གཙོ་གནད།
- ཨོ་སི་ཊེ་ལི་ཡར་ལས་རིགས་བརྗེ་བའི་བརྒྱུད་རིམ་ལ་རོགས་རམ་བྱེད་མཁན་གྱི་མི་སྣ་དངོས་སུ་ཐུག་རྒྱུ་དང་གཞུང་གི་རོགས་སྐྱོར་གྱི་མཐུན་རྐྱེན་ཡོད།
- གཞིས་སྤོ་བ་ཚོར་ལས་ཀའི་འཇོན་ཐང་སྣ་མང་ལྡན་སྲིད་ཀྱང་ལས་རིགས་འགའ་ཞིག་ལ་ས་གནས་འདི་གའི་འགྲོ་ལུགས་དང་འཚམ་པའི་ཉམས་མྱོང་དང་སྦྱོར་བརྡར་འཕར་མ་དགོས་སྲིད།
- དེང་སྐབས་ཀྱི་ངལ་རྩོལ་ཚོང་རའི་ནང་མི་ཟོས་རིག་ནུས་བཀོལ་སྤྱོད་གྱི་འཇོན་ཐང་ལ་གཙིགས་ཆེན་པོ་འཛིན་གྱི་ཡོད།
- ཨོ་སི་ཊེ་ལི་ཡའི་མི་ཚོས་ལས་རིགས་སམ་འཚོ་རྟེན་བརྗེ་སྲོལ་ཇི་ཙམ་ཡོད་དམ།
- གལ་སྲིད་ལོ་ཆེ་དྲགས་པའམ་ཉམས་མྱོང་མེད་པའི་རྒྱུ་མཚན་གྱི་ལས་ཀ་བརྗེ་རྒྱུར་དཀའ་ངལ་ཡོད་ན་ཅི་ཞིག་བྱེད་དགོས་སམ།
- ཨོ་སི་ཊེ་ལི་ཡའི་ནང་ལས་རིགས་བརྗེ་བའི་བརྒྱུད་རིམ་ཐད་ལམ་སྟོན་གནས་ཚུལ་གང་ནས་འཚོལ་དགོས་སམ།
- ཨོ་སི་ཊེ་ལི་ཡའི་ངལ་རྩོལ་ཁྲོམ་རའི་ནང་གི་ད་ལྟ་དང་མ་འོངས་པའི་འགྲོས་ཤུགས་གང་དག་ཡོད་དམ།
- རང་ཉིད་ལས་རིགས་ཞིག་བཞག་ནས་འགྲོ་དགོས་པའི་དུས་ལ་བབ་པ་ཇི་ལྟར་ཤེས་སམ།
ཆེད་ལས་པ་ཚོས་ལས་རིགས་གསར་པ་ཞིག་ནང་འཛུལ་བ་ནི་འཇིགས་སྣང་དང་སེམས་ངལ་ཆེ་བའི་ལས་འགན་ཞིག་ཡིན་སྲིད་ཀྱང་། དེས་ཁྱེད་ལ་གོ་སྐབས་གསར་པའི་སྒོ་མོ་འབྱེད་ཐུབ་པར་བརྗོད།
ཨོ་སི་ཊེ་ལི་ཡའི་མི་ཚོས་ལས་རིགས་སམ་འཚོ་རྟེན་བརྗེ་སྲོལ་ཇི་ཙམ་ཡོད་དམ།
ལས་རིགས་བརྗེ་བསྒྱུར་བྱེད་པ་ནི་ཨོ་སི་ཊེ་ལི་ཡ་ནང་རྒྱུན་ལྡན་ཡིན། ཉེ་དུས་ཀྱི་ཨོ་སི་ཊེ་ལི་ཡའི་གྲངས་ཐོ་ཁང་གི་གྲངས་ཐོར་གཞིགས་ན། ཕྱི་ལོ་ ༢༠༢༤ ཟླ་གཉིས་པ་ནས་ ༢༠༢༥ ཟླ་གཉིས་པའི་དུས་ཡུན་ནང་ལས་མི་ས་ཡ་གཅིག་ལྷག་ཙམ་གྱིས་ལས་ཀ་བརྗེས་ཡོད།
