SKIP TO MAIN CONTENT

ནུ་མའི་འབྲས་ནད་བརྟག་ཞིབ་དང་དེའི་འགྲོ་ལུགས་དང་གལ་ཆེའི་རང་བཞིན་བཅས་ཀྱི་སྐོར། Australia Explained

Australia Explained: Breast Screening
བུད་མེད་ཀྱི་སྐྱེ་སྒོའི་ཆེད་མཁས་སྨན་པས་ནད་པར་ནུ་མའི་འབྲས་ནད་པར་ལེན་འཕྲུལ་ཆས་ཀྱིས་བརྟག་ཞིབ་བྱེད་རོགས་བྱེད་སྐབས་ཤིག་ལ་གཉིས་ཀ་དགའ་ཞིང་འཛུམ་དམུལ་དམུལ་བྱེད་བཞིན་པ། པར་ཁུངས། གྷི་ཊི་པར་རིས། Credit: andresr/Getty Images

རྒྱུན་ལྡན་ནུ་མའི་འབྲས་ནད་བརྟག་ཞིབ་བྱེད་རྒྱུ་དེ་ཁྱེད་ཀྱིས་རྟགས་མཚན་དང་ནད་རྟགས་གང་ཡང་མ་ཚོར་བའི་སྔོན་ལ་ནུ་མའི་འབྲས་ནད་སྔ་ས་ནས་རྙེད་ཐུབ་པར་རོགས་རམ་བྱེད་ཐུབ། ཨོ་སི་ཊེ་ལི་ཡར་ནུ་མའི་འབྲས་ནད་ཕོག་པའི་ཉེན་ཁར་ཡོད་པའི་འོས་ཆོས་ཚང་བའི་བུད་མེད་ཚོར་རིན་མེད་ཐོག་ནུ་མའི་འབྲས་ནད་བརྟག་ཞིབ་བརྟག་ཞིབ་བྱེད་ཀྱི་ཡོད། བརྟག་དཔྱད་དེར་སྐར་མ་ ༢༠ ཙམ་འགོར་གྱི་རེད། ལོ་གཉིས་རེའི་ནང་ཐེངས་རེ་བྱེད་དགོས། དེ་ནི་རང་ཉིད་ཀྱི་འཕྲོད་བསྟེན་ལག་ཐོག་ལེན་པའི་ཐབས་ལམ་ནུས་ལྡན་ཞིག་ཡིན། འདིར་ང་ཚོས་ནུ་མའི་ནུ་མའི་འབྲས་ནད་བརྟག་ཞིབ་དེ་ཇི་ལྟར་སེམས་འཚབ་བྱེད་དགོས་པ་ཞིག་མ་ཚུལ་ཤེས་རྟོགས་བྱེད་རྒྱུ་ཡིན།


Published

By Melissa Compagnoni

Presented by Maram Ismail, Domnyershar Dadon

Source: SBS



Skip to podcast episode content

རྒྱུན་ལྡན་ནུ་མའི་འབྲས་ནད་བརྟག་ཞིབ་བྱེད་རྒྱུ་དེ་ཁྱེད་ཀྱིས་རྟགས་མཚན་དང་ནད་རྟགས་གང་ཡང་མ་ཚོར་བའི་སྔོན་ལ་ནུ་མའི་འབྲས་ནད་སྔ་ས་ནས་རྙེད་ཐུབ་པར་རོགས་རམ་བྱེད་ཐུབ། ཨོ་སི་ཊེ་ལི་ཡར་ནུ་མའི་འབྲས་ནད་ཕོག་པའི་ཉེན་ཁར་ཡོད་པའི་འོས་ཆོས་ཚང་བའི་བུད་མེད་ཚོར་རིན་མེད་ཐོག་ནུ་མའི་འབྲས་ནད་བརྟག་ཞིབ་བརྟག་ཞིབ་བྱེད་ཀྱི་ཡོད། བརྟག་དཔྱད་དེར་སྐར་མ་ ༢༠ ཙམ་འགོར་གྱི་རེད། ལོ་གཉིས་རེའི་ནང་ཐེངས་རེ་བྱེད་དགོས། དེ་ནི་རང་ཉིད་ཀྱི་འཕྲོད་བསྟེན་ལག་ཐོག་ལེན་པའི་ཐབས་ལམ་ནུས་ལྡན་ཞིག་ཡིན། འདིར་ང་ཚོས་ནུ་མའི་ནུ་མའི་འབྲས་ནད་བརྟག་ཞིབ་དེ་ཇི་ལྟར་སེམས་འཚབ་བྱེད་དགོས་པ་ཞིག་མ་ཚུལ་ཤེས་རྟོགས་བྱེད་རྒྱུ་ཡིན།


