གཙོ་གནད།
- ཨོ་སི་ཊེ་ལི་ཡ་ནི་སྐྱེ་དངོས་སྣ་མང་ཅན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། གླིང་ཆེན་གཞན་ལས་ལོགས་སུ་གནས་པའི་དབང་གིས་ཡུལ་ལུང་གཞན་དུ་མེད་པའི་སྲོག་ཆགས་མང་པོ་ཡོད།
- ཨོ་སི་ཊེ་ལི་ཡ་ལ་འོ་འཐུང་སྲོག་ཆགས་མེད་པར་གྱུར་བའི་ཐད་འཛམ་གླིང་ནང་ཆེས་ཐོ་གཞུང་སྡུག་ཤོས་སུ་ཡོད། འོ་འཐུང་སྲོག་ཆགས་དང་། བྱ་རིགས། རྐང་མེད་སྲོག་ཆགས་བཅས་ཀྱི་རིགས་ ༢༠༠༠ ལྷག་རྩ་སྟོང་སུ་འགྲོ་ཉེན་ཡོད།
- མི་ཚང་མས་རང་བྱུང་སྲུང་སྐྱོབ་ཚོགས་པ་དང་རང་བྱུང་ལོ་རྒྱུས་ཚོགས་པར་རྒྱབ་སྐྱོར་བྱས་པ་བརྒྱུད་ཨོ་སི་ཊེ་ལི་ཡའི་རྩ་ཆེའི་རི་སྐྱེས་སྲོག་ཆགས་དང་དེ་དག་གི་གནས་ཡུལ་སྲུང་སྐྱོབ་བྱེད་ཐུབ།
- ཨོ་སི་ཊེ་ལི་ཡའི་རི་སྐྱེས་སྲོག་ཆགས་དང་ཁོར་ཡུག་རྣམས་དམིགས་བསལ་ཡིན་དོན་ཅི་ཡིན།
- ཨོ་སི་ཊེ་ལི་ཡའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེན་ཡིན་དོན་ཅི་ཡིན།
- ཨོ་སི་ཊེ་ལི་ཡའི་ནང་རྩ་སྟོང་དུ་འགྲོ་བའི་སྐྱེ་དངོས་ཀྱི་གནས་བབས་ཅི་ཞིག་ཡིན།
- ཨོ་སི་ཊེ་ལི་ཡའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་ཤུགས་རྐྱེན་ཐེབས་པའི་ཉེན་ཁ་གང་དག་ཡོད།
- རང་ངོས་ནས་ཨོ་སི་ཊེ་ལི་ཡའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་བྱེད་པར་ཇི་ལྟར་རོགས་རམ་བྱེད་ཐུབ་བམ།
ཨོ་སི་ཊེ་ལི་ཡའི་རི་སྐྱེས་སྲོག་ཆགས་དང་ཁོར་ཡུག་རྣམས་དམིགས་བསལ་ཡིན་དོན་ཅི་ཡིན།
འཛམ་གླིང་གི་གླིང་ཆེན་གཞན་དང་བསྡུར་ན་ཨོ་སི་ཊེ་ལི་ཡ་ནི་མཐུན་མོང་མ་ཡིན་པའི་རྩི་ཤིང་དང་སྲོག་ཆགས་མང་ཤོས་གནས་ཡུལ་ཞིག་ཡིན་ཞེས་སྣ་མང་སྐྱེ་དངོས་ལྷན་ཚོགས་ཀྱི་མཉམ་འབྲེལ་ཚོགས་གཙོ་དང་ཨོ་སི་ཊེ་ལི་ཡའི་བྱ་རིགས་གཅེས་སྲུང་ཚོགས་པའི་ཚོགས་གཙོ་གཞོན་པ་དགེ་རྒན་ཧུ་ཇི་པོ་སིན་གྷམ་གྱིས་གསུངས་ཡོད།