ལས་རིགས་བརྗེ་བའི་སྐོར་གྱི་གྲངས་ཐོ་གསལ་པོ་མེད་ནའང་། ༢༠༢༤ ལོའི་ཞིབ་འཇུག་ཅིག་གིས་ཨོ་སི་ཊེ་ལི་ཡའི་ལས་མི་ཕྱེད་ཀ་ཙམ་གྱིས་ལས་ཀ་བརྗེ་རྒྱུའི་བསམ་བློ་ཡོད་པ་བསྟན་ཡོད།
ལས་རིགས་སློབ་སྟོན་པ་ཨེ་ལེ་སི་ཁྲང་གིས་ "ལས་རིགས་བརྗེ་བ་ནི་དངོས་གནས་རྒྱུན་ལྡན་དུ་གྱུར་ཡོད།" ཅེས་བརྗོད་ཡོད།

གལ་སྲིད་ལོ་ཆེ་དྲགས་པའམ་ཉམས་མྱོང་མེད་པའི་རྒྱུ་མཚན་གྱི་ལས་ཀ་བརྗེ་རྒྱུར་དཀའ་ངལ་ཡོད་ན་ཅི་ཞིག་བྱེད་དགོས་སམ།
ད་དུང་རང་ཉིད་ཀྱི་རྩལ་ནུས་འཛུགས་སྐྲུན་དང་འཛམ་གླིང་ནང་རང་ཉིད་ཀྱི་ལམ་ཁ་འཚོལ་བཞིན་ཡོད་པས་ལས་རིགས་གསར་པ་ཞིག་ཚོད་ལྟ་བྱེད་པ་ནི་ལོ་ཉི་ཤུ་ཅན་གྱི་མི་ཞིག་ལ་མཚོན་ན་གོ་བདེ་བ་ཞིག་ཡིན་སྲིད།
འོན་ཀྱང་གལ་ཏེ་འདོད་བློ་ཡོད་ཚེ་མི་ཚེའི་ལོ་ཚད་གང་འདྲ་ཞིག་ཏུ་ཡོད་ཀྱང་ལས་རིགས་བརྗེ་སྒྱུར་བྱེད་པའི་ནུས་པ་ཡོད། ཅེས་ཁྲང་ལགས་ཀྱིས་གསུངས།
“ལོ་བཞི་བཅུ་ཡས་མས་ལ་སླེབས་དུས། ཁྱེད་རང་ལ་རང་ཉིད་ཀྱི་ཐད་ལ་གདེང་ཚོད་ཆེ་བ་དང་། རང་ཉིད་ལ་གང་དགོས་པ་དང་། གང་གིས་ཐང་ཆད་པར་བྱེད་པ། གང་གིས་ནུས་ཤུགས་སྤྲོད་པ་བཅས་གསལ་པོ་ཤེས་ཀྱི་རེད།
“ལོ་ལྔ་བཅུ་ཡས་མས་ལ་སླེབས་དུས། ཁྱེད་རང་ལས་རིགས་ཀྱི་ཐད་ཉི་མ་ནུབ་ཡོལ་བཞིན་པའི་སྐབས་ཡིན་པས། རང་ཉིད་ཀྱིས་ད་ལྟ་བྱེད་བཞིན་པ་མུ་མཐུད་ལས་ཀ་དེ་བྱེད་འདོད་ཡོད་མེད་དམ་མ་འོངས་པའི་ལོ་བཅུ་ནས་བཅོ་ལྔའི་རིང་འཚོ་བ་སྐྱེལ་སྟངས་མི་འདྲ་བ་ཞིག་ཐོག་འགྲོ་མིན་ཐག་གཅོད་བྱེད་པའི་དུས་ཚོད་ཡིན།”
