ཝི་ཊོ་རི་ཡའི་ནང་ཟུར་བཀག་དུ་སྡོད་སའི་མགྲོན་ཁང་ཞིག་གི་ནང་ལས་བྱེད་གཞན་ཞིག་ལ་བདུན་ཕྲག་གཅིག་ཙམ་གྱི་རྗེས་སུ་ཏོག་དབྱིབས་ན་ཚ་འགོས་ཡོད་པ་ཤེས་རྟོགས་བྱུང་རྗེས། ད་ལྟའི་ཆར་ཝི་ཊོ་རི་ཡའི་ནང་ཟུར་བཀག་དུ་སྡོད་སའི་མགྲོན་ཁང་ནང་ལས་ཀ་བྱེད་མཁན་ཚང་མ་ལ་ཏོག་དབྱིབས་ན་ཚ་འགོས་ཡོད་མེད་བརྟག་དཔྱད་བྱེད་དགོས་པའི་གཏན་འབེབས་གནང་ཡོད་འདུག
ཏོག་དབྱིབས་ན་ཚ་འགོས་ཡོད་པའི་བུད་མེད་དེ། དེ་སྔོན་རེས་གཟའ་ཕུར་བུ་ཉིན་བརྟག་དཔྱད་སྐབས་ན་ཚ་འགོས་མེད་པའི་གནས་ཚུལ་ཐོན་ཡོད་ཀྱང་། རེས་གཟའ་ཉིན་མའི་ཉིན་ལས་ཀ་ཚར་ནས་སླར་ཡང་བརྟག་དཔྱད་སྐབས་ཏོག་དབྱིབས་ན་ཚ་འགོས་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག
གཞན་ཡང་ཉེ་ཆར་ལྷོ་ཨ་ཧྥི་རི་ཀའི་ནང་ཨ་སི་ཋར་ཛ་ནི་ཀ་ (AstraZeneca) ཡི་ཏོག་དབྱིབས་འགོག་ཁབ་ཀྱི་ཕན་ནུས་ལ་དོག་པ་བྱུང་ནས་སྨན་ཁབ་དེ་རྒྱག་རྒྱུ་མཚམས་འཇོག་བྱས་རྗེས། ཨོ་སི་ཊོ་ལི་ཡའི་ནང་ལ་ཡང་། སྨན་ཁབ་དེའི་ཐད་སེམས་ཁྲལ་བྱེད་བཞིན་ཡོད་འདུག
ཨོ་སི་ཊོ་ལི་ཡའི་འཕྲོད་བསྟེན་བློན་ཆེན་ Greg Hunt མཆོག་གིས་ལྷོ་ཨ་ཧྥི་རི་ཀས་ AstraZeneca ཡི་སྨན་ཁབ་དེ་རྒྱག་རྒྱུ་མཚམས་འཇོག་བྱས་མིན་ལ་མ་བལྟོས་པར། ད་དུང་སྨན་ཁབ་དེ་གདེང་ཚོད་ཆེན་པོ་ཡོད་སྐོར་འགྲེལ་བརྗོད་གནང་འདུག
ལྷོ་ཨ་ཧྥི་རི་ཀས་ AstraZeneca ཡི་སྨན་ཁབ་དེ་རྒྱག་རྒྱུ་མཚམས་འཇོག་བྱས་པ་དང་། དེའི་རྒྱུ་མཚན་ནི་ལྷོ་ཨ་ཧྥི་རི་ཀའི་ནང་གསར་དུ་ཤེས་རྟོགས་བྱུང་བའི་ཏོག་དབྱིབས་ན་ཚའི་འགྱུར་གསར་པ་དེ་ལ། སྨན་ཁབ་དེས་བཀག་འགོག་གི་ནུས་པ་དེ་ཙམ་ཐོན་གྱི་མེད་སྐོར་ཡིག་ཆའི་ནང་གསལ་ཡོད་འདུག