གཙོ་གནད།

  • སྐར་མ་ ༢༠ རིང་གི་བརྟག་ཞིབ་དེས་ཁྱེད་ཀྱི་ཚེ་སྲོག་སྐྱོབ་ཐུབ།
  • ལོ་ ༥༠ ནས་ ༧༤ བར་གྱི་བུད་མེད་རྣམས་ལ་ལོ་གཉིས་རེའི་ནང་རིན་མེད་ནུ་མའི་ནུ་མའི་འབྲས་ནད་བརྟག་ཞིབ་ལ་ཐོ་འགོད་བྱེད་རྒྱུར་སྐུལ་མ་བྱེད་ཀྱི་ཡོད།
  • ནུ་མའི་འབྲས་ནད་བརྟག་ཞིབ་དེ་བུད་མེད་དང་། ཕོ་མོའི་དབྱེ་བ་གཏན་འཁེལ་མེད་པའི་མི་སྣ། དེ་བཞིན་ལོ་ ༤༠ ནས་འགོ་བཙུགས་པའི་གདོད་རིགས་མི་དམངས་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་བུད་མེད་རྣམས་ལ་ཁྱབ་པ་ཞིག་ཡིན།
  • དེའི་ཐད་གཞིས་སྤོས་བུད་མེད་རྣམས་ལ་སྐད་ཡིག་འདྲ་མིན་གྱི་རོགས་སྐྱོར་བྱེད་ཀྱི་ཡོད་པ་དང་། སྨན་དཔྱད་ཁང་ཁག་གིས་འཚེར་སྣང་ཅན་དང་སྒེར་གྱི་གསང་རྒྱ་ལ་བརྩི་བཀུར་བྱེད་ཀྱི་ཡོད།

ནུ་མའི་འབྲས་ནད་བརྟག་ཞིབ་བྱེད་རྒྱུ་གལ་ཆེན་པོ་ཡིན་དོན་ཅི་ཡིན།

ནུ་མའི་འབྲས་ནད་བརྟག་ཞིབ་ནི་བུད་མེད་ཀྱི་འཕྲོད་བསྟེན་ཕྱིར་རྒྱུན་ལྡན་གྱི་སྨན་དཔྱད་ཅིག་ཡིན་ཞིང་། དེས་ནུ་མའི་འབྲས་ནད་དང་ནད་རིགས་གཞན་སྔ་ས་ནས་འཚོལ་ཐུབ།

ནུ་མའི་འབྲས་ནད་བརྟག་ཞིབ་བམ་མོ་མོ་གྷ་རམ་ནི་ནུ་མ་ལ་བཀོལ་བའི་གློག་དཔར་ཞིག་ཡིན་ཞིང་། དེ་ནུ་མའི་འབྲས་ནད་ཀྱི་སྔོན་རྟགས་ཆུང་ངུ་དག་རྙེད་པར་བཀོལ་གྱི་ཡོད། ནིའུ་ས་འོ་ཐ་ཝལ་སི་ནུ་མའི་འབྲས་ནད་བརྟག་དཔྱད་ཁང་གི་གློག་དཔར་ཆེད་མཁས་པ་གཙོ་བོ་བྷ་རོ་ཝིན་མོར་ལེ་ Bronwyn Morley ལགས་ཀྱིས་འགྲེལ་བརྗོད་གནང་དོན།

“དེ་ནི་འབྲས་རྡོག་ལས་ཀྱང་ཆུང་བའི་ནུ་མའི་འབྲས་ནད་དག་རྙེད་པར་བཟོས་པ་ཞིག་ཡིན། དེ་དག་མཐོང་རྒྱུ་དང་ཚོར་རྒྱུ་མེད་པའི་སྔོན་ལ་རྙེད་ཐུབ། ང་ཚོས་ནུ་མའི་འབྲས་ནད་སྔ་ས་ནས་རྙེད་པ་དེས་ཁྱེད་ལ་འཚོ་གནས་བྱེད་པའི་གོ་སྐབས་བཟང་བ་ཡོད་པ་དང་། ཁྱེད་ཀྱི་སྨན་བཅོས་ཀྱི་ཚད་ཉུང་དུ་གཏོང་ཐུབ་ཀྱི་ཡོད།”

