པ་ཀི་སི་ཐན་ཨི་རན་དང་ཨ་རི་དབར་གྱི་བར་འདུམ་པ་ཞིག་ཏུ་གྱུར་ཏེ། དམག་མཚམས་གཅོད་རྒྱུའི་འབད་བརྩོན་སྣེ་ཁྲིད་པ་དང་། ད་ལྟ་རྒྱལ་ས་ཨི་སི་ལཱ་མ་བྷ་ཌི་ནང་གལ་འགངས་ཆེ་བའི་ཞི་བདེའི་གྲོས་མོལ་གཙོ་སྐྱོང་བྱེད་བཞིན་ཡོད།
དཀྱིལ་ཤར་ཁུལ་དུ་བདུན་ཕྲག་ཁ་ཤས་རིང་དམག་འཁྲུག་བྱུང་བའི་རྗེས་མི་སྟོང་ཕྲག་མང་པོ་ཤི་རྨས་བྱུང་བ་དང་། འཛམ་གླིང་གི་རྡོ་སྣུམ་ནུས་པའི་ཚོང་རར་དཀའ་ངལ་འཕྲད་ཡོད། འོན་ཀྱང་། ཕྱོགས་གཉིས་ཀས་གཟའ་ལྷག་པའི་ཉིན་དམག་མཚམས་བཞག་ནས་རྒོལ་འཛིང་མཇུག་སྒྲིལ་རྒྱུའི་རེ་བ་བྱས་ཡོད།
པ་ཀི་སི་ཐན་གྱིས་བདུན་ཕྲག་ཁ་ཤས་རིང་ཨ་རི་དང་ཨི་རན་དབར་བར་འདུམ་གྱི་ལས་འགན་བསྒྲུབས་ཡོད་པ་དང་། ཨ་རིའི་སྲིད་འཛིན་ཌོ་ནལ་ཊྲམ་གྱིས་པ་ཀི་སི་ཐན་གྱི་མཐོ་རིམ་དཔོན་རིགས་དང་གླེང་མོལ་བྱས་པས་ཕྱོགས་གཉིས་ཀར་བདུན་ཕྲག་གཉིས་རིང་དམག་མཚམས་འཇོག་རྒྱུར་སྐུལ་མ་ཐེབས་ཡོད་ཅེས་བརྗོད་ཡོད།
ད་ལྟ་ཨི་སི་ལཱ་མ་བྷ་ཌི་ནང་བདུན་མཇུག་གི་ཞི་བདེའི་གྲོས་མོལ་གྱི་ཆེད་དུ་གྲོང་ཁྱེར་སྒོ་རྒྱག་རྒྱུ་ཡིན་པ་དང་། དམག་ཆས་གྱོན་པའི་མི་སྣས་སྐོར་གཡེང་བྱེད་བཞིན་ཡོད་པ་དང་། འགྲིམ་འགྲུལ་གྱི་ལམ་ཁ་བཀག་པ་དང་ཉེན་རྟོག་པའི་ཞིབ་བཤེར་ས་ཚིགས་བཙུགས་ཡོད།
གྲོས་མོལ་དེ་ནི་ཐད་ཀར་མ་ཡིན་པར་ཚོགས་ཁང་ཐ་དད་ནང་ཨི་རན་དང་ཨ་རིའི་འཐུས་མི་རྣམས་ཡོད་པ་དང་། པ་ཀི་སི་ཐན་གྱི་དཔོན་རིགས་རྣམས་ཀྱིས་གྲོས་འཆར་ཁག་ཕྱོགས་གཉིས་དབར་སྐྱེལ་འདྲེན་བྱེད་རྒྱུ་ཡིན་པ་དང་། དེ་ནི་དམག་འཁྲུག་མ་བྱུང་གོང་རྒྱལ་ཁབ་གཉིས་དབར་འབྲེལ་མཐུད་བྱེད་པར་ཨོ་མན་གྱིས་མཐུན་འགྱུར་བྱས་པའི་གྲོས་མོལ་གྱི་རྣམ་པ་དང་གཅིག་མཚུངས་རེད།
