྱངས་པ་དང་། དགེ་ཕྲུག་རྣམས་ལ་དཔེ་ཁྲིད་གནང་། དེ་བཞིན། གྲྭ་ཚང་གི་འཛིན་གྲྭ་ཐོན་ནས་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་ཕེབས་ནས་བཀའ་རམས་དང་། སློབ་དཔོན། ལྷ་རམས་བཅས་ཀྱི་རྒྱུགས་རྣམས་ལེགས་པར་གྲུབ། ཕྱི་ལོ་ ༡༩༨༣ ལོར་ལྷ་རམས་ཨང་རིམ་དང་པོའི་མཚན་གནས་བཞེས།

ཕྱི་ལོ་ ༡༩༨༨ ལོར་རྒྱུད་སྨད་གྲྭ་ཚང་དུ་ཊཱིཀྐ་སྐྱོར་རྒྱུགས་དང་། སྔགས་ཀྱི་དམ་འཇོག་དང་དགེ་བསྐོས་བཅས་ལེགས་པར་གྲུབ། ཕྱི་ལོ་ ༡༩༩༠ ལོར་༸གོང་ས་མཆོག་གི་སྐུ་མདུན་དུ་སེ་ར་ཆོས་སྒར་དུ་སྔགས་ཀྱི་རྩོད་རྒྱུགས་ཕུལ་ཏེ་ཨང་རིམ་དང་པོའི་མཚན་གནས་ཐོབ། ཕྱི་ལོ་ ༡༩༩༡ ལོར་ཨོ་གླིང་དུ་ཕེབས་ཏེ། སྤྱན་རས་གཟིགས་ཆོས་ཚོགས་གཙོས་ཆོས་ཚོགས་དུ་མ་ཞིག་ཏུ་རྒྱལ་ཁབ་དང་མི་རིགས་འདྲ་མིན་རྣམས་ལ་ལམ་རིམ་དང་བློ་སྦྱོང་གི་ཁྲིད་གནང་བ་དང་། ཕྱི་ལོ་ ༢༠༠༩ ལོར་རྒྱུད་སྨད་གྲྭ་ཚང་གི་བླ་མར་ཕེབས་པ་དང་ཕྱི་ལོ་ ༢༠༡༤ ལོར་རྒྱུད་སྨད་ཀྱི་མཁན་ཁྲིར་ཕེབས། མཁན་ཁྲི་ལས་འཁྱུར་རྗེས་སུ་སླར་ཡང་ཨོ་གླིང་སོགས་ལ་ཕེབས་ནས་དད་ལྡན་པ་རྣམས་ལ་ནང་ཆོས་ངོ་སྤྲོད་སོགས་ཀྱི་ཕྱག་ལས་རྒྱ་ཆེ་གནང་མུས་ཡིན་པ་རེད།

Coming up next

# TITLE RELEASED TIME MORE
མཁན་ཟུར་བཀྲིས་ཚེ་རིང་མཆོག་ལ་ཨོ་སི་ཊོ་ལི་ཡ་གཞུང་གིས་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ་བ། 10/06/2020 07:21 ...
མེ་ཁོ་རོ་སོ་ཧྥོ་ཊི་ Microsoft ཡི་ཡིག་སྒྱུར་གཉེན་ཆས་ཞབས་ཞུ་ཐོག་བོད་ཡིག་གསར་འཇུག་བྱས་པ། 20/10/2021 16:09 ...
SBS ཡི་སྐད་ཡིག་སྣ་ཚོགས་ཀྱི་ཞབས་ཞུ་ཁག་བསྐྱར་ཞིབ། 16/10/2021 05:46 ...
སྨན་པ་ཚོས་བུད་མེད་སྦྲུམ་མ་རྣམས་ལ་ཏོག་དབྱིབས་འགོག་ཁབ་ངེས་པར་རྒྱག་དགོས་པའི་སློབ་སྟོན་གནང་བ། 14/10/2021 05:40 ...
ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་བཀག་བསྡོམས་བསྐྱར་དུ་སྒོ་ཕྱེ་སྐབས་ཁྱེད་རང་གིས་ག་རེ་བྱེད་ཆོག་གམ། 08/10/2021 04:09 ...
ནོར་ར་ (Nowra) བོད་མིའི་གཙང་བཟོ་ལས་རིགས་ཚོང་ལས་ཞབས་ཞུ། 01/10/2021 11:31 ...
འགོག་ཁབ་བརྒྱ་ཆ་ ༨༠ བརྒྱབ་ཚར་རྗེས་རང་དབང་ཆགས་ཀྱི་རེད། 29/09/2021 04:59 ...
སེན་ཊེར་ལིང་སྐྱོབ་གསོའི་དངུལ་རག་ཆེད་དུས་ཡུན་རིང་པོ་སྒུག་དགོས་ཀྱི་ཡོད་པ་རེད། 26/09/2021 07:36 ...
ཨ་ཧྥི་རི་ཀའི་འགོ་ཁྲིད་ཚོས་ཏོག་ནད་འགོག་ཁབ་བགོ་འགྲེམ་འདྲ་མཉམ་བྱུང་མེད་པའི་སྐྱོན་བརྗོད། 26/09/2021 04:55 ...
ཨོ་སི་ཊོ་ལི་ཡའི་མཚོ་འགྲམ་གྱི་ས་ཆ་གང་ཞིག་རྒྱ་མཚོའི་ནང་ནུབ་སྲིད་དམ། 22/09/2021 04:48 ...
View More