རྒྱུན་དུ་བརྟག་ཞིབ་བྱེད་རྒྱུ་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་ནི་ནུ་མའི་འབྲས་ནད་དེ་ཕྱིའི་རྟགས་མཚན་གང་ཡང་མེད་པར་འཕེལ་རྒྱས་འགྲོ་ཐུབ་པས་རེད།

དེ་ནི་ང་ཚོས་ནུ་མའི་འབྲས་ནད་བརྟག་ཞིབ་ཀྱི་ཕྱིར་དུས་བཅད་བཟོ་དགོས་པའི་རྒྱུ་མཚན་གཙོ་བོ་དེ་རེད།

Australia Explained: Breast Screening
སྨན་ཁང་གི་གློག་ཀླད་ཐོག་མོ་མོ་གྷ་རམ་རྒྱག་བཞིན་པའི་སྨན་པ། པར་ཁུངས། གྷི་ཊི་པར་རིས། Credit: FG Trade/Getty Images

རྒྱལ་ཡོངས་ཀྱི་ནུ་མའི་འབྲས་ནད་བརྟག་ཞིབ་ལས་གཞིའི་ནང་འཛུལ་ཞུགས་ཆོག་མཁན་དག།

ཨོ་སི་ཊེ་ལི་ཡའི་ནུ་མའི་འབྲས་ནད་བརྟག་ཞིབ་ལས་དོན་ནི་དབུས་གཞུང་དང་། མངའ་སྡེ། ས་ཁུལ་གཞུང་ཁག་གི་མཉམ་འབྲེལ་ལས་གཞི་ཞིག་ཡིན།

ལས་གཞི་འདིས་ནུ་མའི་འབྲས་ནད་བརྟག་ཞིབ་བྱེད་རྒྱུ་ལས་སླ་རུ་བཏང་ཡོད། རིན་མེད་ཡིན་པ་མ་ཟད་སྨན་པའི་ངོ་སྤྲོད་ཡི་གེ་དགོས་ཀྱི་མེད།

གལ་ཏེ་ཁྱེད་རང་འོས་ཆོས་ཚང་བའི་ལོ་ ༥༠ ནས་ ༧༤ བར་གྱི་བུད་མེད་ཅིག་ཡིན་ན། ལོ་གཉིས་རེའི་ནང་ཁྱེད་ལ་ཁྱེད་ཀྱི་མངའ་སྡེ་འམ་ས་ཁུལ་གྱི་ནུ་མའི་འབྲས་ནད་སྨན་བཅོས་ཁང་ངམ་འཁོར་སྐྱོད་རླངས་འཁོར་ནང་དུས་བཅད་བཟོ་རྒྱུ་སྐད་གཏོང་གི་ཡོད།

ལས་གཞི་འདི་ནི་ཁྱབ་ཆེ་ཞིང་བརྒྱུད་རིམ་སྟབས་བདེ་པོ་ཡོད། ནིའུ་ས་འོ་ཋ་ཝལ་སི་ནུ་མའི་འབྲས་ནད་བརྟག་ཞིབ་ལས་དོན་ལྟ་བུར་མཚོན་ན། མངའ་སྡེ་ཡོངས་སུ་བརྟག་ཞིབ་ཁང་ ༢༥༠ ལྷག་ཡོད།

དམིགས་འབེན་གྱི་ལོ་ཚད་ནང་མ་གཏོགས་ཀྱང་ནུ་མའི་འབྲས་ནད་བརྟག་ཞིབ་བྱེད་དགོས།

“གདོད་རིགས་མི་དམངས་དང་ཋོ་རི་སི་མཚོ་འགག་གླིང་ཕྲན་པའི་བུད་མེད་རྣམས་ལ་ལོ་ ༤༠ ནས་བརྟག་ཞིབ་བྱེད་རྒྱུའི་ལམ་སྟོན་བྱེད་ཀྱི་ཡོད། ལས་གཞི་དེ་ལ་རྒྱུས་མངའ་བྱུང་རྗེས་ཕྱིས་སུ་བརྟག་དཔྱད་མུ་མཐུད་བྱེད་རྒྱུར་རྒྱུད་སྐུལ་བྱེད་ཀྱི་ཡོད། ལོ་ ༧༥ ལས་བརྒལ་བའི་བུད་མེད་རྣམས་ལ་སྨན་པའི་སར་བཅར་ནས་རྒྱུན་ལྡན་གྱི་ནུ་མའི་འབྲས་ནད་བརྟག་ཞིབ་དེ་ཁོང་ཚོ་ལ་འཚམ་པོ་ཡོད་མེད་སྐོར་ལ་བཀའ་འདྲི་ཞུ་དགོས།” ཅེས་མོར་ལེ་ལགས་ཀྱིས་གསུངས།