“ཨོ་སི་ཊེ་ལི་ཡ་ནི་ལོ་ས་ཡ་ ༥༠ ལྷག་གི་སྔོན་གླིང་ཆེན་གཞན་དག་ལས་གྱེས་པ་དང་དུས་ཡུན་རིང་པོར་ཁེར་རྐྱང་དུ་གནས་ཡོད།”
“ང་ཚོའི་འོ་འཐུང་སྲོག་ཆགས་ཁོའོ་ལཱ་དང་། ཀེང་གཱ་རུ། ཝོམ་བྷཊ། དང་གྷི་ལི་ཌར་ལྟ་བུ་དང་། སྒོ་ང་གཏོང་མཁན་གྱི་འོ་འཐུང་སྲོག་ཆགས་པེ་ལ་ཊི་པ་སི་དང་། ཨི་ཆི་ན་ལྟ་བུའི་རིགས་མང་པོ་ཞིག་འཛམ་གླིང་གི་ས་ཆ་གཞན་དུ་མེད།”
གདོད་རིགས་མནའ་འབྲེལ་མཐུན་ཚོགས་ཀྱི་ཡིལ་ཀ་/ནཱ་གཱ་ནྱ་ཊ་ཇ་རཱ་/ནཱར་རུངྒ་ཡི་བུད་མེད་ཇེ་ཌེ་བྷ་རོ་མི་ལོའུ། ཡིས་ཨོ་སི་ཊེ་ལི་ཡའི་ཐོག་མའི་མི་རིགས་ཚོའི་ངོས་ནས་བཤད་ན། ས་གཞི་འདི་ས་གཞི་ཙམ་མ་ཡིན་པར་ཁྱིམ་ཚང་དང་ངོ་བོའི་ཆ་ཤས་ཤིག་ཡིན་པ་འགྲེལ་བརྗོད་བྱས་ཡོད།
ས་གཞི་འདིས་ང་ཚོའི་ལོ་རྒྱུས་དང་། རྨི་ལམ། མེས་པོ་དང་བཅས་པར་འབྲེལ་ཡོད། འགན་འཁྲི་འདི་དག་རྒྱུན་སྐྱོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། ང་ཚོར་རྩི་ཤིང་དང་སྲོག་ཆགས་རྣམས་ལ་འོས་ཤིང་འཚམས་པའི་ཐབས་ལམ་གྱིས་ལྟ་སྐྱོང་བྱེད་པའི་འགན་འཁྲི་ཡོད།ཇེ་ཌེ་བྷ་རོ་མི་ལོའུ།
དེ་དག་ནི་ང་ཚོའི་ཟས་ཀྱི་འཁོར་རྒྱུན་གྱི་ཆ་ཤས་དང་། ཕན་ཚུན་གྱི་འབྲེལ་ལམ་དང་། རྨི་ལམ། མི་རབས་རྗེས་མ་རྣམས་ལ་བརྒྱུད་སྤེལ་བྱེད་པའི་ཤེས་བྱ་བཅས་ཡིན།
"ང་ཚོ་སྲོག་ཆགས་འདི་དག་དང་མཉམ་དུ་ལོ་ངོ་སྟོང་ཕྲག་མང་པོར་འཚོ་གནས་བྱས་ཡོད་ལ། ཁོང་ཚོ་ག་དུས་འགུལ་སྐྱོད་བྱེད་པ་དང་། ག་དུས་སྐྱེ་འཕེལ་བྱེད་པ། ག་དུས་དར་རྒྱས་ཡོང་བ། ག་དུས་གནས་ཚུལ་འགྲིག་མེད་པ་ཤེས་ཀྱི་ཡོད། དེར་བརྟེན་ཐུན་མོང་མ་ཡིན་པའི་སྲོག་ཆགས་དང་རྩི་ཤིང་གི་སྐོར་ལ་གླེང་རྒྱུ་དེ་དེ་དག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཙམ་མ་ཡིན་པར། གདོད་རིགས་མི་མང་གི་ངོ་བོའི་ཆ་ཤས་ཤིག་ཡིན་པའི་རྒྱུ་མཚན་ཡིན།"