ཨི་སི་ལཱ་མ་བྷ་ཌི་དུ་བསྐྱོད་མཁན་གྱི་ཨ་རིའི་འཐུས་མིའི་ནང་སྲིད་འཛིན་གཞོན་པ་ཇི་ཌི་ཝན་སི་དང་། དམིགས་བསལ་སྐུ་ཚབ་སི་ཊིབ་ཝིཊི་ཀོབ་དང་། ཇཱ་རེཌ་ཀུ་ཤི་ནར་བཅས་ཡོད་པ་དང་། ཕྱི་མ་དེ་ནི་ཊྲམ་ཡི་མག་པ་རེད།
ཨི་རན་གྱི་ཕྱི་སྲིད་བློན་ཆེན་ཨ་བྷ་སི་ཨ་རག་ཅི་དང་། ཨི་རན་གྱི་གྲོས་ཚོགས་ཀྱི་ཚོགས་གཙོ་མོ་ཧ་མཌ་བྷ་གྷར་ཁ་ལི་བྷཧྤ་ནི་ཨི་རན་གྱི་འཐུས་མིའི་སྣེ་ཁྲིད་ཡིན།
འཐུས་མི་རྣམས་ཀྱི་གོ་གནས་མཐོ་པོ་ཡིན་པའི་ཆ་ནས། དེ་ནི་ ༡༩༧༩ ལོའི་ཨི་རན་གྱི་གསར་བརྗེ་བྱུང་བ་ནས་བཟུང་ཨ་རི་དང་ཨི་རན་དབར་གྱི་མཐོ་རིམ་གྲོས་མོལ་མཐོ་ཤོས་དེ་ཡིན་པ་དང་། ༢༠༡༥ ལོར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ཇོན་ཀེ་རི་ཡིས་གྲོས་མོལ་བྱས་པའི་རྡུལ་ཕྲན་གྱི་གྲོས་མཐུན་ (ཕྱི་ལོ་ ༢༠༡༨ ལོར་ཊྲམ་གྱིས་ཨ་རི་ཕྱིར་འཐེན་བྱས་ཡོད།) གལ་ཆེན་དེ་ནས་བཟུང་ཕྱོགས་གཉིས་དབར་དངོས་སུ་མཇལ་འཕྲད་ཀྱི་གྲོས་མོལ་ཐོག་མ་དེ་རེད།
ཨ་རི་དང་ཨི་སི་རལ་གྱིས་ཨི་རན་ལ་དམག་འཁྲུག་བསླངས་ཏེ་ཟླ་བ་ ༢ ཚེས་ ༢༨ ཉིན་ཨི་རན་གྱི་འགོ་ཁྲིད་ཨ་ལི་ཁ་མེ་ནེ་ཡི་སྲོག་མ་བཅད་གོང་ཝིཊི་ཀོབ་དང་ཨ་རག་ཅི་གཉིས་ཀྱིས་ཨོ་མན་གྱིས་མཐུན་འགྱུར་བྱས་པའི་གྲོས་མོལ་གྱི་རིམ་པ་མང་པོའི་ནང་མཉམ་ཞུགས་བྱས་ཡོད།
པ་ཀི་སི་ཐན་གྱི་འབྲེལ་བ་གཙོ་བོ།
པ་ཀི་སི་ཐན་གྱི་བར་འདུམ་བྱེད་ཐུབ་པ་དེ་ཁོང་ཚོའི་དམིགས་བསལ་རྒྱ་ཆེ་བའི་ཕྱི་འབྲེལ་གྱི་ནུས་པ་ལས་ལས་བྱུང་ཡོད།
དེས་སོ་ཌི་ཨ་རེ་བི་ཡ་དང་། ཏུར་ཀེ་དང་། རྒྱ་ནག་བཅས་དང་འབྲེལ་བ་ཤུགས་ཆེན་བཙུགས་ཡོད་པ་དང་། ཊྲམ་དང་པ་ཀི་སི་ཐན་གྱི་གཞུང་འབྲེལ་མི་སྣ་ཚོས་རྒྱ་ནག་གིས་ཨི་རན་གྲོས་མོལ་ཅོག་ཙེའི་སྟེང་དུ་འཁྲིད་པར་རོགས་རམ་བྱས་པའི་བསྔགས་བརྗོད་བྱས་ཡོད།
