གལ་ཏེ་ཁྱེད་རང་གསར་དུ་ཕ་མ་ཆག་རྒྱུ་ཡིན་ན། ཕྲུ་གུ་སྐྱེ་ས་དང་སྐྱེ་སྟངས་འདེམས་རྒྱུ་སོགས་ནི་ཚོར་སྣང་ཡ་མཚན་ཅན་ཞིག་ཏུ་སྣང་སྲིད། དེར་བརྟེན་སྤྱི་པའི་འཕྲོད་བསྟེན་མ་ལག་གམ་སྒེར་གྱི་འཕྲོད་བསྟེན་མ་ལག་གང་བརྒྱུད་ནས་ཕྱིན་ནའང་། རང་ཉིད་དང་ཕྲུ་གུ་གཉིས་ཀར་འཚམ་པའི་ཐག་གཅོད་ཡག་པོ་བྱེད་པར་ཁྱེད་རང་གི་འདེམས་ཀ་དང་གྲོས་འདྲི་བྱེད་ས་ཤེས་རྟོགས་བྱ་རྒྱུ་གལ་ཆེན་པོ་རེད།
གཙོ་གནད།
- རང་ཉིད་ཀྱི་འཕྲོད་བསྟེན་གི་གནས་སྟངས་དང་ས་གནས་ལ་གཞིགས་ནས་སྨན་ཁང་ནང་ངམ་བྱིས་པ་བཙའ་ཁང་། ཡང་ན་ཁྱིམ་སོགས་གང་རུང་དུ་ཕྲུ་གུ་སྐྱེ་རྒྱུའི་འདེམས་ཀ་ཡོད།
- བྱིས་པ་བཙའ་བའི་བརྒྱུད་རིམ་ནང་ལྟ་སྐྱོང་རྒྱུན་མཐུད་ནས་ཐོབ་པ་དེས་མ་བུ་གཉིས་ཀར་འཕྲོད་བསྟེན་གྲུབ་འབྲས་ཡག་པོ་དང་བྱིས་པ་བཙའ་རྒྱུའི་མྱོང་བ་བཟང་པོའི་བྱུང་འབྲས་དང་འབྲེལ་བ་ཡོད།
- སྦྲུམ་མའི་འཕྲོད་བསྟེན་ཞབས་ཞུ་མཁན་གྱིས་ཁྱེད་རང་གི་འཕྲོད་བསྟེན་གྱི་ལོ་རྒྱུས་དང་དགའ་མོས་ལ་བསྟུན་ནས་གནས་ཚུལ་དང་ལམ་སྟོན་མཁོ་འདོན་བྱེད་ཐུབ།
- ཨོ་སི་ཊེ་ལི་ཡའི་ནང་དུ་ཁྱེད་རང་ལ་ཕྲུ་གུ་སྐྱེ་བའི་འདེམས་ཀ་གང་དག་ཡོད་དམ།
- མངལ་སྦྲུམ་དང་བྱིས་པ་བཙའ་བའི་སྐབས་ཀྱི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་སུ་ཡིས་འགན་འཁྱེར་གྱི་ཡོད་དམ།
- སྦྲུམ་མ་ཡིན་པའི་སྐབས་དང་མངལ་བཙའ་བའི་སྐབས་སུ་ཁྱེད་རང་ལ་སུས་ལྟ་སྐྱོང་བྱེད་ཀྱི་ཡོད་དམ།
- ལྟ་སྐྱོང་རྒྱུན་མཐུད་ཟེར་བ་དེ་གང་རེད།
- ཁྱེད་རང་གིས་སྨན་ཁང་མ་ཡིན་པའི་ས་ཆ་གཞན་ཞིག་ཏུ་ཕྲུ་གུ་སྐྱེ་ཆོག་གམ།