ཨོ་སི་ཊེ་ལི་ཡའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེན་ཡིན་དོན་ཅི་ཡིན།
ཨོ་སི་ཊེ་ལི་ཡའི་རང་བྱུང་སྐྱེ་དངོས་སྣ་མང་གི་སྲུང་སྐྱོབ་ནི་ང་ཚོ་མཉམ་དུ་གནས་པའི་སྲོག་ཆགས་དང་རྩི་ཤིང་གི་རིགས་ཙམ་མ་ཡིན་པར། ཨོ་སི་ཊེ་ལི་ཡའི་མི་ཚང་མའི་བདེ་ཐང་དང་དར་རྒྱས་ཀྱི་ཆེད་དུ་གལ་ཆེན་པོ་ཡིན།"
"སྐྱེ་ཁམས་མ་ལག་སྟེ། ནགས་ཚལ་དང་། མཚོ། རྩྭ་ཐང་བཅས་ནི་འགྲོ་བ་མིའི་རིགས་ལ་ཞབས་ཞུ་སྒྲུབ་མཁན་རྣམས་ཡིན། དེ་དག་གིས་མཁའ་རླུང་གཙང་མ་མཁོ་སྤྲོད་བྱེད་པ་དང་། གནམ་གཤིས་འགྱུར་ལྡོག་ལ་སྔོན་འགོག་བྱེད་པ། དེ་བཞིན་ཡུལ་སྐོར་སྤྲོ་འཆམ་དང་ཞིང་ལས་ལྟ་བུའི་བཟོ་ལས་གལ་ཆེན་ཁག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་"ཅེས་སློབ་དཔོན་ཆེན་མོ་པོ་སིན་གྷམ་གྱིས་འགྲེལ་བཤད་གནང་།
"གལ་སྲིད་ང་ཚོས་སྐྱེ་དངོས་ཀྱི་རིགས་ཤིག་རྩ་མེད་དུ་ཤོར་ན། སྡུག་པ་ཞིག་ལ་སྐྱེ་ཁམས་མ་ལག་དེ་དག་གི་བྱེད་ལས་ཉམས་འགོ་ཚུགས་ཀྱི་རེད། དེར་བརྟེན་དེ་དག་གིས་མི་རྣམས་ལ་ཞབས་ཞུ་སྒྲུབ་པ་དང་ཕན་ཐོགས་བྱེད་པའི་ནུས་པ་དེ་ཡང་ཉམས་འགྲོ་གི་རེད།"
ཨོ་སི་ཊེ་ལི་ཡའི་འཇིགས་ཉེན་ཅན་གྱི་སྲོག་ཆགས་རིགས་ཤིག་ནི་ཐང་ཆེན་གྱི་སྲེ་མོང་ཆེན་པོ་དེ་རེད། དེ་ནི་རིག་གཞུང་གི་ཆ་ནས་གདོད་རིགས་མི་མང་ལ་གལ་ཆེན་པོ་ཡིན།
"ཐང་ཆེན་གྱི་སྲེ་མོང་ཆེན་པོ་འམ་ཇྷ་ཀུ་ར་ནི་ཁྱིམ་ཚང་གི་རྣམ་པར་ས་འོག་གི་དོང་ཁུང་ནང་འཚོ་སྡོད་བྱེད་མཁན་གྱི་སྲེ་མོང་ཆུང་ཆུང་ཞིག་རེད། ཇྷ་ཀུ་ར་ཡི་མཛེས་སྡུག་གི་ཆ་ནི་ཁོང་ཚོ་མི་རབས་མང་པོ་མཉམ་དུ་འཚོ་བ་དང་། ཁུང་བུ་གཅིག་མཉམ་སྤྱོད་བྱེད་པ། ཕན་ཚུན་ལྟ་སྐྱོང་བྱེད་པ་དེ་རེད། དེ་ནི་གདོད་རིགས་མི་མང་གི་སྤྱི་ཚོགས་ནང་ཁྱིམ་ཚང་དང་། ཚོགས་སྡེ། ཡུལ་ལུང་བཅས་ལ་གཅེས་སྐྱོང་བྱེད་རྒྱུའི་རིན་ཐང་དང་འདྲ་མཚུངས་ཡིན།"ཞེས་བྷོ་རོ་མི་ལོ་ལགས་ཀྱིས་འགྲེལ་བཤད་གནང་།