ལས་རིགས་ལ་བརྟེན་ནས་ཨོ་སི་ཊོ་ལི་ཡའི་ནང་གསར་དུ་གཞིས་སྤོ་བྱས་པའི་མི་ཚོར་ལས་གནས་འགའ་ཤས་ནང་ས་གནས་དང་འབྲེལ་ཡོད་ཉམས་མྱོང་མེད་པ་ཡོང་སྲིད།
གལ་ཏེ་ལས་རིགས་གསར་པ་ཞིག་གཞི་ནས་སྦྱོང་རྒྱུ་འགོ་འཛུགས་ཀྱི་མེད་ན། ཁྱེད་རང་ལ་འདས་པའི་གླ་ཡོད་དང་གླ་མེད་གང་རུང་གི་ལས་ཀའི་རྩལ་ནུས་དང་ཉམས་མྱོང་གང་ཡོད་པ་དེ་དག་མུ་མཐུད་བེད་སྤྱོད་ཡོང་ཐབས་ལ་བསམ་བློ་ཐོངས།
“རང་ཉིད་ལ་ལེགས་ཆ་གང་ཡོད་པ་དང་། ས་གནས་ཀྱི་ལས་ཞུགས་པ་གཞན་དང་བསྡུར་ན་རང་ཉིད་ལ་འཇོན་ཐང་འཕར་མ་གང་ཞིག་འཁྱེར་རྒྱུ་ཡོད་པ་དེ་དག་ལ་བསམ་བློ་ཐོངས། དེ་དག་རང་ཉིད་ཀྱི་ལོ་རྒྱུས་སྙན་ཞུའི་ཐོག་བཀོད་ནས་བྲིན་ཐབས་བྱེད་པ་དང་། གདེང་སྤོབས་དང་བཅས་ཏེ་བཅར་འདྲི་ལ་ཕྱིན་ཏེ། ལན་མི་འདྲ་བ་ཞིག་ཐོབ་པ་ཡིན་ན་སྐྲག་མི་དགོས།” ཅེས་ཁྲང་ལགས་ཀྱིས་གསུངས།
གལ་ཏེ་རང་ཉིད་ཀྱི་ཨིན་སྐད་སྒྲ་གདངས་ཀྱིས་དཀའ་ངལ་འཕྲད་རྐྱེན་བྱེད་སྲིད་པར་སྙམ་ན། ཁོང་གི་བསླབ་བྱ་ནི་གཙོ་བོ་རང་ཉིད་ཀྱི་ལམ་ཁ་གསར་པ་དེ་བརྩོན་ལེན་བྱེད་རྒྱུར་དམིགས་དགོས་པ་དེ་ཡིན།
ངས་སྦྱོང་བརྡར་སྤྲད་པའི་མི་བརྒྱ་ཕྲག་མང་པོའི་ནང་ནས་ཨིན་སྐད་དེ་སྐད་ཡིག་གཉིས་པ་ཡིན་མཁན་མང་ཆེ་བས་དེ་རང་ཉིད་ཀྱི་བཀག་རྡོ་ཡིན་པར་བསམ་གྱི་ཡོད་ཀྱང་དེ་ནི་སེམས་ཀྱིས་རྟོག་བཟོ་ཙམ་རེད་ཅེས་བརྗོད་ཐུབ།ཨེ་ལི་སི་ཁྲང་གིས།
ཁོང་གིས་གསུངས་པ་ལྟར་ན། དེང་སྐབས་ཨོ་སི་ཊོ་ལི་ཡའི་ནང་མི་མང་ཆེ་བར་རང་ཉིད་ཀྱི་ཨིན་སྐད་སྒྲ་གདངས་མི་འདྲ་བ་རེ་ཡོད།

ཨོ་སི་ཊེ་ལི་ཡའི་ནང་ལས་རིགས་བརྗེ་བའི་བརྒྱུད་རིམ་ཐད་ལམ་སྟོན་གནས་ཚུལ་གང་ནས་འཚོལ་དགོས་སམ།