དེ་བཞིན་ཨ་རི་དང་འབྲེལ་བ་ཡར་རྒྱས་བཏང་ཡོད་པ་དང་། པ་ཀི་སི་ཐན་གྱི་སྲིད་བློན་ཤེབ་བྷ་ཛ་ཤ་རིཧྤ་དང་དམག་སྤྱི་ཨ་སིམ་མུ་ནིར་གཉིས་ཊྲམ་དང་འབྲེལ་བ་དམ་ཟབ་བཙུགས་ཡོད་པ་དང་། ན་ནིང་ཁོང་གཉིས་ལ་ཕོ་བྲང་དཀར་པོར་ཁོ་པ་མཇལ་འཕྲད་བྱེད་པར་མགྲོན་འབོད་བྱས་པར་དང་ལེན་བྱས་ཡོད།

ཨི་རན་ལ་མཚོན་ན་པ་ཀི་སི་ཐན་དང་་ཀི་ལོ་མི་ཊར་ ༩༠༠ ཡི་ས་མཚམས་མཉམ་སྤྱོད་བྱེད་ཀྱི་ཡོད་པ་དང་། ལོ་རྒྱུས་དང་རིག་གཞུང་། ཆོས་ལུགས་བཅས་ཀྱི་འབྲེལ་བ་ཟབ་མོ་ཡོད། དེར་ཤི་ཡ་ཁ་ཆེ་ས་ཡ་༢༠ ལྷག་ཡོད་པ་དང་། ཨི་རན་གྱི་རྗེས་སུ་དེ་ལྟའི་མི་འབོར་ཆེ་ཤོས་གཉིས་པ་དེ་ཡིན།
ནིའུ་སའོ་ཐ་ཝལ་སི་གཙུག་ལག་སློབ་ཆེན་གྱི་ཨིན་ཌོ་པེ་སི་ཧྤིག་ཞིབ་འཇུག་སྡེ་ཚན་གྱི་སློབ་དཔོན་སི་ཊུ་ཊི་བྷཊ་ནཱ་གྷར་གྱིས་ཨེ་སི་བྷི་ཨེ་སི་གསར་ཁང་ལ་བརྗོད་དོན། པ་ཀི་སི་ཐན་ནི་ས་ཁམས་དང་ས་ཁམས་ཆབ་སྲིད་གཉིས་ཀའི་ཐོག་ནས་འགལ་ཟླ་འདིའི་གང་ཙམ་གྱི་དཀྱིལ་དབུས་སུ་གནས་ཡོད་ཅེས་དང་།
དེ་ནི་དུས་ཚོད་རན་ཤོས་ཤིག་ལ་གོ་སྐབས་བཟང་ཤོས་ཤིག་ཐོབ་པའི་སྐབས་ཁེལ་བ་ཡིན་ཅེས་བརྗོད།
འོན་ཀྱང་། ཨི་སི་རལ་གྱི་ཕྱོགས་ལ་པ་ཀི་སི་ཐན་གྱི་ཕྱི་འབྲེལ་མེད་པ་དང་། ཨི་སི་རལ་གྱི་བྱ་སྤྱོད་དེ་ས་ཁུལ་དེའི་ནང་ཞི་བདེ་བསྐྲུན་རྒྱུའི་འབད་བརྩོན་གྱི་ཆ་ཤས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཨི་རན་གྱིས་དམག་འཁྲུག་མཚམས་འཇོག་གྱི་གྲོས་མཐུན་དེ་ཨི་སི་རལ་གྱིས་ལེ་བྷ་ནོན་དུ་གཏོར་རྒོལ་མཚམས་འཇོག་བྱེད་པར་བརྟེན་དགོས་པའི་དགོས་འདུན་བཏོན་ཡོད་པ་དང་། དགོས་འདུན་དེ་ཨི་སི་རལ་དང་ཨ་རིས་ངོས་ལེན་བྱས་མེད།
ཕྱོགས་ཚང་མར་རྒྱལ་ཕམ་ཆེན་པོའི་རྐྱེན་དུ་འགྱུར་ཚུལ།
ས་ཁུལ་དེའི་འགལ་ཟླས་ལུང་པ་དེ་ཉིད་ཀྱི་བདེ་འཇགས་དང་དཔལ་འབྱོར་ལ་ཉེན་ཁ་ཆེན་པོ་བཟོ་ཡི་ཡོད་པར་བརྟེན། པ་ཀི་སི་ཐན་ལའང་མངའ་ཁུལ་དེའི་འགལ་ཟླའི་མཇུག་འབྲས་ཀྱི་ཁྱད་པར་ཆེན་པོ་ཡོང་གི་ཡོད།