སྐྱེ་དངོས་ཀྱི་རིགས་རྒྱུན་རྩ་མེད་དུ་འགྲོ་བ་དེ་ནི་ཁོར་ཡུག་གི་གྱོང་གུན་ཙམ་མ་ཡིན་པར་རིག་གནས་ཀྱི་གྱོང་གུན་ཡང་ཡིན།
“རིགས་རྒྱུན་དེ་དག་དང་འབྲེལ་བའི་ཤེས་བྱ་ཡལ་འགྲོ་གི་རེད། ལོ་རྒྱུས་དང་། རིག་གཞུང་། འབྲེལ་ལམ་བཅས་ཉམས་རྒུད་དུ་འགྲོ་གི་རེད། བྱེ་ཐང་གི་ཁུལ་དུ་བཤད་རྒྱུན་ཞིག་ཡོད་པ་ནི་ས་གཞི་བདེ་ཐང་ཡིན་ན་མི་མང་བདེ་ཐང་ཡིན། རྩི་ཤིང་དང་སྲོག་ཆགས་མང་པོ་འཛམ་གླིང་གི་ས་ཆ་གཞན་གང་དུའང་མེད་པས་དེ་དག་གི་གནས་བབས་ཇི་ཙམ་ཉེན་ཁའི་ནང་ཡོད་པ་ང་ཚོས་ཤེས་ཀྱི་ཡོད།”
ཨོ་སི་ཊེ་ལི་ཡའི་ནང་རྩ་སྟོང་སུ་འགྲོ་བའི་སྐྱེ་དངོས་ཀྱི་གནས་བབས་ཅི་ཞིག་ཡིན།
ཨོ་སི་ཊེ་ལི་ཡས་བཙན་ཤུགས་ཀྱིས་སླེབས་པའི་གཅན་གཟན་དཔེར་ན་ཝ་མོ་དང་བདག་མེད་ཞིམ་བུའི་རིགས་སོགས་དང་། གནས་ཡུལ་གཏོར་བཤིག་དང་། གནམ་གཤིས་འགྱུར་ལྡོག་བཅས་ཀྱི་ཤུགས་རྐྱེན་གྱིས་སྣ་མང་སྐྱེ་དངོས་རྣམས་འཇིགས་ཉེའི་གཉན་འཕྲང་ལ་གདོང་ལེན་བྱེད་བཞིན་ཡོད།
སྟབས་མ་ལེགས་པ་ཞིག་ལ་ཨོ་སི་ཊེ་ལི་ཡ་ནི་འཛམ་གླིང་ནང་དུ་འོ་འཐུང་སྲོག་ཆགས་ཀྱི་རིགས་རྒྱུན་རྩ་མེད་དུ་འགྲོ་བའི་ཚད་གཞི་མཐོ་ཤོས་ཡིན།
“ཨོ་སི་ཊེ་ལི་ཡར་ཕལ་ཆེར་སྐྱེ་དངོས་ཀྱི་རིགས་མི་འདྲ་བ་ས་ཡ་གཅིག་ལྷག་ཡོད་པ་དང་། དེའི་ནང་ནས་མང་པོ་ཞིག་ད་དུང་ཡང་ངོས་འཛིན་བྱས་མེད། འོན་ཀྱང་ང་ཚོས་ལེགས་པར་ཤེས་པའི་རིགས་དེ་དག་ལས་སྟོང་ཕྲག་གཉིས་ཙམ་རྩ་སྟོང་འགྲོ་བའི་ཉེན་ཁར་གྱར་ཡོད་” ཅེས་སློབ་དཔོན་པོ་སིང་གྷམ་གྱིས་བརྗོད།