ནུ་མའི་འབྲས་ནད་བརྟག་ཞིབ་ཀྱིས་མཚན་སྣ་ཚོགས་སམ་ Rainbow Screening གྱི་སྨན་བཅོས་ཁང་ཁག་ཀྱང་འཛིན་སྐྱོང་བྱེད་ཀྱི་ཡོད། ཕོ་མོའི་དབྱེ་བ་གཏན་འཁེལ་མེད་པའི་མི་སྣ་འམ་ཕོ་མོའི་དབྱེ་བ་འགྱུར་བ་གཏོང་བའི་སྨན་བཅོས་བྱེད་མཁན་རྣམས་ཀྱིས་རང་ཉིད་ལ་ནུ་མའི་འབྲས་ནད་བརྟག་ཞིབ་དགོས་མིན་དྲི་རྒྱུ་དེ་གལ་ཆེན་པོ་ཡིན།

ནུ་མའི་འབྲས་ནད་བརྟག་ཞིབ་བྱེད་པའི་སྐབས་ཅི་ཞིག་བྱུང་གི་ཡོད་དམ།

མི་མང་པོར་མཚོན་ན། བརྟག་ཞིབ་ཀྱི་དུས་བཅད་བཟོ་བའི་བཀག་རྡོ་ཆེ་ཤོས་དེ་ནི་ངེས་གཏན་མེད་པ་དེ་རེད།

སྐད་གཉིས་སྨྲ་བའི་འཕྲོད་བསྟེན་སློབ་གསོ་སྤྲོད་མཁན་ཧྥ་ལི་སི་ཡ་བྷེ་ལ་ཇི་ཡ་ Felicia Belagia ལགས་ལྟ་བུར་མཚོན་ན། མེལ་བྷོན་གྱི་རིག་གཞུང་སྣ་མང་གི་བུད་མེད་འཕྲོད་བསྟེན་ཁང་ནས་ཡིན་ཞིང་ཁོང་གིས་བུད་མེད་རྣམས་ལ་ཁོང་ཚོའི་སྐད་ཡིག་ཐོག་བརྟག་ཞིབ་སྐབས་ཅི་ཞིག་བྱུང་གི་ཡོད་མེད་སྐོར་ཤེས་རྟོགས་ཐུབ་པར་རོགས་རམ་བྱེད་ཀྱི་ཡོད།

སྨན་བཅོས་ཁང་དུ་འབྱོར་མཚམས་སྣེ་ལེན་མཁན་གྱི་སར་གློག་དཔར་ཆེད་མཁས་པར་མ་མཇལ་གོང་ཡིག་ཆ་འགའ་ཞིག་བསྐང་དགོས།

“གློག་དཔར་ཆེད་མཁས་པས་ཁྱེད་ལ་སྟོད་གོས་ཕུད་དགོས་པའི་རེ་སྐུལ་བྱེད་ཀྱི་རེད། ཁྱེད་ཀྱིས་ནང་འཇམ་ཚུད་པའི་སྟོད་གོས་ཆ་ཚང་ཕུད་དགོས། ཁྱེད་རང་ལ་སྨན་ཁང་གི་སྟོད་གོས་ཞིག་ཐོབ་རྒྱུར་རེ་སྐུལ་ཞུ་ཆོག་པ་དང་། གལ་ཏེ་ཁྱེད་ལ་མ་བདེ་བ་བྱུང་ན་བརྟག་ཞིབ་བྱེད་པའི་སྐབས་གློག་དཔར་རྒྱག་མཁན་ལ་མཚམས་འཇོག་དགོས་པའི་རེ་འདུན་ཞུས་ཆོག སྐབས་དེར་སྐར་མ་ཁ་ཤས་རིང་ཁྱེད་རང་གི་ནུ་མ་བཙིར་ནས་པར་གསལ་པོ་ཞིག་ལེན་གྱི་རེད། དེ་ནི་མ་བདེ་བ་ཞིག་ཡིན་ཡང་ན་ཟུག་གཏོང་གི་མེད།”

Australia Explained: Breast Screening
རང་ལོ་ ༤༠ ཡས་མས་སུ་སོན་པའི་ཨ་རི་བའི་བུད་མེད་ཅིག་གིས་སྨན་ཁང་གི་གྱོན་ཆས་གོན་ཏེ་ལོ་འཁོར་ནུ་མའི་འབྲས་ནད་བརྟག་དཔྱད་བྱེད་བཞིན་པར་འཕྲུལ་ལས་པ་སྐྲ་གསེར་ཅན་ཞིག་གིས་རོགས་རམ་བྱེད་བཞིན་པའི་རྣམ་པ། པར་ཁུངས། གྷི་ཊི་པར་རིས། Credit: kali9/Getty Images