- བྱིས་པ་ཁྱིམ་དུ་བཙའ་བ་དང་རང་དབང་གི་མངའ་སྐྱེ་གཉིས་གཅིག་པ་རེད་དམ།
- གལ་ཏེ་ཁྱེད་རང་ལ་ཕྲུ་གུ་སྐྱེ་ས་འདེམས་ཀ་བྱེད་རྒྱུར་ཐེ་ཚོམ་ཡོད་ན་ཅི་ཞིག་བྱ་དགོས།
ཨོ་སི་ཊེ་ལི་ཡའི་མངའ་སྦྲུམ་ཚོར་ཞབས་ཞུ་མཁོ་སྤྲོད་བྱེད་མཁན་རྣམས་ཀྱིས་སྦྲུམ་མ་ཡིན་པའི་བུད་མེད་ཚོས་རང་ཉིད་ལ་དགོས་པའི་ལྟ་སྐྱོང་གཞིར་བཞག་ཐག་གཅོད་བྱེད་ཐུབ་པ་བཟོ་བའི་བུད་མེད་གཙོ་བོར་བཟུང་བའི་ཞབས་ཞུ་བསྐྲུན་རྒྱུའི་ཐབས་སྤྱོད་རྒྱུ་ཁོ་ནར་དམིགས་ཡོད།
ཨོ་སི་ཊེ་ལི་ཡའི་ནང་དུ་ཁྱེད་རང་ལ་ཕྲུ་གུ་སྐྱེ་བའི་འདེམས་ཀ་གང་དག་ཡོད་དམ།
ཁྱེད་རང་གི་སྨན་བཅོས་དགོས་མཁོ་དང་དགའ་མོས། དེ་བཞིན་ཁྱེད་རང་གང་དུ་གནས་སའི་ཁོར་ཡུག་བཅས་ས་ལ་གཞིགས་ནས་མངལ་སྦྲུམ་དང་བྱིས་པ་བཙའ་བའི་སྐབས་ཀྱི་འཕྲོད་བསྟེན་ཞབས་ཞུའི་འདེམས་ཀ་མི་འདྲ་བ་མང་པོ་ཡོད།
སྤྱི་པའི་སྨན་ཁང་གི་སྦྲུམ་མའི་ལྟ་སྐྱོང་དང་། མཉམ་སྤྱོད་ལྟ་སྐྱོང་། མ་གཡོག་མཐུན་གྲོགས་དང་སྒེར་གྱི་མངལ་བཙའི་སྨན་པ་བཅས་ནི་རྒྱུན་ལྡན་བྱིས་པ་བཙའ་ཐབས་གཙོ་བོ་ཁག་ཡིན།
བྱིས་པ་བཙའ་རྒྱུའི་ལྟ་སྐྱོང་གི་ཞབས་ཞུའི་སྐོར་ལ་ཨོ་སི་ཊེ་ལི་ཡའི་གཞུང་གི་སྦྲུམ་མ་དང་མངའ་སྐྱེ། ཕྲུ་གུ་ཞེས་པའི་དྲ་ཚིགས་སམ་ཡང་ན་ཁྱེད་རང་གི་སྤྱི་མཚན་སྨན་པར་འབྲེལ་བ་བྱེད་ཆོག
ཨོ་སི་ཊེ་ལི་ཡའི་སྦྲུམ་མ་དང་མངལ་སྐྱེ། ཕྲུ་གུ་ཞེས་པའི་ལས་རིམ་གྱི་སྨན་བཅོས་སྣེ་ཁྲིད་པ་རེ་ཆེལ་ཝོར་བྷོའི་སི་ཡིས་ "ཁྱེད་རང་གི་སྤྱི་མཚན་སྨན་པས་སྤྱི་པའི་ལྟ་སྐྱོང་དང་། སྒེར་གྱི་ལྟ་སྐྱོང་། མངལ་སྐྱེའི་ལས་རིམ་ལྟ་བུ་ཁྱེད་རང་གི་ས་ཁུལ་དུ་ཡོད་པའི་བྱིས་པ་བཙའ་བའི་ལྟ་སྐྱོང་གི་ཞབས་ཞུ་ཁག་གི་སྐོར་ལ་འགྲེལ་བཤད་རྒྱག་ཐུབ།" ཅེས་གསུངས།