“བློ་ཕམ་པ་ཞིག་ལ་བཟོ་ལས་ཅན་དུ་གྱུར་ནས་ལོ་ངོ་ ༢༥༠ ཕྱིན་པའི་རྗེས་སུ་ཨོ་སི་ཊེ་ལི་ཡར་རྒྱུན་ལྡན་གྱི་ཚད་ལས་ལྡབ་བརྒྱ་ལྷག་གིས་མགྱོགས་པར་སྐྱེ་དངོས་རིགས་རྩ་སྟོང་འགྲོ་བཞིན་ཡོད། དོན་དངོས་ཐོག་ང་ཚོས་རྩ་སྟོང་འགྲོ་བའི་གནས་སྟངས་མཚམས་འཇོག་མ་ཐུབ་ཚེ། ལོ་ངོ་ ༢༠༠ ནས་ ༣༠༠ ནང་ང་ཚོའི་སྐྱེ་དངོས་ཀྱི་རིགས་མི་འདྲ་བ་ཕྱེད་ཀ་ཙམ་བརླག་སྲིད་” ཅེས་བརྗོད།
ཀི་ཐི་བྷེ་རེ་ཌི་བྷི་ནི་ནུབ་ཕྱོགས་ཨོ་སི་ཊེ་ལི་ཡའི་ཁོར་ཡུག་སྒྲིག་འཛུགས་གྷོན་ཌི་ཝ་ན་ལིང་གི་འགན་འཛིན་ཡིན་པ་དང་། ཁོང་གིས་མངའ་སྡེ་དེའི་ལྷོ་ནུབ་ཁུལ་གྱི་སྤྱི་ལེ་ ༡༠༠༠ ལྷག་གི་གནས་ཡུལ་བསྐྱར་དུ་སྦྲེལ་མཐུད་བྱེད་རྒྱུའི་ལས་དོན་སྒྲུབ་བཞིན་ཡོད།
“ངའི་ཕྲུ་གུ་ཚོས་སྔོན་ཆད་ངའི་གྲོགས་པོ་རྒན་པ་ཚོས་བཤད་པ་ལྟར། ནགས་ཁྲོད་དུ་སྒར་བརྒྱབ་ནས་ཉལ་ཐུབ་པ་དང་། མཐའ་འཁོར་དུ་སྲོག་ཆགས་དུ་མའི་མིག་ཟུང་གི་འོད་ཀྱིས་བསྐོར་བ་སོགས་མཐོང་རྒྱུ་མེད་པ་ནི་ཡིད་སྐྱོ་དགོས་པ་ཞིག་རེད།” ཅེས་སྐུ་ཞབས་བྷ་རེ་ཌི་བྷི་ཡིས་བརྗོད།
“ང་ཚོས་འོ་འཐུང་སྲོག་ཆགས་ཀྱི་རིགས་རྒྱུན་ཉམས་འགྲོ་བ་ནི་གནད་དོན་ཆེན་པོ་ཞིག་ཡིན་པ་ཤེས་ཀྱི་ཡོད་ཀྱང་། ད་ལྟ་ང་ཚོས་རྩ་སྟོང་དུ་ཕྱིན་པའི་རྩི་ཤིང་མང་པོའི་སྐོར་ལ་སྔོན་ཆད་དོ་སྣང་བྱས་མེད་པ་དེ་ཤེས་རྟོགས་བྱེད་འགོ་བཙུགས་ཡོད།” ཅེས་བརྗོད།

ཨོ་སི་ཊེ་ལི་ཡའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་ཤུགས་རྐྱེན་ཐེབས་པའི་ཉེན་ཁ་གང་དག་ཡོད།
ཨོ་སི་ཊེ་ལི་ཡའི་སྣ་མང་སྐྱེ་དངོས་ལ་ཤུགས་རྐྱེན་ཐེབས་པའི་ཉེན་ཁ་གཙོ་བོ་གསུམ་ཡོད།
དང་པོ་ནི། འཛུགས་སྐྲུན་དང་ཞིང་ལས་ཀྱི་ཆེད་དུ་གནས་ཡུལ་གཏོར་བཤིག་གཏོང་བ་དེ་རེད།
གཉིས་པ་ནི། སྲོག་ཆགས་གནོད་འཚེ་ཅན་ཁྱབ་གདལ་ཆེ་རུ་འགྲོ་བ་དེ་ཡིན་ཞིང་། དེའི་ནང་ཝ་མོ་དང་། རི་ཞིམ། ཤྭ་བ། རྩྭ་ངན་གྱི་རིགས། དེ་བཞིན་ནད་རིགས་འགའ་ཤས་བཅས་ཚུད་ཡོད།