ཁྱེད་ནི་བརྟག་ཞིབ་མ་འདང་བའི་སྡེ་ཚན་ཞིག་གི་ནང་ཚུད་ཀྱི་ཡོད་དམ།

རིག་གཞུང་སྣ་མང་ཅན་གྱི་བུད་མེད་དང་ཕོ་མོའི་རྣམ་པ་སྣ་མང་ཅན་གྱི་མི་རྣམས་མི་དམངས་བྱིངས་ལས་ནུ་མའི་འབྲས་ནད་བརྟག་དཔྱད་བྱེད་ཚད་དམའ་བ་ཡོད།

ཝིག་ཊོ་རི་ཡ་ནུ་མའི་འབྲས་ནད་བརྟག་ཞིབ་ཁང་གི་སྙན་ཐོའི་ནང་ ཕྱི་ལོ་ ༢༠༢༢–༢༤ ལོའི་ནང་། མངའ་སྡེའི་ནང་གི་རིག་གཞུང་སྣ་མང་ཅན་གྱི་བུད་མེད་ཚོའི་བརྟག་དཔྱད་བྱེད་ཚད་ནི་མི་དམངས་གཞན་གྱི་མཉམ་ཞུགས་བྱེད་ཚད་ལ་བརྒྱ་ཆ་ ༡༣% གྱིས་དམའ་བ་ཡོད་པ་བསྟན་ཡོད།

བྷེ་ལ་ཇི་ཡ་ལགས་ཀྱིས་གྲངས་གཞི་འདི་ལ་རྒྱུ་རྐྱེན་མང་པོ་ཡོད་པ་ལས་གཅིག་ནི་ཁོ་ཚོའི་ཕ་ཡུལ་དང་ཨོ་སི་ཊེ་ལི་ཡའི་ནང་གི་འཕྲོད་བསྟེན་གྱི་ཉམས་མྱོང་ཡིན་པར་གསུངས་ཡོད།

“རྒྱུ་མཚན་གཞན་ཞིག་ནི་ཨོ་སི་ཊེ་ལི་ཡའི་འཕྲོད་བསྟེན་མ་ལག་དེ་རྙོག་འཛིང་ཆེ་བ་མ་ཟད། རིག་གཞུང་སྣ་མང་ཅན་གྱི་བུད་མེད་ཚོའི་དགོས་མཁོ་སྐོང་ཐུབ་ཀྱི་མེད་པས། འཕྲོད་བསྟེན་ཞབས་ཞུ་ལག་སོན་བྱེད་པར་བཀག་རྡོ་བཟོ་བཞིན་ཡོད།”

རྒྱབ་ལྗོངས་འདྲ་མིན་ཡོད་པའི་བུད་མེད་རྣམས་ལ་རྒྱབ་སྐྱོར་ཡོད་དམ།

རིག་གཞུང་སྣ་མང་གི་བུད་མེད་འཕྲོད་བསྟེན་ཁང་MCWH ལྟ་བུའི་ཚོགས་པ་ཁག་གི་ནུས་པ་འདོན་ཡུལ་གཙོ་བོ་ནི་འདི་ལྟ་བུའི་ལས་གཞི་ཁག་ཡིན། ཁོ་ཚོས་གཞིས་སྤོས་དང་སྐྱབས་བཅོལ་བུད་མེད་ཚོར་ཨོ་སི་ཊེ་ལི་ཡའི་འཕྲོད་བསྟེན་མ་ལག་ནང་ཇི་ལྟར་བསྐྱོད་དགོས་མིན་ཤེས་རྟོགས་ཐུབ་པར་རོགས་རམ་བྱེད་ཀྱི་ཡོད།