ཨོ་སི་ཊོ་ལི་ཡའི་འཕྲོད་བསྟེན་བློན་ཆེན་ Greg Hunt མཆོག་གིས་དབྱིན་ཡུལ་གྱིས་ AstraZeneca ཡི་སྨན་ཁབ་སྐོར་གྲུབ་དོན་གསར་ཤོས་ཀྱི་ཡིག་ཆ་སྐོར་འགྲེལ་བརྗོད་གནང་དོན། ཁོང་གིས་ཧ་ཅང་དགའ་འོས་པ་ཞིག་ལ་ཨོ་སི་ཕོ་ཊི་གཙུག་ལག་སློབ་གཉེར་ཁང་གིས་ AstraZeneca ཡི་སྨན་ཁབ་སྐོར་དཔང་རྟགས་ཁུངས་བཙན་སྤྲད་ཡོད། ལྷོ་ཨ་ཧྥི་རི་ཀའི་ནང་གནས་ཚུལ་བྱེད་བྲག་པ་ཞིག་གི་ཐོག་ཤེས་རྟོགས་བྱུང་ཡོད་པས་ང་ཚོས་མུ་མཐུད་ཞིབ་འཇུག་བྱ་རྒྱུ་ཡིན།
འོན་ཀྱང་དེ་རིང་ཞོགས་པ་ཨོ་སོ་ཊི་ལི་ཡའི་གསོ་རིག་འགན་འཛིན་Professor Paul Kelly དང་། འགོག་ཁབ་ལས་དོན་འགོ་ཁྲིད་ Professor Brendan Murphy གཉིས་ཀྱིས་ལམ་སྟོན་གསལ་པོ་གནང་ཡོད། ད་ལྟའི་ཆར་ AstraZeneca སྨན་ཁབ་དང་ཡང་ན་ Pfizer ཡི་སྨན་ཁབ་གཉིས་ཀ་ལ། ན་ཚ་སྔོན་འགོག་དང་འཆི་སྐྱོན་ཐད་ནུས་པ་ཐོན་གྱི་མེད་པའི་ར་སྤྲོད་བྱུང་མེད་སྐོར་འགྲེལ་བརྗོད་གནང་འདུག
ཡང་ཨོ་སི་ཊོ་ལི་ཡ་གཞུང་གིས་ཏོག་དབྱིབས་འགོག་ཁབ་ལས་དོན་ཐད་སྦྱོང་བརྡར་ཞིག་བཀོད་སྒྲིག་གནང་ཡོང་པ་དང་། དེ་ཡང་སྦྱོང་བརྡར་དེ་དྲ་ཐོག་ནས་ཨོ་སི་ཊོ་ལི་ཡའི་སྨན་ཞབས་མཐོ་སློབ་དང་མཉམ་དུ་སྤེལ་འཆར་ཡོད་སྐོིར་འགྲེལ་བརྗོད་གནང་འདུག
སྦྱོང་བརྡར་དེའི་ནང་སྨན་ཁབ་ཉར་ཚགས་བྱེད་སྟངས་དང་། སྨན་ཁབ་རྒྱག་སྟངས། བདེ་འཇགས་ཉེན་སྲུང་བྱེད་སྟངས། སྨན་ཁབ་བརྒྱབ་རྗེས་ལྡོག་ཕྱོགས་ནས་ནུས་པ་ཐོན་ཚེ་གནས་ཚུལ་སྙན་སེང་ཞུ་སྟངས་སོགས་ངོ་སྤྲོད་འགྲེལ་བརྗོད་གནང་གི་ཡོད་འདུག
ཨོ་སི་ཊོ་ལི་ཡའི་གསོ་རིག་མཐུན་ཚོགས་ཀྱི་འགན་འཛིན་གཞོན་པ་ Dr Chris Moy ལགས་ཀྱིས་སྨན་ཁབ་དེ་ཚོ་ངེས་པར་འཕྲོ་བརླག་མ་འགྲོ་བ་བྱེད་དགོས་སྐོར་ ABC གསར་ཁང་ལ་འགྲེལ་བརྗོད་འདི་འདྲ་ཞིག་གནང་འདུག