མངལ་སྦྲུམ་དང་བྱིས་པ་བཙའ་བའི་སྐབས་ཀྱི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་སུ་ཡིས་འགན་འཁྱེར་གྱི་ཡོད་དམ།
གལ་ཏེ་ཁྱེད་རང་སྒེར་གྱི་ནད་པའི་ངོ་བོར་ཕྲུ་གུ་སྐྱེ་གི་ཡོད་ན། ཁྱེད་རང་གི་སྒེར་གྱི་འཕྲོད་བསྟེན་ཉེན་སྲུང་གིས་འགྲོ་གྲོན་ཁག་གཅིག་གསབ་ཐུབ།
སྨན་བཅོས་ལྟ་སྐྱོང་གི་འོས་ཆོས་ཚང་བའི་ནད་པ་ཚོར་སྤྱི་པའི་སྨན་ཁང་དུ་ཕྲུ་གུ་སྐྱེ་བའི་འགྲོ་གྲོན་དང་། དེ་བཞིན་སྦྲུམ་མ་ཡིན་པའི་སྐབས་ཀྱི་འགྲོ་གྲོན་མང་ཆེ་བ་གཞུང་གི་འགན་བཅོལ་གྱིས་འཐུས་འགྲོ་གི་ཡོད།
"དཔེར་ན་ཁྱེད་རང་གི་མངལ་སྐྱེའི་ཞབས་ཞུ་མཁོ་སྤྲོད་བྱེད་མཁན་ནམ་སྨན་པ། དེ་བཞིན་མངལ་སྐྱེའི་སྔོན་འགྲོའི་ཤེས་ཡོན་ཚོགས་འདུ་དང་། ཟས་བཅུད་འཆར་འགོད་པ། སྤྱི་ཚོགས་ཞབས་ཞུ་བ། གལ་ཏེ་དགོས་མཁོ་ཡོད་ན་སེམས་ཁམས་འཕྲོད་བསྟེན་རྒྱབ་སྐྱོར་ལྟ་བུའི་མཐུན་འགྱུར་ཞབས་ཞུའི་འགྲོ་གྲོན་རྣམས་ཚུད་ཡོད།" ཅེས་གསུངས།
"འོན་ཀྱང་། སྨན་བཅོས་ལྟ་སྐྱོང་ངམ་ཁྱེད་རང་གི་སྒེར་གྱི་འཕྲོད་བསྟེན་ཉེན་སྲུང་འགན་བཅོལ་གྱིས་མ་ཁྱབ་པའི་འགྲོ་གྲོན་འཕར་མ་ཡོད་སྲིད།"
སྨན་བཅོས་འགན་བཅོལ་ལམ་ཁྱེད་རང་གི་སྒེར་གྱི་འཕྲོད་བསྟེན་ཉེན་སྲུང་གིས་མ་ཁྱབ་པའི་འགྲོ་གྲོན་སྐོར་ལ་ཁྱེད་རང་གི་མངལ་སྐྱེའི་འཕྲོད་བསྟེན་ཞབས་ཞུ་མཁན་ལ་འདྲི་དགོས།
སྦྲུམ་མ་ཡིན་པའི་སྐབས་དང་མངལ་བཙའ་བའི་སྐབས་སུ་ཁྱེད་རང་ལ་སུས་ལྟ་སྐྱོང་བྱེད་ཀྱི་ཡོད་དམ།