རིག་གཞུང་སྣ་མང་ཀྱི་བུད་མེད་ཀྱི་འཕྲོད་བསྟེན་ཁང་གི་སློབ་སྟོན་པ་ཚོས་རང་ཉིད་ཀྱིས་རྒྱབ་སྐྱོར་བྱེད་བཞིན་པའི་བུད་མེད་ཚོ་དང་མཉམ་དུ་སྐད་ཡིག་དང་། རིག་གཞུང་། འཚོ་བའི་ཉམས་མྱོང་བཅས་མཉམ་སྤྱོད་བྱེད་ཀྱི་ཡོད། དེར་བརྟེན་སློབ་སྟོན་པ་བྷེ་ལ་ཇི་ཡ་ལགས་ལྟ་བུ་ཚོས་གུས་ཞབས་ལྡན་པའི་ངང་གནས་བབ་ལ་འཚམ་ཞིང་ནུས་པ་ལྡན་པ་བཅས་ཀྱི་སྒོ་ནས་འབྲེལ་ལམ་བྱེད་ཐུབ་ཀྱི་ཡོད།

“ངས་སློབ་གསོ་སྤྲོད་སྐབས་གཞིས་སྤོས་བུད་མེད་དང་སྐྱབས་བཅོལ་བུད་མེད་མང་པོ་ཞིག་གིས་རང་ཉིད་ཀྱི་ནུ་མ་ཕྱི་ལ་བསྟན་པར་ངོ་ཚ་ཡི་ཡོད་པ་བཤད་བྱུང། མང་པོ་ཞིག་གིས་ན་ཟུག་གམ་ཡང་ན་བརྟག་དཔྱད་གྲུབ་འབྲས་ངན་པ་ཞིག་ཡོང་བར་ཞེད་སྣང་སྐྱེ་བཞིན་ཡོད་པར་བཤད་བྱུང།

“དེ་དག་ལ་ངས་ཞུ་འདོད་པ་ནི་ནི་ང་ཚོས་ཉམས་མྱོང་བཟང་དུ་གཏོང་བ་དང་བརྟག་དཔྱད་ཡག་ཏུ་གཏོང་བར་རྒྱབ་སྐྱོར་བྱེད་ཐུབ་པའི་བྱ་བ་མང་པོ་ཡོད།”

རིག་གཞུང་སྣ་མང་གྱི་རྒྱབ་ལྗོངས་གི་བུད་མེད་འཕྲོད་བསྟེན་ཁང་གིས་ཁྱེད་རང་གི་སྐད་ཡིག་ནང་རིན་མེད་འཕྲོད་བསྟེན་སློབ་ཚན་གོ་སྒྲིག་བྱས་ཡོད་པས། ཁྱེད་རང་བརྟག་དཔྱད་ལ་གྲ་སྒྲིག་ཡག་པོ་བྱེད་ཐུབ་ཀྱི་ཡོད།

ནིའུ་ས་འོ་ཐ་ཝལ་སི་ནུ་མའི་འབྲས་ནད་བརྟག་ཞིབ་ཁང་གིས་ཀྱང་དམིགས་བསལ་སློབ་གསོ་དང་སྐད་ཡིག་གཞན་གྱི་ཐོན་ཁུངས་མཁོ་སྤྲོད་བྱེད་ཀྱི་ཡོད།

བུད་མེད་ཚོས་བརྟག་དཔྱད་ཀྱི་དུས་བཅད་མ་བཟོས་གོང་གསང་རྒྱ་དང་། སྒེར་དོན་སྲུང་སྐྱོབ། འབྲེལ་བ་བྱེད་ཚུལ་གྱི་དགོས་མཁོ་སོགས་ཀྱི་ཐད་ལ་སེམས་ཁྲལ་ཡོད་པ་རྣམས་གླེང་ཆོག
ཧྥ་ལི་སི་ཡ།

“ང་ཚོས་རིག་གཞུང་སྣ་མང་ཅན་གྱི་ཚོགས་པ་ཁག་དང་མཉམ་དུ་འབྲས་ནད་བརྟག་དཔྱད་ལ་སྐུལ་མ་གཏོང་བཞིན་ཡོད།” ཅེས་བྷ་རོན་མོར་ལེ་ལགས་ཀྱིས་གསུངས་ཡོད།

“ང་ཚོས་ད་དུང་ཚོགས་པ་བཟོས་ཏེ་བརྟག་དཔྱད་བྱེད་པར་གོ་སྒྲིག་བྱེད་ཀྱི་ཡོད། དེས་བུད་མེད་ཚོ་མཉམ་དུ་ཡོང་ནས་ཕན་ཚུན་རྒྱབ་སྐྱོར་བྱེད་ཐུབ། ང་ཚོས་འཕྲོད་བསྟེན་ཐད་ལོ་ཙཱ་བ་ཚད་ལྡན་མཁོ་སྤྲོད་བྱས་ཡོད་པས། ཁོ་ཚོས་དུ་བཅད་བཟོ་རྒྱུ་དང་བརྟག་དཔྱད་ཀྱི་ཉིན་མོར་རོགས་རམ་བྱེད་པ་མ་ཟད། བུད་མེད་ཚོས་རང་ཉིད་ལ་སྤྲད་པའི་མཛུབ་སྟོན་རྣམས་གསལ་པོར་ཤེས་པ་དང་། བརྟག་དཔྱད་དང་འབྲེལ་བའི་དྲི་བ་གང་ཡོད་དྲི་ཆོག་པར་རོགས་རམ་བྱེད་ཀྱི་ཡོད།”