གནམ་གཤིས་འགྱུར་ལྡོག་ནི་ཨོ་སི་ཊེ་ལི་ཡའི་སྣ་མང་སྐྱེ་དངོས་ལ་འཕྲད་པའི་ཉེན་ཁ་གསར་པ་གཞན་ཞིག་རེད།
“གནམ་གཤིས་འགྱུར་ལྡོག་གིས་ཨོ་སི་ཊེ་ལི་ཡའི་གླིང་ཆེན་གྱི་དྲོད་ཚད་རིམ་པ་གཅིག་དང་ཕྱེད་ཀ་འཕར་ཟིན་ཡོད།” ཅེས་སློབ་དཔོན་པོ་སིན་གྷམ་གྱིས་གསུངས་ཡོད།
དྲོད་ཚད་མཐོ་རུ་འགྲོ་བ་དང་མེ་སྐྱོན་དང་། ཆུ་ལོག དྲག་ཆར་རླུང་འཚུབ་ལྟ་བུའི་གོད་ཆག་གི་སྣང་ཚུལ་ཡང་ཡང་བྱུང་བའི་རྐྱེན་གྱིས་སྐྱེ་དངོས་ཀྱི་རིགས་མང་པོ་ཞིག་འཚམས་འགྱུར་བྱེད་མི་ཐུབ།སློབ་དཔོན་ཆེན་མོ་ཧུ་ཇི་སིན་གྷམ།
སྐྱེ་དངོས་ཀྱི་གནས་ཡུལ་ཁག་གི་ཆ་ཤས་ཆུང་དུ་འགྲོ་བ་དང་འཇིགས་སྐུལ་གྱི་བྱ་རིམ་གཞན་དག་གི་ཤུགས་རྐྱེན་གྱིས་ཨོ་སི་ཊེ་ལི་ཡའི་སྲོག་ཆགས་དང་རྩི་ཤིང་གི་རིགས་མང་པོ་ཞིག་ཉེན་ཁའི་ནང་དུ་ལྷུང་ཡོད།
"ང་ཚོས་མུ་མཐུད་དུ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་འཇིགས་སྐུལ་ཡོད་སྐོར་སྐད་ཆ་ཤོད་ཀྱིན་ཡོད། ཡིན་ནའང་དོན་དངོས་སུ་ང་ཚོས་ད་ལྟ་གདོང་ལེན་བྱེད་བཞིན་པ་ནི་འགྱུར་བ་མང་པོ་ཞིག་གི་དངོས་ཡོད་གནོད་འཚེ་དེ་རེད། ང་ཚོས་འབྲེལ་མཐུད་ཆེ་བའི་སྐྱེ་ཁམས་མ་ལག་ཆེན་པོ་དེ་ཆ་ཤས་ཆུང་ཆུང་མང་པོར་བགོས་ནས་དེ་དག་ལ་རང་བྱུང་གཅེས་སྲུང་ཁང་ཞེས་འབོད་ཀྱི་ཡོད་པ་དང་སྤྱིར་བཏང་དགོས་མཁོ་ཡོད་པའི་དོ་དམ་བྱེད་ཀྱི་མེད།" སྐུ་ཞབས་བྷི་རེ་ཌི་བྷི་ཡིས་བརྗོད།
"གཞི་རྩའི་གནོད་འཚེ་ནི་ང་ཚོས་སྲོག་ཆགས་མང་ཆེ་བ་དང་གནས་ཡུལ་དེ་དག་མཐུད་འབྲེལ་བྱེད་པའི་ནུས་པ་མེད་པ་བཟོས་པ་དེ་རེད། དེ་ནི་འཛམ་གླིང་དང་གནམ་གཤིས་འགྱུར་བའི་དུས་སྐབས་འདིར་ཁོང་ཚོའི་མཚམ་འགྱུར་བྱེད་ཐུབ་པའི་ནུས་པ་མེད་པ་བཟོས་པ་རེད། ཡིན་ནའང་གཞི་རྩའི་ཐོག་ང་ཚོས་ཆ་ཤས་ཆུང་ཆུང་གི་ནང་དུ་ལས་ཀ་བྱེད་མི་ཐུབ་པའི་སྐྱེ་ཁམས་ཁོར་ཡུག་རྣམས་ཆ་ཤས་ཆུང་ཆུང་མང་པོར་བགོས་ཡོད་པ་རེད།"