ཁྱེད་རང་གི་དགོས་མཁོ་དང་། ས་གནས། དེ་བཞིན་ཁྱེད་རང་ཕྲུ་གུ་སྐྱེ་འདོད་ཡོད་སའི་ས་ཆ་ལ་གཞིགས་ནས་ཁྱེད་རང་ལ་མངལ་སྐྱེའི་མཐུན་ཚོགས། ཁྱེད་རང་གི་སྤྱི་མཚན་སྨན་པ། ཆེད་ལས་སྨན་པ། ཡང་ན་འཕྲོད་བསྟེན་ཆེད་ལས་པ་མང་པོ་ཞིག་གིས་ལྟ་སྐྱོང་བྱེད་སྲིད།
སྦྲུམ་མ་ཡིན་པའི་སྐབས་མཐོང་རྒྱུ་ཡོད་པ་དེ་ཆེད་ལས་མ་གཡོག་གཅིག་པུ་མིན་། འོན་ཀྱང་བྱིས་པ་བཙའ་རྒྱུའི་གདམས་ཀ་གང་འདྲ་ཞིག་ཡིན་རུང་དུས་བར་ཞིག་ནས་ཁྱེད་རང་ངེས་པར་ཆེད་ལས་མ་གཡོག་ཅིག་གི་ལྟ་སྐྱོང་ཐུབ་ངེས།རེ་ཆེལ་ཝོར་བྷོའི་སི།
གལ་ཏེ་ཁྱེད་རང་སྤྱི་པའི་སྨན་ཁང་ནང་དུ་ཕྲུ་གུ་སྐྱེ་འཆར་ཡོད་ན། ཁྱེད་རང་གི་མངལ་དེ་ཉེན་ཁ་ཅན་ཞིག་ཏུ་བརྩིས་ན་མ་གཏོགས་ཆེད་ལས་སྨན་པས་པས་ལྟ་སྐྱོང་བྱེད་ཀྱི་མེད།
སྒེར་གྱི་ནད་པ་ཡིན་ན་རང་ངོས་ནས་ཆེད་ལས་མ་གཡོག་གམ་སྒེར་གྱི་ཆེད་ལས་སྨན་པ་ཞིག་གདམས་ན་ལེགས།
ཝོར་བྷོའི་སི་ལགས་ཀྱིས་ "ཆེད་ལས་མ་གཡོག་གིས་རྒྱུན་ལྡན་དང་དཀའ་ངལ་མེད་པའི་སྦྲུམ་མ་ཡིན་པའི་སྐབས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ཆེད་ལས་སྨན་པ་རྣམས་ཀྱིས་དཀའ་ངལ་ཆེ་བའི་གནས་སྟངས་རྣམས་ལ་དོ་དམ་བྱེད་ཀྱི་ཡོད།" ཅེས་གསུངས།
"གཉིས་ཀས་ལྟ་སྐྱོང་ཡག་པོ་བྱེད་ཐུབ། གཙོ་བོ་ཁྱེད་རང་གི་སྦྲུམ་མ་གནས་སྟངས་དང་སྒེར་གྱི་དགའ་མོས་ལ་འཚམ་པོ་ཡོད་མེད་གྱི་ཁྱད་པར་རེད།"

ལྟ་སྐྱོང་རྒྱུན་མཐུད་ཟེར་བ་དེ་གང་རེད།
ལྟ་སྐྱོང་རྒྱུན་མཐུད་ཟེར་བ་དེ་ནི་ཁྱེད་རང་གིས་སྦྲུམ་མ་ཡིན་པའི་དུས་ཡུན་ཧྲིལ་པོར་སྨན་པ་གཅིག་གམ་ཆེད་ལས་མ་གཡོག་གཅིག་ཁོ་ནས་ཞབས་ཞུ་བྱེད་པ་དེ་ལ་ཟེར།
མི་གཅིག་གིས་ལྟ་སྐྱོང་བྱེད་པའི་ཐབས་ལམ་དེས་མ་བུ་གཉིས་ཀར་ཕན་ཐོགས་ཡོད་པ་ར་ཕྲོད་བྱུང་ཡོད།