རང་ཉིད་ཀྱི་ས་ཁུལ་དེར་ལས་རིགས་བརྗེ་བའི་ལམ་ཁ་དང་། ལས་རིགས་སྦྱོང་བརྡར། ཆེད་ལས་ཤེས་ཡོན་དང་ལས་རིགས་ཀྱི་འགྲོས་བཅས་ཀྱི་སྐོར་ལ་གནས་ཚུལ་དང་རྒྱབ་སྐྱོར་ཐོབ་པར་རང་ཉིད་ཀྱི་མངའ་སྡེ་དང་ས་ཁུལ་གྱི་གཞུང་གི་དྲྭ་ཚིགས་ལ་གཟིགས།
ཁྱེད་ཀྱིས་ད་དུང་ཨོ་སི་ཊེ་ལི་ཡའི་ལས་མིའི་ནུས་ཤུགས་ལྷན་ཚོགས་ལ་ཕྱིན་ནས་ལས་ཀ་འཚོལ་བའི་མ་ལག་ Job Switch tool བེད་སྤྱོད་བྱས་ནས་ཁྱེད་ཀྱི་ད་ལྟའི་ལག་རྩལ་དང་ཆ་རྐྱེན་དང་མཐུན་པའི་ལས་ཀ་འཚོལ་གྲུབ་བྱེད་ཆོག
གལ་ཏེ་ཁྱེད་རང་ལོ་ ༤༥ ཡན་ཡིན་ན། ལས་རིགས་འགྱུར་བའི་རོགས་རམ་ལས་གཞི་ལ་བལྟ་ཞིབ་བྱེད་དགོས།
དཔེར་ན་ཝིཀ་ཊོ་རི་ཡ་དང་ནུབ་ཕྱོགས་ཨོ་སི་ཊེ་ལི་ཡ་ལྟ་བུའི་ས་ཁུལ་ཁ་ཤས་ལ་ལས་རིགས་དང་། སྦྱོང་བརྡར། ལས་ཀ་ཐོབ་རྒྱུ་བཅས་ཀྱི་རོགས་རམ་ཆེད་དུ་གཅིག་སྡུད་ལྟེ་གནས་ཡོད།
ཁེ་རེག་རོབ་བྷར་ཊེ་སོན་ནི་ཝིཀ་ཊོ་རི་ཡའི་ལག་རྩལ་སྟངས་འཛིན་ལྷན་ཚོགས་ཀྱི་འགན་འཛིན་ཡིན།
ཁོང་ཚོས་མངའ་སྡེའི་ཊེ་ཧྤོ་ཡོད་པའི་སློབ་གྲྭ་ཁག་གི་ནང་ལག་རྩལ་དང་ལས་ཀའི་སྦྱོང་བརྡར་ཁང་དུ་མ་བཙུགས་ཡོད།
“སྦྱོང་བརྡར་ཁང་དེ་དག་མི་མང་བྱིངས་ལ་མཁོ་སྤྲོད་བྱས་ཡོད།” ཅེས་སྐུ་ཞབས་རོབ་བྷར་ཊེ་སོན་གྱིས་གསུངས།
“ཁོང་ཚོ་སྤྱི་ཚོགས་ནང་དུ་ལས་ཀ་བྱེད་ཀྱི་ཡོད་པས་ས་ཁུལ་དེའི་ནང་གི་ལས་ཀ་ལ་གོ་རྟོགས་ཡག་པོ་ཡོད་པ་མ་ཟད། ཆེད་ལས་ལས་རིགས་སློབ་སྟོན་པ་ཚོས་རང་དབང་གི་ལས་རིགས་སློབ་སྟོན་བྱེད་ཐུབ་ཀྱི་རེད།”