རང་ངོས་ནས་ཨོ་སི་ཊེ་ལི་ཡའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་བྱེད་པར་ཇི་ལྟར་རོགས་རམ་བྱེད་ཐུབ་བམ།
ང་ཚོ་ཚང་མས་ཨོ་སི་ཊེ་ལི་ཡའི་རི་སྐྱེས་དང་རྩི་ཤིང་སྲུང་སྐྱོབ་བྱེད་པར་རོགས་པ་བྱེད་ཐུབ།
“ངས་བལྟས་ན་གོམ་པ་དང་པོ་ནི་དེ་དག་གི་སྐོར་རྒྱུས་ལོན་བྱེད་རྒྱུ་དེ་ཡིན། དེ་ནས་ཁྱེད་ཀྱིས་ཉེ་ཁོར་གྱི་རང་བྱུང་སྲུང་སྐྱོབ་ཚོགས་པ་ཞིག་གམ་རང་བྱུང་ལོ་རྒྱུས་ཚོགས་པ་ཞིག་ཏུ་འཛུལ་ཞུགས་བྱས་ན་འགྲིག། དེ་བཞིན་རང་གི་ལྡུམ་རྭའམ་ས་གནས་ཀྱི་སྤྱི་གླིང་ནང་གི་སྟོང་ཆ་གང་རུང་དུ་ཡུལ་འདི་ཉིད་ཀྱི་ཤིང་སྡོང་དང་ཤིང་ཕྲན་འཛུགས་ཆོག་ཅེས་སློབ་དཔོན་པོ་སིང་གྷམ་གྱིས་གསུངས།
“དང་ཐོག་རང་ཉིད་ཀྱི་ངོས་ནས་རྒྱུས་ལོན་གང་ཐུབ་བྱས་རྗེས་སྐྱེ་དངོས་ཀྱི་ཉམས་རྒུད་འདི་དག་གིས་ཨོ་སི་ཊེ་ལི་ཡའི་རིག་གཞུང་དང་འཕྲོད་བསྟེན་ལ་གནོད་སྐྱོན་ཚབས་ཆེན་ག་འདྲ་ཞིག་བཟོ་རྒྱུ་ཡིན་པ་ཤེས་རྟོགས་བྱུང་བ་དང་། ས་གནས་ཀྱི་ཆབ་སྲིད་པ་ཞིག་ལ་བརྡ་འཕྲིན་བཏང་ནས་ཨོ་སི་ཊེ་ལི་ཡའི་སྐྱེ་དངོས་སྲོག་ཆགས་ཀྱི་སྣ་མང་རང་བཞིན་ཉམས་རྒུད་འགྲོ་བའི་སྐོར་ལ་སེམས་ཁུར་འདོན་དགོས།”
ས་གནས་ཀྱི་ཚོགས་སྡེ་དང་ཁོར་ཡུག་གི་ཁེ་མེད་ཚོགས་པ་བརྒྱུད་ནས་རང་བྱུང་སྐྱེ་དངོས་སྲུང་སྐྱོབ་ལས་དོན་ནང་མཉམ་ཞུགས་བྱེད་པའི་གོ་སྐབས་མང་པོ་ཡོད།
“ང་ཚོའི་ལས་གཞི་ནི་རྩ་བའི་ཆ་ནས་སྐྱེ་ཁམས་ཀྱི་བདེ་ཐང་ལ་འགྱུར་བ་ཆེན་པོ་ཞིག་ཡོང་ཐུབ་པ་བྱེད་རྒྱུ་དེ་ཡིན། འོན་ཀྱང་འགྱུར་བ་ཆེན་པོ་དེ་དག་ནི་འཆམ་མཐུན་ངང་འབྱུང་བའི་འགྱུར་བ་ཆུང་ཆུང་དུ་མ་མཉམ་རུབ་བྱེད་པ་ལས་གྲུབ་པ་ཡིན། འགྱུར་བ་ཆུང་ཆུང་རེ་རེ་ནི་མི་སྒེར་རམ་ཚོགས་པ་ཞིག་གིས་གཏོང་དགོས་པ་རེད།” ཅེས་སློབ་དཔོན་ཆེན་མོ་པོ་སིང་གྷམ་གྱིས་གསུངས།