"དཔེར་ན། ང་ཚོས་ཤེས་གསལ་ལྟར་ན། མངལ་སྐྱེའི་ཆེད་ལས་མ་གཡོག་གིས་རྒྱུན་མཐུད་ལྟ་སྐྱོང་བྱེད་པའི་ལམ་ལུགས་དེས་ཐེ་བྱུས་ཀྱི་ཚད་གཞི་དམའ་ཤོས་དང་།འདོད་བློ་ཚིམས་ཤོས། འོ་མ་སྣུན་པ་དང་བྱིས་པ་བཙའ་བའི་སྐབས་ཀྱི་སེམས་ངལ་གྱི་ཚད་གཞི་དམའ་ཤོས་བཅས་ཡོང་གི་ཡོད།" ཅེས་ནུབ་ཕྱོགས་སི་ཌི་ནི་གཙུག་ལག་སློབ་གྲྭ་ཆེན་མོའི་ཆེད་ལས་མ་གཡོག་མཐུན་ཚོགས་ཀྱི་སློབ་དཔོན་ཧེ་ན་ཌེ་ལེན་གྱིས་གསུངས།
ཁྱེད་རང་གིས་སྨན་ཁང་མ་ཡིན་པའི་ས་ཆ་གཞན་ཞིག་ཏུ་ཕྲུ་གུ་སྐྱེ་ཆོག་གམ།
ཨོ་སི་ཊེ་ལི་ཡའི་ནང་དུ་ཕྲུ་གུ་ཕལ་ཆེ་བ་སྨན་ཁང་དུ་བཙའ་ཡི་ཡོད།
གལ་ཏེ་ཁྱེད་རང་གི་ས་ཁུལ་དུ་རྒྱུན་ལྡན་དང་དཀའ་ངལ་མེད་པའི་སྦྲུམ་མ་ཡིན་པའི་སྐབས་ལ་དམིགས་པའི་མངལ་སྐྱེའི་ལྟེ་གནས་ཁང་ཡོད་ན་དེར་ཕྲུ་གུ་བཙའ་རྒྱུར་འདེམས་ཀ་བྱེད་ཆོག
ཉེན་ཁ་ཆུང་བའི་སྦྲུམ་མ་ཡིན་པའི་སྐབས་ལ་ཁྱིམ་དུ་ཕྲུ་གུ་སྐྱེ་བ་ནི་འདེམས་ཀ་གཞན་ཞིག་རེད།
"ཁྱིམ་དུ་མངལ་བཙའ་བ་ཟེར་བ་དེ་ནི་ཐོ་འགོད་བྱས་པའི་མངལ་བཙའི་མཐུན་ཚོགས་ཤིག་གིས་ཁྱེད་རང་གི་སྦྲུམ་མ་ཡིན་པའི་དུས་ཡུན་ཧྲིལ་པོར་ལྟ་སྐྱོང་བྱེད་པ་དང་། མངལ་བཙའ་སྐབས་ཁྱེད་རང་གི་ཁྱིམ་དུ་སྒུག་སྡོད་བྱེད་པ། དེར་ཁྱེད་རང་ལ་ཕྲུ་གུ་བཙའ་རྒྱུའི་མ་གཡོག་བྱེད་པ་བཅས་རེད། གལ་ཏེ་ཉེན་ཁ་ཡོད་ན་གང་མྱུར་ཁྱེད་རང་སྨན་ཁང་དུ་སྤོ་སྒྱུར་བྱེད་སྲིད།"ཅེས་ཌེ་ལེན་ལགས་ཀྱིས་འགྲེལ་བཤད་གནང་།
"ཁྱེད་རང་གི་ཆེད་ལས་མ་གཡོག་གམ་སྨན་པས་ཁྱིམ་དུ་མངལ་སྐྱེའི་འགྲོ་ལུགས་དང་འབྲེལ་བའི་ཕན་ཐོགས་དང་ཉེན་ཁའི་སྐོར་ལ་ཁྱེད་རང་དང་གྲོས་བསྡུར་བྱེད་ཀྱི་རེད།"