ནུ་མའི་འབྲས་ནད་བརྟག་དཔྱད་བྱས་པའི་ནད་པ་ཨན་ཇི་ལ་ལེ་ནུ་ Angela Laino ལགས་ཀྱིས་གསུངས་པ་ལྟར་ན། མི་ཚོ་སེམས་ཁྲལ་བྱེད་པ་ནི་རྒྱུན་ལྡན་ཞིག་ཡིན་པ་དང་། ལྷག་པར་དུ་ཐོག་མའི་བརྟག་དཔྱད་ཡིན་ན། དེ་བས་ཀྱང་སེམས་ཁྲལ་ཡོང་གི་ཡོད།

ཁོ་མོས་གློག་དཔར་རྒྱག་མཁན་ཚོས་ཁྱེད་རང་སེམས་ལྷོད་དུ་གཏོང་གི་ཡོད་པ་ཤེས་རྟོགས་བྱུང་ཡོད།

“བརྟག་དཔྱད་ཀྱི་དུས་ཡུན་ཐུང་ཐུང་ཡིན་པས་སྐར་མ་ ༢༠ ཙམ་གྱི་ནང་མཇུག་སྒྲིལ་གྱི་ཡོད། དངོས་སུ་གློག་དཔར་རྒྱག་རྒྱུར་དེ་བས་དུས་ཚོད་ཉུང་བ་འགོར་གྱི་ཡོད། བརྟག་དཔྱད་བྱེད་མཁན་ཚང་མ་བུད་མེད་ཡིན་པ་དང་། ཁོ་ཚོ་ཚང་མས་བྱམས་སེམས་ལྡན་པའི་ངང་ཁྱེད་རང་ལ་སེམས་ཁྲལ་ཡོད་པར་བསམ་ཤེས་བྱེད་མཁན་ཤ་སྟག་ཡིན་པ་མ་ཟད་འགྲོ་ལུགས་རེ་རེ་བཞིན་འགྲེལ་བཤད་རྒྱག་གི་ཡོད།”

Australia Explained: Breast Screening
ཨེ་ཤ་ཡའི་བུད་མེད་སྨན་པ་ཞིག་གིས་སྨན་ཁང་ནང་བུད་མེད་ཅིག་ལ་ནུ་རང་ངོས་ནས་ནུ་མར་སྐྱོན་ཡོད་མེད་ཞིབ་བཤེར་བྱེད་སྟངས་འགྲེལ་བཤད་རྒྱག་བཞིན་པ། པར་ཁུངས། གྷི་ཊི་པར་རིས། Credit: PonyWang/Getty Images

བརྟག་དཔྱད་བྱེད་སྐབས་སྐད་སྒྱུར་བ་ཡོད་དམ།

ཁྱེད་ཀྱིས་སྐད་ཡིག་གི་རྒྱབ་སྐྱོར་ཐོབ་རྒྱུར་རེ་སྐུལ་བྱེད་ཆོག དཔེར་ན། རྒྱལ་ཡོངས་སྐད་སྒྱུར་ཞབས་ཞུ་ (TIS National) ལ་ཁ་པར་ཨང་གྲངས་ ༡༣ ༡༤ ༥༠ བརྒྱུད་ནས་རེ་སྐུལ་བྱས་ཚེ་ཉིན་མཚན་ཀུན་ཏུ་ཆུ་ཚོད་ ༢༤ རིང་ཞབས་ཞུ་མཁོ་སྤྲོད་བྱེད་ཀྱི་ཡོད། ཡང་རང་ངོས་ནས་སྐད་སྒྱུར་གྱི་རོགས་པ་བྱེད་མཁན་ཞིག་ཁྲིད་ནས་ཡོང་ན་དགའ་བསུ་ཡོད།