གལ་ཏེ་ཁྱེད་རང་ཨོ་སི་ཊེ་ལི་ཡའི་ངལ་རྩོལ་ཁྲོམ་རའི་སྐོར་ཤེས་འདོད་ཡོད་ན། སྐུ་ཞབས་རོབ་བྷར་ཊེ་སོན་གྱིས་ཁྱེད་ཀྱི་ལས་རིགས་དྲྭ་ཚིགས་ནང་གི་དྲ་ཐོག་ལག་ཆ་བེད་སྤྱོད་བྱེད་དགོས་པའི་འོས་སྦྱོར་གནང་ཡོད།
“དེ་ནི་དྲ་ཐོག་འཚོལ་བཤེར་འཕྲུལ་འཁོར་ཞིག་ཡིན་པས་ལས་རིགས་བརྗེ་བསྒྱུར་སྐོར་ལ་དྲི་བ་མང་པོ་འདྲི་ཆོག”
དྲྭ་ཚིགས་དེས་གཤམ་གསལ་གྱི་གནས་ཚུལ་མཁོ་སྤྲོད་བྱེད་ཀྱི་རེད།
- ལས་ཀའི་མདུན་ལམ་ག་འདྲ་ཡོད་པ།
- གླ་ཕོགས་ཀྱི་གྲུབ་ཆ་གང་འདྲ་ཡོད་པ།
- ཁྱེད་རང་ལས་ཀ་དེ་དག་ལ་འགྲན་རྩོད་བྱེད་པར་གྲ་སྒྲིག་བྱེད་པའི་སློབ་ཚན་ག་རེ་ཡོད་པ།

ཨོ་སི་ཊེ་ལི་ཡའི་ངལ་རྩོལ་ཁྲོམ་རའི་ནང་གི་ད་ལྟ་དང་མ་འོངས་པའི་འགྲོས་ཤུགས་གང་དག་ཡོད་དམ།
ཨོ་སི་ཊེ་ལི་ཡའི་ངལ་རྩོལ་ཁྲོམ་རའི་ནང་དུ་འགྲན་རྩོད་ཆེ་རུ་གཏོང་བའི་ཆེད་དུ་ལག་རྩལ་གསར་པ་སྦྱོང་བརྡར་བྱེད་རྒྱུར་བསམ་བློ་གཏོང་དགོས།
"བཟོ་ལས་ཁག་གིས་ལྷག་པར་དུ་བཟོ་རིག་རིག་ནུས་ཀྱི་འཇོན་ཐང་ཡོད་པའི་མི་སྣ་འཚོལ་བཞིན་ཡོད།" ཞེས་ཞིབ་འཇུག་པ་ཆེན་མོ་ཁེ་རོ་ལེན་ནེཊ་ལགས་ཀྱིས་གསུངས་ཡོད། ཁོང་ནི་ཁུན་སི་ལན་ཌི་གཙུག་ལག་སློབ་གཉེར་ཁང་གི་ཚོང་ལས་སློབ་གྲྭའི་དགེ་རྒན་ཆེན་མོ་ཞིག་རེད།
ལས་ཀ་འདྲེས་མའི་ལམ་ལུགས་ཀྱང་ད་དུང་གནས་རྒྱུ་ཡིན་པར་སྣང་།
"ལག་རྩལ་དང་བདེ་འཇགས་ཀྱི་རིག་གནས་ལ་འགྱུར་བ་བྱུང་བའི་རྐྱེན་གྱིས་ང་ཚོས་ཁྱིམ་ནས་ལས་ཀ་བྱེད་རྒྱུ་སྔར་ལས་ལས་སླ་རུ་ཕྱིན་ཡོད།"འབུམ་རམས་པ་ཞེས་ཁེ་རོ་ལེན་ནེཊ་ལགས།
མདུན་ཐོན་ལས་མི་རྣམས་ནི་དམིགས་བསལ་གྱི་གནས་སྟངས་ཤིག་རེད།