རྒྱལ་ཁབ་དེས་རང་གི་རྡོ་སྣུམ་གྱི་བརྒྱ་ཆ་མང་ཤོས་ཧོར་མུ་ཛུ་མཚོ་འགག་བརྒྱུད་ནས་ནང་འདྲེན་བྱེད་ཀྱི་ཡོད་ཅིང་། དེ་ནི་ཨི་རན་གྱིས་ཨ་རི་དང་ཨི་སི་རལ་གྱི་བཙན་འཛུལ་ལ་རྒོལ་ལན་དུ་བཀག་སྡོམ་བྱས་ཡོད།
དེ་བཞིན་རྒྱལ་ཁབ་དེར་སའོ་དི་ཨ་རབ་དང་མཉམ་དུ་རྒྱལ་སྲུང་གྲོས་མཐུན་ཞིག་ཡོད་པ་དང་། གྲོས་མཐུན་དེ་གཞིར་བཞག་ན། རྒྱལ་ཁབ་གཅིག་ལ་བཙན་འཛུལ་བྱས་ན་རྒྱལ་ཁབ་གཉིས་ཀ་ལ་བཙན་འཛུལ་བྱས་པར་བརྩི་གི་ཡོད།
ཨི་རན་གྱི་མི་མེད་གནམ་གྲུ་དང་མེ་ཤུགས་འཕུར་མདའ་རྣམས་མཚོ་ཁུག་གི་རྒྱལ་ཁབ་ཁག་གི་ནུས་རྫས་འཛུགས་སྐྲུན་གྱི་གཞི་རྟེན་ཁག་ལ་དམིགས་ཡོད་ཅིང་། དེའི་ནང་སའུ་དི་ཨ་རབ་ཀྱང་ཚུད་ཡོད། དེ་ནི་ས་ཁུལ་དེའི་ཨ་རིའི་མཐུན་གྲོགས་ལ་དམིགས་པའི་ལས་འགུལ་རྒྱ་ཆེན་པོ་ཞིག་གི་ཆ་ཤས་ཡིན་པ་དང་། དེས་རྒྱལ་སྤྱིའི་སྣུམ་རྫས་ཚོང་འགྲུལ་ལ་བར་ཆད་བཟོ་ཡི་ཡོད།
མཚོ་ཁུག་གི་རྒྱལ་ཁབ་གཞན་དང་འདྲ་བར། སའོ་དི་ཨ་རབ་ཀྱིས་ད་བར་ཨི་རན་གྱི་འཇིགས་སྐུལ་ལ་གཞི་བཞག་ནས་དམག་འཁྲུག་ནང་ཐད་ཀར་ཞུགས་རྒྱུར་གཡོལ་ཡོད།
"གལ་ཏེ་སའོ་དི་ཚོས་དམག་འཁྲུག་འདིའི་ནང་འཛུལ་ཞུགས་བྱེད་རྒྱུའི་ཐག་གཅོད་བྱས་ན། པ་ཀི་སི་ཐན་གྱིས་སའོ་དི་གྱི་ཕྱོགས་སུ་ལངས་དགོས་ཤིང་། དེས་པ་ཀི་སི་ཐན་ཨི་རན་དང་གནས་སྟངས་ཧ་ཅང་དཀའ་ངལ་ཅན་ཞིག་ཏུ་ལྷུང་རྒྱུ་རེད།" ཅེས་བྷཊ་ན་གྷར་གྱིས་གསུངས།
ཨོ་སི་ཊི་རི་ལི་ཡ་རྒྱལ་ཡོངས་སློབ་ཆེན་གྱི་འཐབ་ཇུས་དང་རྒྱལ་སྲུང་སློབ་གཉེར་ལྟེ་གནས་ཁང་གི་ཆེ་བསྟོད་དགེ་རྒན་ཆེན་མོ་མན་སུར་ཨ་ཧ་མཌ་ཡིས་ཨེ་སི་བྷི་ཨེ་སི་གསར་ཁང་ལ་པ་ཀི་སི་ཐན་གྱིས་བར་འདུམ་བྱེད་པའི་ནུས་པ་དེ་རྒྱུ་རྐྱེན་འདྲ་མིན་མང་པོ་ཞིག་འདུས་པ་ལ་རྟེན་ནས་བྱུང་བ་ཞིག་ཡིན་པ་དང་།