བྱིས་པ་ཁྱིམ་དུ་བཙའ་བ་དང་རང་དབང་གི་མངའ་སྐྱེ་(freebirth)གཉིས་གཅིག་པ་རེད་དམ།
བྱིས་པ་ཁྱིམ་དུ་བཙའ་བ་དང་རང་དབང་གི་མངའ་སྐྱེ་གཉིས་གཅིག་པ་མིན།
བྱིས་པ་ཁྱིམ་དུ་བཙའ་བ་དང་རང་དབང་གི་མངའ་སྐྱེ་གཉིས་གཅིག་པ་མིན།ཧན་ནཱ་ཌེ་ལན།
བྱིས་པ་ཁྱིམ་དུ་སྐྱེ་རྒྱུར་འདེམས་མཁན་ཚོར་ཉུང་མཐར་མི་གཅིག་ཡོད་དགོས་པ་དང་། ཁོ་ཚོ་ནི་སྨན་བཅོས་སྦྱོང་བརྡར་ཐོབ་པ་དང་། དངོས་སུ་སྨན་བཅོས་ཞབས་ཞུ་མཁོ་སྤྲོད་བྱེད་པར་མཁོ་བའི་ཡོ་བྱད་ཡོད་པ། སྤྱིར་བཏང་དུ་ཐོ་འགོད་བྱས་པའི་ཆེད་ལས་མ་གཡོག་པ་ཞིག་ཡིན།
“ཆེད་ལས་མ་གཡོག་ཚོས་འཚོ་རླུང་དང་། སྨན་རྫས། ཆུ་བཅུད་སོགས་འཁྱེར་ཡོད་པ་དང་། གནས་སྟངས་ཡག་པོ་མེད་པ་ཤེས་དུས་སྨན་ཁང་ལ་འགྲོ་དགོས་པར་ཤེས་ཀྱི་ཡོད།
“རང་དབང་གི་མངའ་བཙའ་མཁན་ཚོར་དེ་ཚོ་ཚང་མ་མེད།”

གལ་ཏེ་ཁྱེད་རང་ལ་ཕྲུ་གུ་སྐྱེ་ས་འདེམས་ཀ་བྱེད་རྒྱུར་ཐེ་ཚོམ་ཡོད་ན་ཅི་ཞིག་བྱ་དགོས།
ཕྲུ་གུ་གང་དུ་བཙའ་དགོས་མིན་གྱི་འདེམས་ཀ་བྱེད་རྒྱུར་ཐེ་ཚོམ་ཡོང་བ་ནི་རྒྱུན་ལྡན་ཞིག་རེད།
གལ་ཏེ་སེམས་ཁམས་ཀྱི་བདེ་ཐང་ལ་དཀའ་ངལ་འཕྲད་ཀྱི་ཡོད་ན། ཁྱེད་རང་གཅིག་པུ་མིན་པ་ཤེས་དགོས།
མེ་ཐིའུ་ཨ་ཁུས་ལི་ནཱ་ལགས་ཀྱིས་བརྗོད་པ་ལྟར་ན། མངལ་སྦྲུམ་སྐབས་ཀྱི་སྐྱོ་ངལ་དང་སེམས་ཁྲལ་ནི་ཕ་མ་གཉིས་ཀར་མངལ་ཁོག་པའི་ནང་ཡོད་པའི་སྐབས་དང་སྐྱེས་རྗེས་གང་རུང་ལ་ཡོང་སྲིད། ཁོང་ནི་ཨོ་སི་ཊེ་ལི་ཡའི་གྷི་ཇེ་ཊེ་ཐེབས་རྩ་ཚོགས་པའི་ནང་བྱིས་པ་བཙའ་བའི་སྔོན་གྱི་སེམས་ཁམས་ཀྱི་བདེ་ཐང་ཞབས་ཞུ་མཁོ་སྤྲོད་བྱེད་མཁན་ཞིག་ཡིན།