"འོན་ཀྱང་བཟོ་ལས་མང་ཆེ་བའི་ནང་དུ་མི་ཚོས་ཁྱིམ་ནས་ལས་ཀ་བྱེད་ཐུབ་པའི་ལས་ཀ་ཡོད།" ཞེས་ཁེ་རོ་ལེན་ནེཊ་ལགས་ཀྱིས་གསུངས་ཡོད།

རང་ཉིད་ལས་རིགས་ཞིག་བཞག་ནས་འགྲོ་དགོས་པའི་དུས་ལ་བབ་པ་ཇི་ལྟར་ཤེས་སམ།
མི་ཚང་མར་ལས་རིགས་གསར་པ་ཞིག་བརྗེ་བ་དེ་གཟེངས་བསྟོད་དང་རྒྱལ་ཁ་འཕར་མ་ཞིག་འཚོལ་བའི་རྒྱུའི་ཐག་གཅོད་ཁོ་ནའི་རྐྱེན་གྱིས་མིན།
ལ་ལ་ཞིག་ལ་དེ་ནི་དཀའ་ངལ་ཅན་གྱི་གནས་སྟངས་ཞིག་ལས་གཡོལ་བའམ། ལས་ཁུངས་ཀྱི་ཁོར་ཡུག་ཞན་པོ་ཞིག་ལས་གཡོལ་བའམ། ཡང་ན་ངལ་དུབ་ཀྱི་རྐྱེན་གྱིས་ཡིན།
དེ་འདྲའི་དུས་ཚོད་ཞིག་ལ་བབ་མིན་ཁྱེད་རང་སོ་སོས་ཐག་གཅོད་བྱེད་ཐུབ། ཅེས་ལྕམ་ཁེ་རོ་ལེན་ནེཊ་ལགས་ཀྱིས་གསུངས་ཡོད།
མཚམས་རེ་དེ་འདྲའི་གནས་སྟངས་སྐབས་འགན་འཛིན་དང་མཉམ་དུ་གནས་སྟངས་གང་ཞིག་ཡིན་པ་གྲོས་བསྡུར་བྱེད་རྒྱུ་དེ་ཡག་ཤོས་ཡིན་སྲིད།
"ཁྱེད་རང་སོ་སོའི་དགའ་སའི་ལས་ཀ་ཞིག་བཞག་ནས་འགྲོ་དགོས་བྱུང་ན་ཡིད་སྐྱོ་དགོས་པ་ཞིག་ཡིན་ངེས། འོན་ཀྱང་ངལ་དུབ་ཀྱིས་ཁོར་ཡུག་དེ་གཟོད་དཀའ་བར་གྱུར་བ་ཆག་སྲིད།"
"ཡང་གལ་ཏེ་ལས་ཀ་དེ་ཁྱེད་རང་ལ་འཚམ་པོ་མེད་པ་ཚོར་གྱི་ཡོད་ན་ངེས་པར་དུ་ལས་རིགས་བརྗེ་ན་ཡག་པོ་ཡོང་གི་རེད།།"
ཨོ་སི་ཊེ་ལི་ཡར་གནས་སྤོ་བྱས་རྗེས་རིན་ཐང་ལྡན་པའི་གནས་ཚུལ་དང་ལམ་སྟོན་མང་ཙམ་ཤེས་རྟོགས་བྱེད་པའི་ཆེད་དུ། ཨོ་སི་ཊེ་ལི་ཡ་འགྲེལ་བརྗོད་ཀྱི་ཆེད་སྒྲིག་སྒྲ་བརྙན་ལེ་ཚན་ཁག་ལ་ཉན་པའམ་རྗེས་འབྲང་བྱེད་རོགས།
ཁྱེད་ལ་དྲི་བ་དང་བརྗོད་གཞི་གང་ཞིག་གི་སྐོར་ལ་བསམ་འཆར་ཡོད་ན་ང་ཚོར་ australiaexplained@sbs.com.auལ་གློག་འཕྲིན་གཏོང་རོགས།