ཁོང་གིས་སྤྱིར་ཕི་ཛར་གྱིས་བཟོས་པའི་སྨན་ཆུ་དེའི་ནང་སྨན་ཐུན་ ༥ ཡི་ཚད་གཞི་བཟོས་ཡོད་པ་དང་། གལ་སྲིད་ཁྱེད་རང་གིས་བེད་སྤྱོད་གཟབ་ཉན་གནང་ཚེ། སྨན་ཐུན་བདུན་བེད་སྤྱོད་གཏང་མ་ཐུབ་རུང་ཐེངས་དྲུག་བེད་སྤྱོད་གཏང་ཐུབ་ཀྱི་ཡོད། དེའི་དམིགས་ཡུལ་ནི་སྨན་ཁབ་དེ་ཚོ་ང་ཚོ་ལ་རྩ་ཆེན་པོ་ཡིན་དུས་མང་པོ་ཞིག་འདང་ཆེད་དུ་ཡིན་སྐོར་འགྲེལ་བརྗོད་གནང་འདུག
ཡང་ New South Wales མངའ་སྡེའི་ནང་འགྲུལ་བཞུད་བྱེད་མཁན་ཁག་ཅིག་ཉིན་གྲངས་ ༡༤ རིང་ཟུར་བཀག་དུ་སྡོད་ཚར་བའི་རྗེས་སུ། ཏོག་དབྱིབས་ན་ཚ་འགོས་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པ་དང་། ཏོག་དབྱིབས་ན་ཚ་འགོས་མཁན་དེ་ཚོ་ Illawarra དང་ Wollongong སོགས་དང་། དེ་བཞིན་སིཌ་ནི་ལྷོ་ཕྱོགས་ཀྱི་འཚིག་ཇ་ཁང་ཁག་ཅིག་གི་ནང་འགྲོ་བསྐྱོད་བྱས་ཡོད་སྟབས། ས་གནས་དང་དུས་ཚོད་དེ་དང་མཉམ་དུ་འཁེལ་མཁན་རིགས་ཏོག་དབྱིབས་ན་ཚ་འགོས་ཡོད་མེད་བརྟག་དཔྱད་བྱེད་དགོས་ཀྱི་ཡོད་པ་རེད།
ཨོ་སི་ཊོ་ལི་ཡ་ནུབ་ཕྱོགས་མངའ་སྡེས་མགྲོན་ཁང་ནང་ཟུར་བཀག་གི་ལམ་ལུགས་དམ་དུ་བཏང་ཡོད་འདུག་པ་དང་། དེའི་ནང་ལས་ཀ་གཉིས་པ་ཡོད་མཁན་ཞིག་གིས་ཟུར་བཀག་དུ་སྡོད་སའི་ནང་ལས་ཀ་བྱེད་ཆོག་གི་མེད་པ་རེད་འདུག
ཨོ་སི་ཊོ་ལི་ཡའི་ནུབ་ཕྱོགས་མངའ་སྡེའི་བློན་ཆེན་ Mark McGowan མཆོག་གིས་ལས་བྱེད་དང་སློབ་ཕྲུག་གྲངས་ 475,000 སྤྱི་ཟླ་ ༢ ཚེས་ ༨ ནས་སློབ་གྲྭར་ཕྱིར་ལོག་སྐབས་ཁ་རས་ངེས་པར་དུ་གྱོན་དགོས་པའི་འབོད་སྐུལ་གནང་འདུག
ཁོང་གིས་སློབ་ཕྲུག་ཚོས་སོ་སོའི་མ་འོངས་པའི་མི་ཚེར་དྲན་གསོ་གཏང་དགོས་པ་དང་། ངས་ཚང་མས་སྒྲིག་གཞི་བརྩི་སྲུང་གནང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། ང་ཚོས་ཁ་རས་བདུན་ཕྲག་གཅིག་ལས་གྱོན་མི་དགོས་པའི་རེ་བ་བྱེད་བཞིན་ཡོད་ཀྱང་། དེའི་རྗེས་ལ་ལམ་སྟོན་རིམ་པར་ཡོང་གི་རེད་ཅེས་གསུངས་འདུག