"གཙོ་བོ་ནི་དམག་འཁྲུག་དེ་དང་འབྲེལ་ཡོད་རྒྱལ་ཁབ་ཚང་མའི་མཉམ་དུ་མཛའ་མཐུན་གྱི་འབྲེལ་བ་ཡོད་པ་དང་། དེ་བཞིན་འཐབ་ཇུས་ཀྱི་གནོན་ཤུགས་དང་ཤུགས་རྐྱེན་ཆེ་རུ་ཕྱིན་ཡོད་པ། ལྷག་པར་དུ་ཟླ་བ་ལྔ་པའི་རྒྱ་གར་དང་པ་ཀི་སི་ཐན་གྱི་འགལ་ཟླའི་རྗེས་སུ། གནས་བབ་དེ་དངོས་སུ་ཛ་དྲག་ཆེ་རུ་མི་འགྲོ་བར་བྱེད་རྒྱུར་དོ་ཁུར་ཐད་ཀར་ཡོད།"ཅེས་གསུངས།

ས་ཁུལ་དེར་བར་འདུམ་པ་གཞན་དག་སུ་ཡོད་དམ།
ཨོ་མན་དང་མཉམ་དུ། ཀ་ཊར་ལ་ས་ཁུལ་དེའི་ནང་འགལ་ཟླ་ཅན་གྱི་ཕྱོགས་ཁག་དབར་བར་འདུམ་བྱེད་པའི་ལོ་རྒྱུས་རིང་པོ་ཡོད། དེས་ཨ་རི་དང་ཨི་རན་གྱི་བར་གྱི་སྔོན་གྱི་གྲོས་མོལ་ཁག་གི་ནང་གི་གནད་འགག་ཆེ་བའི་རྒྱབ་ལྗོངས་ཡོད་པ་དང་། དེའི་ནང་ཕྱི་ལོ་ ༢༠༢༣ ལོའི་བཙོན་པ་བརྗེ་ལེན་གྱི་གྲོས་མཐུན་ཡང་ཚུད་ཡོད།
འོན་ཀྱང་། ད་ལྟའི་འགལ་ཟླའི་ནང་བར་འདུམ་བྱེད་པའི་འགན་གཙོ་བོ་འཁྱེར་རྒྱུར་འདོད་པ་མེད་པ་རེད།
མཚོ་ཁུག་གི་ཁ་ཆེའི་རྒྱལ་ཁབ་གཞན་དག་ལྟར།དམག་འཁྲུག་འདིའི་ཁྲོད་ཀ་ཊར་གྱི་ནུས་རྫས་འཛུགས་སྐྲུན་གྱི་མཐུན་རྐྱེན་ཁག་ལ་ཨི་རན་དང་ཨིས་རལ་གཉིས་ཀས་གཏོར་རྒོལ་བྱས་ཡོད།
ཨ་མིཌ་ལྟར་ན། ཀ་ཊར་ནི་པ་ཀི་ཐན་ལྟར་རྒྱལ་ཁབ་གཞན་རྣམས་དང་དམིགས་བསལ་གྱི་འབྲེལ་ལམ་དེ་འདྲ་མེད།
"དེ་བཞིན་སའོ་དི་ཨ་རབ་དང་། ཊར་ཀི། རྒྱ་ནག ཨ་རི། ཨི་རན་བཅས་དང་དུས་མཉམ་དུ་འཐབ་ཇུས་ཀྱི་མཉམ་འབྲེལ་དང་འབྲེལ་བ་དེ་འདྲ་ཡང་མེད།" ཅེས་གསུངས།
བྷཊ་ན་གྷར་གྱིས་ས་ཁུལ་དེར་ཡིད་ཆེས་ཉམས་པའི་རྐྱེན་ཡང་ཡོད་ཅེས་དང་།
"ཨི་རན་གྱིས་ཨོ་མན་ལ་ཐད་ཀར་གཏོར་རྒོལ་བྱས་མེད་པས་དེར་གུས་བརྩི་ཡོད། འོན་ཀྱང་ཀ་ཊར་དང་ཁ་ཆེའི་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཁབ་གཞན་ཚང་མས་དམག་འཁྲུག་འདིའི་ནང་ཨི་རན་གྱི་གཏོར་རྒོལ་གྱི་གནོད་འཚེ་ཆེ་ཤོས་དེ་མྱངས་ཡོད།"ཅེས་གསུངས།། །།