ཨོ་སི་ཊེ་ལི་ཡར་མ་ལྔ་ནས་གཅིག་དང་ཕ་བཅུ་ནས་གཅིག་ལ་འགྲུལ་བཞུད་དེའི་སྐབས་སུ་སེམས་ངལ་མྱོང་གི་ཡོད་པའི་སྙན་ཐོ་ཐོན་ཡོད།མེ་ཐིའུ་ཨ་ཁུས་ལི་ནཱ།
“ལོ་རེར་ཕ་མ་ཆིག་འབུམ་ཙམ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད།”
གལ་ཏེ་སེམས་ཁམས་ཀྱི་བདེ་ཐང་ལ་རྒྱབ་སྐྱོར་དགོས་ན། སྨན་པར་བསྟེན་དགོས།
མེ་ཐིའུ་ཨ་ཁུས་ལི་ནཱ་ཡིས་གསུངས་པ་ལྟར་ན་རང་ཉིད་ལ་བྱིས་པ་བཙའ་བའི་ཉམས་མྱོང་ག་འདྲ་ཞིག་ཡོང་འདོད་ཀྱི་ཡོད་མེད་སྐོར་ལ་བསམ་བློ་གཏོང་རྒྱུ་ནི་གོམ་པ་དང་པོ་དེ་ཡིན།
“ཡང་ན་དེ་སྐྱེ་ཐེངས་རྗེས་མ་ཞིག་ཡིན་ན་སྔོན་དང་མི་འདྲ་བ་ཅི་ཞིག་བྱེད་དགོས་མེད་བསམ་བློ་གཏོང་རྒྱུ་དེ་ཡིན།”
ཝོར་བྷོ་སི་ལགས་ཀྱིས་མཐར་གཏུགས་ན། གནས་ཚུལ་རྒྱུས་ལོན་པའི་ཐོག་བྱིས་པ་བཙའ་རྒྱུ་ཞེས་པ་ནི་རང་ཉི་འདེམས་ཀ་དང་ཐག་གཅོད་བྱེད་སྟངས་ལ་རྒྱབ་སྐྱོར་ཡོད་པའི་ཐོག་ཕྲུ་གུ་སྐྱེ་རྒྱུ་དེ་ཡིན།
“དེ་ནི་སོ་སོའི་སེམས་ཁམས་དང་རིག་གཞུང་གི་འགྲོ་ལུགས་སོགས་དང་ལ་བརྩི་འཇོག་ཡོད་ཐོག་མ་གཡོག་གམ་སྨན་པ་སོགས་དང་ལྷན་དུ་ཐག་གཅོད་དང་གྲོས་བསྡུར་ཚང་མའི་ནང་ཆ་ཤས་ལེན་རྒྱུ་དེ་རེད།” ཅེས་མཇུག་བསྡུ་གནང་།
ཨོ་སི་ཊེ་ལི་ཡར་གནས་སྤོ་བྱས་རྗེས་རིན་ཐང་ལྡན་པའི་གནས་ཚུལ་དང་ལམ་སྟོན་མང་ཙམ་ཤེས་རྟོགས་བྱེད་པའི་ཆེད་དུ། ཨོ་སི་ཊེ་ལི་ཡ་འགྲེལ་བརྗོད་ཀྱི་ཆེད་སྒྲིག་སྒྲ་བརྙན་ལེ་ཚན་ཁག་ལ་ཉན་པའམ་རྗེས་འབྲང་བྱེད་རོགས།
ཁྱེད་ལ་དྲི་བ་དང་བརྗོད་གཞི་གང་ཞིག་གི་སྐོར་ལ་བསམ་འཆར་ཡོད་ན་ང་ཚོར་ australiaexplained@sbs.com.auལ་གློག་འཕྲིན་གཏོང་རོགས།






