༄༅།།དེང་སྐབས་ཕྱིའི་རྒྱལ་ཁབ་ཏུ་འཚར་ལོང་བྱུང་བཞིན་པའི་བོད་ཀྱི་གཞོན་སྐྱེས་ཚོར་རང་མི་རིགས་ཀྱི་རིག་གཞུང་དང་། སྐད་ཡིག གོམ་གཤིས་སོགས་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་དེ་ཙམ་ཐོབ་མེད་ཁར་བོད་མིའི་སྤྱི་ཚོགས་ནང་མཉམ་འཛོམས་བྱེད་སྐབས་སྔར་སྲོལ་གྱི་འགྲོ་ལུགས་ལས་ཁོང་ཚོའི་སེམས་ཁམས་དང་འཚམ་པ་ཡོང་གི་མེད་སྟབས་རང་བཞིན་གྱིས་ཁེར་རྐྱང་གི་ཚོར་བ་ཞིག་མྱོང་བཞིན་ཡོད་པ་རྟོགས་བྱུང་། དེ་ལྟར་མུ་མཐུད་ཕྱིན་ན་འབྱུང་འགྱུར་ང་ཚོའི་གནས་བབ་དང་བོད་ཀྱི་བདེན་དོན་སེལ་ཐབས་ལ་ཕན་ཐོགས་ཡོང་ཁག་པོ་རེད་འདུག དེར་བརྟེན་ང་ཚོས་དུས་ནམ་ཡིན་ཡང་གནས་བབ་ལ་འཚམ་པའི་ལས་འགུལ་སྤེལ་ནས་རང་ཤུགས་ཀྱིས་ཁོང་ཚོར་༸རྒྱལ་བའི་དགོངས་གཞི་དང་རང་རེའི་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞིས་གཙོས་ཆོས་དང་རིག་གཞུང་རྣམས་བརྒྱུད་སྤྲོད་བྱེད་ཐུབ་པ་ཡོང་བའི་རེ་བ་བྱེད་དགོས། ལྷག་པར་དུ་ང་ཚོའི་ཐབས་རྩོད་དེ་རྒྱལ་ཁབ་ཆེན་པོ་ཞིག་ལ་ཕྱོགས་ནས་ཡོད་དུས་མིའི་ནུས་ཤུགས་དགོས་ཀྱི་ཡོད། དེའི་ཕྱིར་སློབ་སྦྱོང་དང་ཉམས་མྱོང་ཡོད་པ་ཚོས་སློབ་མ་ཚོར་དང་བླངས་ཀྱིས་སློབ་ཁྲིད་ཀྱི་འགན་བཞེས་པ་དང་། རྒྱུན་ལས་སུ་འདེམས་ཐོན་བྱུང་བ་ཚོས་གང་ཐུབ་ཅི་ཐུབ་མཉམ་རུབ་ཀྱིས་ཞབས་འདེགས་ཞུ་རྒྱུ། ལྷག་པར་དུ་བོད་རིགས་སྤྱི་ཡོངས་ཀྱིས་ལས་འགུལ་གང་ཞིག་སྤེལ་བ་དེ་དག་རང་ཉིད་ཀྱི་ཆེད་དུ་ཡིན་པར་དྲན་ནས་དུས་ཐོག་འཛོམས་རྒྱུར་ལྷོད་གཡེང་མེད་པ་བཅས་གནང་དགོས་ཀྱི་འདུག།
Share






