SBS བོད་སྐད་སྡེ་ཚན།

སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་དེ་ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༣ ཉིན་གནང་རྒྱུ་རེད་འདུག

འོས་བསྡུ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས། (དཀྱིལ།) འགན་འཛིན་ལས་འཕར་དགེ་བཤེས་མ་བདེ་ལེགས་དབང་མོ། འགན་འཛིན་ལས་འཕར་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས། Source: tibet.net

བཙན་བྱོལ་བོད་མིའི་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་དེ་བཞིན་ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༣ དང་། དངོས་གཞིའི་འོས་བསྡུ་དེ་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡༡ ཉིན་གནང་རྒྱུ་ཡིན་སྐོར་གསལ་བསྒྲགས་གནང་འདུག

ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༨ ཉིན་བཙན་བྱོལ་བོད་མིའི་དབུས་འོས་བསྡུ་ལྷན་ཁང་གིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། བཙན་བྱོལ་བོད་མིའི་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་དེ་བཞིན་ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༣ དང་། དངོས་གཞིའི་འོས་བསྡུ་དེ་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡༡ ཉིན་གནང་རྒྱུ་ཡིན་སྐོར་གསལ་བསྒྲགས་གནང་འདུག

དབུས་འོས་བསྡུ་ལྷན་ཁང་གིས་གལ་སྲིད་སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུ་ནང་གྲངས་ཚད་གཅིག་གྱུར་ཡིན་པའི་འོས་གཞི་གཉིས་པ་གཉིས་ཐོན་ཚེ། ཁྱོན་འོས་མི་གསུམ་འདོན་རྒྱུ་དང་། ཡང་འོས་གཞི་དང་པོ་ནང་གྲངས་ཚད་གཅིག་པ་ཅན་གཉིས་ཐོན་ཚེ་དེ་གཉིས་པོ་དངོས་གཞིའི་འོས་མིར་ཐག་གཅོད་ཞུས་ཡོད་སྐོར་འགྲེལ་བརྗོད་གནང་འདུག

ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱིའི་འོས་བསྡུ་ཆེན་མོའི་དེབ་སྐྱེལ་ཐོ་དེ་འགོད་ཟླ་འདིའི་ཕྱི་ཚེས་ ༡ ནས། ཟླ་ ༡༠ ཚེས་ ༡༥ བར་གནང་གི་ཡོད་པ་དང་། ཕྱི་ཚེས་ ༢༤ བར་ས་གནས་ཁག་ ༣༠ ནས་ད་བར་དེབ་འགོད་ཟིན་པའི་མི་གྲངས་ ༣༦༣༦༧ བྱུང་ཡོད་འདུག་པ་དང་། ད་དུང་མུ་མཐུད་ཕྱི་ཟླ་ ༡༠ པའི་ཚེས་ ༡༥ བར་གནང་རྒྱུ་ཡིན་ཞིང་། ཕྱི་ཟླ་ ༡༠ ཚེས་ ༡༦ ནས་ ༣༠ བར་མིང་གཞུང་སྣོན་འཕྲི་སོགས་གནང་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་འདུག

 ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡༣ ནས་ ༡༩ བར་ས་གནས་ཁག་ནས་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གྲུབ་པ་གནང་གཏན་འཁེལ་ཡོད་པ་དང་། ཕྱི་ཟླ་ ༥ ཚེས་ ༡༤ ཉིན་གསར་དུ་འདེམས་ཐོན་བྱུང་བའི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་རྣམ་པའི་མཚན་གཞུང་གསལ་བསྒྲགས་བྱ་རྒྱུ་དང་། ཕྱི་ཟླ་ ༥ ཚེས་ ༣༠ ཉིན་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་དམ་འབུལ་མཛད་སྒོ་འཚོག་རྒྱུ་ཡིན་འདུག

དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་མིང་ཚུལ་ཁྲིམས་བསྟན་པ་ཟེར་བ་ཞིག་གིས་ངོ་དེབ་ཐོག་༧གོང་ས་མཆོག་གི་བཀའ་ཡིག་དང་བཀའ་ཐམ་རྫུན་བཟོ་བྱས་ནས་བརྒྱུད་འགོད་བྱས་པར། དེ་ནི་ལོ་རྒྱུས་ནང་གནས་ཚུལ་ཚབས་ཆེན་ཞིག་དང་། དེ་ལ་ཞིབ་འཇུག་མཐིལ་ཕྱིན་བྱ་དགོས་རྒྱུ་མ་ཟད་དེ་ལ་མཐའ་ཅིག་ཏུ་ངོ་རྒོལ་དང་བློ་ཕམ་ཡོད་སྐོར་གསུངས་འདུག

