རྒྱལ་ཡོངས་སྤྱི་གླིང་དང་། རང་བྱུང་སྲུང་སྐྱོབ་ཁུལ། རྒྱ་མཚོའི་སྐྱེ་ཁམས་བདག་སྐྱོང་ཁུལ། དེ་བཞིན་གདོད་རིགས་མི་དམངས་ཀྱི་སྲུང་སྐྱོབ་ས་ཁུལ་བཅས་ཀྱིས་ཁོར་ཡུག་མི་འདྲ་བ་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་དེ་དག་སོ་སོར་དོ་དམ་བྱེད་སྟངས་མི་འདྲ་བ་ཡོད། དེ་ཡང་འདིར་ང་ཚོས་གདོད་རིགས་མི་དམངས་ཀྱིས་སྲུང་སྐྱོབ་འོག་ཡོད་པའི་ས་ཁུལ་དེ་དག་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་ག་རེ་ཡོད་པ་དང་ཁུལ་དེ་དག་ལ་ལྟ་སྐོར་དུ་བསྐྱོད་ཆོག་མིན་ཐད་ཀྱི་གནས་ཚུལ་སོགས་ཤེས་རྟོགས་བྱེད་རྒྱུ་ཡིན།
གཙོ་གནད།
- སྲུང་སྐྱོབ་ས་ཁུལ་ནི་ས་ཆ་དང་། ཆུ། རྩི་ཤིང་། སྲོག་ཆགས། རྩ་ཆེའི་རིག་གཞུང་བཅས་གལ་ཆེན་རྣམས་སྲུང་སྐྱོབ་བྱེད་རྒྱུའི་གཞི་དག་ལ་གོ།
- གདོད་རིགས་མི་དམངས་ཀྱི་སྲུང་སྐྱོབ་ས་ཁུལ་ཁག་ནི་རྒྱལ་ཁབ་ཀྱི་སྲོལ་རྒྱུན་གྱི་བདག་པོ་རྣམས་དང་། གནས་སྐབས་གཞན་དུ་གཞུང་དང་སྐྱེ་ཁམས་སྲུང་སྐྱོབ་ཚོགས་པ་དང་མཉམ་འབྲེལ་བྱས་ནས་དོ་དམ་བྱེད་ཀྱི་ཡོད།
- སྲུང་སྐྱོབ་ས་ཁུལ་གང་རུང་ལ་ལྟ་སྐོར་དུ་མ་ཕྱིན་གོང་སྒྲིག་གཞི་རྣམས་ངེས་པར་དུ་ཞིབ་བཤེར་བྱེད་དགོས་ཏེ། བྱེད་སྒོ་འགའ་ཞིག་ལ་དམ་བསྒྲགས་ཡོད་སྲིད།
- གདོད་རིགས་མི་དམངས་ཀྱི་སྲུང་སྐྱོབ་ས་ཁུལ་ཞེས་པ་གང་ཡིན། (IPA)
- གདོད་རིགས་མི་དམངས་ཀྱི་སྲུང་སྐྱོབ་ས་ཁུལ་ཁག་དང་སྲུང་སྐྱོབ་འོག་ཡོད་པའི་ས་ཁུལ་གཞན་གྱི་ཁྱད་པར།
- གདོད་རིགས་མི་དམངས་ཀྱི་སྲུང་སྐྱོབ་ས་ཁུལ་ཁག་གི་འགྲོ་ལུགས་གང་འདྲ་ཡིན་ནམ།
- ཨོ་སི་ཊེ་ལི་ཡའི་ཁོར་ཡུག་དང་རིག་གཞུང་ལ་གདོད་རིགས་མི་དམངས་ཀྱི་སྲུངས་སྐྱོབ་ས་ཁུལ་ཁག་གི་གལ་གནད།
- གུས་ཞབས་དང་ལྡན་པའི་ངང་གདོད་རིགས་མི་དམངས་ཀྱི་སྲུང་སྐྱོབ་འོག་ཡོད་པའི་ས་ཁུལ་ཁག་ལ་ལྟ་སྐོར་དུ་སྐྱོད་ཚུལ་ཇི་ལྟར་ཡིན་ནམ།