“དེ་ནི་ཨེ་ཀར་ལྔའི་ས་ཞིང་ཡོད་པའི་མི་ཞིག་གིས་རང་གི་ས་ཆར་རི་སྐྱེས་སྲོག་ཆགས་ཕྱིར་ལོག་བྱེད་དུ་བཅུག་ནའང་འདྲ། ཡང་ན་འགྱུར་བ་ཆེན་པོ་གཏོང་བར་དོན་སྙིང་ལྡན་པའི་དངུལ་འཇོག་ཐུབ་པའི་མ་འཇོག་ཚོགས་པ་ཞིག་ཡིན་ནའང་འདྲ། ང་ཚོ་ཚང་མས་ཁྱད་པར་ཞིག་བཟོ་ཐུབ་པའི་བྱ་བ་ཞིག་ཡོད་ངེས།”

བྷོ་རོ་མི་ལོའི་ལགས་ཀྱིས་གསུངས་པ་ལྟར་ན། ཁྱེད་རང་གནས་ཡུལ་གྱི་ས་ཆ་དེ་སུའི་ཡིན་པ་ཤེས་པ་དང་། ས་གནས་ཀྱི་ཤེས་བྱ་ལ་ཉན་པ་དང་གུས་བརྩི་བྱེད་པ་ལྟ་བུའི་བྱ་བ་ལས་སླ་པོ་ཞིག་ནས་འགོ་འཛུགས་ཐུབ། ཁྱེད་ཀྱིས་ས་གནས་མི་རིགས་ཀྱིས་འགོ་ཁྲིད་པའི་སྲུང་སྐྱོབ་ལས་དོན་དང་རི་སྐྱེས་སྲུང་སྐྱོབ་པའི་ལས་གཞི་ལ་རྒྱབ་སྐྱོར་བྱེད་ཐུབ། "ཚོགས་སྡེ་ཁག་མཉམ་འཛོམས་བྱས་ནས་ཉན་འཇོག་དང་། སློབ་སྦྱོང་བྱེད་པ་དང་འགན་འཁུར་བླངས་ན། ང་ཚོས་གཅེས་སུ་འོས་པའི་ས་གཞི་དེ་སྲུང་སྐྱོབ་ཐུབ་ཀྱི་ཡོད། དེ་ནི་ས་གནས་མི་རིགས་ཙམ་མ་ཡིན་པར་ཨོ་སི་ཊེ་ལི་ཡའི་མི་ཚང་མར་གལ་ཆེན་པོ་ཡིན། གལ་ཏེ་ང་ཚོས་གནས་གཞི་ལ་ལྟ་སྐྱོང་བྱས་ན་ས་གཞིས་ང་ཚོར་ལྟ་སྐྱོང་བྱེད་ངེས་རེད།།"
གནས་ཚུལ་འཕར་མ་གཟིགས་རྒྱུའི་དྲྭ་ཐག
བྱེ་ཐང་ཁུལ་གདོད་རིགས་མནའ་འབྲེལ་མཐུན་ཚོགས།
ཨོ་སི་ཊེ་ལི་ཡར་གནས་སྤོ་བྱས་རྗེས་རིན་ཐང་ལྡན་པའི་གནས་ཚུལ་དང་ལམ་སྟོན་མང་ཙམ་ཤེས་རྟོགས་བྱེད་པའི་ཆེད་དུ། ཨོ་སི་ཊེ་ལི་ཡ་འགྲེལ་བརྗོད་ཀྱི་ཆེད་སྒྲིག་སྒྲ་བརྙན་ལེ་ཚན་ཁག་ལ་ཉན་པའམ་རྗེས་འབྲང་བྱེད་རོགས།
ཁྱེད་ལ་དྲི་བ་དང་བརྗོད་གཞི་གང་ཞིག་གི་སྐོར་ལ་བསམ་འཆར་ཡོད་ན་ང་ཚོར་ australiaexplained@sbs.com.au ལ་གློག་འཕྲིན་གཏོང་རོགས།