གཞན་ཡང་ཉེར་ཆར་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྤྱི་འཐུས་རྒྱུན་ལས་གྲངས་ ༡༡ གི་འདེབས་བྱེད་ཀྱི་ཐོབ་ཐང་མེད་པར་བཟོས་ཡོད་སྐོར་གྱི་གསལ་བསྒྲགས་དང་འབྲེལ་ནས། གསར་འགོད་པ་ཞིག་གིས་དབུས་འོས་བསྡུ་ལས་ཁང་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་ཀྱི་འབྱོར་ཡོད་མེད་དང་། གལ་སྲིད་བཀའ་ཁྱབ་འབྱོར་ཡོད་ཚེ་ལག་བསྟར་ཇི་ལྟར་གནང་རྩིས་ཡོད་མེད་སྐོར་བཅར་འདྲི་ཞུས་པར། འོས་བསྡུ་འགན་འཛིན་མཆོག་གིས། ཁྲིམས་ཞིབ་ཁང་གི་བཅད་ཁྲ་དེ་ཁ་སང་ཁ་ཉིན་རང་གནང་བ་ཞིག་ཡིན་སྟབས། དེ་ལ་དབུས་འོས་བསྡུ་ལས་ཁང་ནས་ནང་ཁུལ་གྲོས་བསྡུར་བྱས་རྗེས། ལངས་ཕྱོགས་འདི་འདྲ་ཞིག་ཡིན་ཞེས་ཞུ་དགོས་ཀྱི་ཡོད་པ་རེད། དེ་འདྲ་སོང་ཙམ་དེ་རིང་ངས་འདི་ནས་གསལ་པོ་བྱས་ནས་ཞུ་ཐུབ་ཀྱི་མི་འདུག་ཅེས་འགྲེལ་བརྗོད་གནང་འདུག

དབུས་འོས་བསྡུ་ལྷན་ཁང་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་རྣམ་པའི་འོས་བསྡུ་ཆེན་མོ་འདི་ནི་ཧ་ཅང་གནད་འགག་ཆེན་པོ་དང་གལ་ཆེན་པོ་ཡིན་པར་བརྟེན་དེའི་ནང་མཉམ་ཞུགས་སླད་མིང་གཞུང་དེབ་འགོད་ནི་མེད་དུ་མི་རུང་བ་ཆགས་ཡོད་སྐོར་འགྲེལ་བརྗོད་གནང་འདུག

ཞིབ་ཕྲ་གནས་ཚུལ་རྒྱས་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཡིག་དྲ་ཚིགས་ལ་གཟིགས་ www.bod.aisa དང་ཡང་ན་དབྱིན་ཡིག་དྲ་ཚིགས་ www.tibet.net ལ་གཟིགས། 

Coming up next

# TITLE RELEASED TIME MORE
སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་དེ་ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༣ ཉིན་གནང་རྒྱུ་རེད་འདུག 30/09/2020 05:25 ...
མེ་ཁོ་རོ་སོ་ཧྥོ་ཊི་ Microsoft ཡི་ཡིག་སྒྱུར་གཉེན་ཆས་ཞབས་ཞུ་ཐོག་བོད་ཡིག་གསར་འཇུག་བྱས་པ། 20/10/2021 16:09 ...
SBS ཡི་སྐད་ཡིག་སྣ་ཚོགས་ཀྱི་ཞབས་ཞུ་ཁག་བསྐྱར་ཞིབ། 16/10/2021 05:46 ...
སྨན་པ་ཚོས་བུད་མེད་སྦྲུམ་མ་རྣམས་ལ་ཏོག་དབྱིབས་འགོག་ཁབ་ངེས་པར་རྒྱག་དགོས་པའི་སློབ་སྟོན་གནང་བ། 14/10/2021 05:40 ...
ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་བཀག་བསྡོམས་བསྐྱར་དུ་སྒོ་ཕྱེ་སྐབས་ཁྱེད་རང་གིས་ག་རེ་བྱེད་ཆོག་གམ། 08/10/2021 04:09 ...
ནོར་ར་ (Nowra) བོད་མིའི་གཙང་བཟོ་ལས་རིགས་ཚོང་ལས་ཞབས་ཞུ། 01/10/2021 11:31 ...
འགོག་ཁབ་བརྒྱ་ཆ་ ༨༠ བརྒྱབ་ཚར་རྗེས་རང་དབང་ཆགས་ཀྱི་རེད། 29/09/2021 04:59 ...
སེན་ཊེར་ལིང་སྐྱོབ་གསོའི་དངུལ་རག་ཆེད་དུས་ཡུན་རིང་པོ་སྒུག་དགོས་ཀྱི་ཡོད་པ་རེད། 26/09/2021 07:36 ...
ཨ་ཧྥི་རི་ཀའི་འགོ་ཁྲིད་ཚོས་ཏོག་ནད་འགོག་ཁབ་བགོ་འགྲེམ་འདྲ་མཉམ་བྱུང་མེད་པའི་སྐྱོན་བརྗོད། 26/09/2021 04:55 ...
ཨོ་སི་ཊོ་ལི་ཡའི་མཚོ་འགྲམ་གྱི་ས་ཆ་གང་ཞིག་རྒྱ་མཚོའི་ནང་ནུབ་སྲིད་དམ། 22/09/2021 04:48 ...
View More