ནུ་མའི་འབྲས་ནད་བརྟག་ཞིབ་བྱེད་པའི་སྐབས་ཀྱི་ལམ་སྟོན་ཁག།

ནུ་མའི་འབྲས་ནད་བརྟག་དཔྱད་ནི་ནུ་མར་འགྱུར་བ་གང་ཞིག་ཐེབས་ཡོད་མེད་ཤེས་རྟོགས་བྱེད་པའི་ཆེད་དུ་ཡིན་པས། རྒྱུན་དུ་མུ་མཐུད་དགོས་ཅེས་ལེ་ནོ་ལགས་ཀྱིས་དྲན་སྐུལ་གནང་བ་ལྟར་རེད།

ནུ་མའི་འབྲས་ནད་ཡོད་མེད་དེ་ཉིད་སྔ་པོ་ནས་ཤེས་རྟོགས་ཐུབ་ཆེད། ལོ་གཉིས་རེའི་མཚམས་སུ་བརྟག་དཔྱད་བྱེད་རྒྱུ་ནི་གལ་ཆེ་ཤོས་རེད། ནུ་མ་གཉིས་ཡོད་པ་ལྟར་ལོ་གཉིས་རེའི་མཚམས་ཞེས་དྲན་གསོ་གནང་དགོས།
ཨེན་ཇེ་ལ་ ལེ་ནོ།

“ངས་བརྟག་དཔྱད་འདི་བརྒྱུད་རང་གི་བདེ་ཐང་དང་བདེ་སྐྱིད་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་པའི་བསམ་བློ་བཟུང་ནས་འགྲོ་གི་ཡོད། དེ་བཞིན་དེའི་ཕྱིར་དུས་བཅད་བཟོ་རྒྱུར་དུས་ཚོད་བཏང་དགོས་པ་ཞིག་རེད། བརྟག་དཔྱད་དེ་བདེ་པོ་ཡོང་ཆེད་དྲི་བ་འདྲི་རྒྱུ་དེ་གལ་ཆེན་པོ་ཡིན་པ་ཚོར་གྱི་འདུག

“ཡང་བརྟག་དཔྱད་བྱེད་སྐབས། སྟོད་ཐུང་དང་སྨད་གོས་གྱོན་དགོས། དེ་ནི་ཕྱུ་པ་ཧྲིལ་པོ་ཞིག་ཕུད་རྒྱུ་ལས་ལས་སླ་བ་ཡོད།”

ནུ་མའི་འབྲས་ནད་བརྟག་ཞིབ་ཕྱིར་དུས་བཅད་བཟོ་ཚུལ།

ཁྱེད་ཀྱིས་ཨོ་སི་ཊེ་ལི་ཡའི་ནང་གང་སར་ཁ་པར་ཨང་གྲངས་ ༡༣ ༢༠ ༥༠ བརྒྱུད་ནས་ཁྱེད་རང་གནས་སྡོད་བྱེད་སའི་མངའ་སྡེ་འམ་ས་ཁུལ་གྱི་ནུ་མའི་འབྲས་ནད་བརྟག་དཔྱད་ཁང་BreastScreen ལ་འབྲེལ་བ་བྱས་ཏེ། ཁྱེད་རང་ལ་འོས་ཆོས་ཚང་ཡོད་མེད་དྲི་བ་དང་རིན་མེད་ནུ་མའི་བརྟག་དཔྱད་ཀྱི་དུས་ཚོད་བཟོ་ཆོག དེ་མིན་ནུ་མའི་འབྲས་ནད་བརྟག་དཔྱད་ཁང་གི་དྲ་ཚིགས་ལ་བལྟས་ནས་དྲ་ཐོག་ནས་ཀྱང་དུས་བཅད་བཟོ་ཆོག།།

ཨོ་སི་ཊེ་ལི་ཡར་གནས་སྤོ་བྱས་རྗེས་རིན་ཐང་ལྡན་པའི་གནས་ཚུལ་དང་ལམ་སྟོན་མང་ཙམ་ཤེས་རྟོགས་བྱེད་པའི་ཆེད་དུ། ཨོ་སི་ཊེ་ལི་ཡ་འགྲེལ་བརྗོད་ཀྱི་ཆེད་སྒྲིག་སྒྲ་བརྙན་ལེ་ཚན་ཁག་ལ་ཉན་པའམ་རྗེས་འབྲང་བྱེད་རོགས།

ཁྱེད་ལ་དྲི་བ་དང་བརྗོད་གཞི་གང་ཞིག་གི་སྐོར་ལ་བསམ་འཆར་ཡོད་ན་ང་ཚོར་ australiaexplained@sbs.com.au ལ་གློག་འཕྲིན་གཏོང་རོགས།


Latest podcast episodes

Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Stream now