རྒྱལ་ཡོངས་སྤྱི་གླིང་དང་རང་བྱུང་སྲུང་སྐྱོབ་ཁུལ་རྣམས་ཀྱིས་གཙོ་བོ་ས་དང་། རྒྱ་མཚོའི་སྐྱེ་ཁམས་བདག་སྐྱོང་ཁུལ་གྱིས་ཆུ། གདོད་རིགས་མི་དམངས་ཀྱི་སྲུང་སྐྱོབ་ས་ཁུལ་ཁག་གིས་ས་ཆུ་གཉིས་ཀ་སྲུང་སྐྱོབ་བྱེད་ཀྱི་ཡོད། རྒྱལ་ཁབ་ཀྱི་སྲོལ་རྒྱུན་བདག་པོ་ཚོས་དང་བླངས་ཀྱིས་ལས་དོན་དེ་ལ་འཇུག་བཞིན་ཡོད།
སྲུང་སྐྱོབ་ས་ཁུལ་འདི་དག་ཚང་མ་ནི་ལོ་ངོ་ཁྲི་ཕྲག་མང་པོའི་རིང་ལ་སའི་བདག་པོར་གྱུར་བའི་ཐོག་མའི་མི་རིགས་རྣམས་ཀྱིས་གཅེས་སྐྱོང་བྱས་པའི་ས་ཆ་ཁག་ཏུ་ཆགས་ཡོད།
གདོད་རིགས་མི་དམངས་ཀྱི་སྲུང་སྐྱོབ་ས་ཁུལ་ཞེས་པ་གང་ཡིན།
གདོད་རིགས་མི་དམངས་ཀྱི་སྲུང་སྐྱོབ་ས་ཁུལ་ཁག་ནི་ས་ཆུ་གང་རུང་གི་ཁུལ་ལ་ཁྱབ་ཡོད། དེ་དག་ནི་རྒྱལ་ཁབ་ཀྱི་སྲོལ་རྒྱུན་གྱི་བདག་པོ་རྣམས་ཀྱིས་སྲུང་སྐྱོབ་ཆེད་དུ་དང་བླངས་ཀྱིས་དོ་དམ་བྱེད་པར་མོས་མཐུན་བྱས་པའི་ས་ཆ་ཁག་ཡིན།
ཨོ་སི་ཊེ་ལི་ཡའི་གཞུང་དང་སྲོལ་རྒྱུན་བདག་པོ་རྣམས་ཀྱིས་ཟུང་འབྲེལ་གྱིས་ཕྱི་ལོ་ ༡༩༩༧ ལོར་གདོད་རིགས་མི་དམངས་ཀྱི་སྲུང་སྐྱོབ་ས་ཁུལ་གྱི་ལས་གཞི་འདི་ཉིད་གསར་གཏོད་བྱས་ཤིང་། དེས་སྲོལ་རྒྱུན་གྱི་བདག་པོ་རྣམས་ལ་རང་གི་ས་ཆ་དང་རིན་ཐང་ཅན་གྱི་རིག་གཞུང་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་ཆབས་ཅིག མུ་མཐུད་རང་གི་རིག་གཞུང་ལག་བསྟར་དང་ས་གཞིར་དགོས་ངེས་ཀྱི་འགན་འཁུར་བྱེད་པར་རོགས་རམ་བྱེད་ཀྱི་ཡོད།
ད་ལྟའི་ཆར་ཨོ་སི་ཊེ་ལི་ཡའི་ནང་དུ།
- གདོད་རིགས་མི་དམངས་ཀྱི་སྲུང་སྐྱོབ་ས་ཁུལ་ཁག་ ༩༦ ཡོད།
- དེ་ནི་ས་ཁྱོན་ཧེག་ཊར་ས་ཡ་ ༡༡༣ ཏུ་ཁྱབ་པ་དང་།
- ཧེག་ཊ་ས་ཡ་ ༩.༣ གྱི་རྒྱ་མཚོའི་ཁུལ་ལ་ཁྱབ་ཡོད།
དེ་དག་གཅིག་ཏུ་བསྡུས་ན་ཨོ་སི་ཊེ་ལི་ཡའི་རྒྱལ་ཡོངས་སྲུང་སྐྱོབ་མ་ལག་གི་བརྒྱ་ཆ་ ༥༥ ལྷག་ཟིན་གྱི་ཡོད་པ་དང་། དེས་རྒྱལ་ཁབ་ཀྱི་ས་ཆའི་བཞི་ཆ་གཅིག་ཙམ་སྲུང་སྐྱོབ་བྱེད་ཀྱི་ཡོད།
སློབ་དཔོན་ཨེ་མ་ལི་ (Professor Emma Lee OAM) མཆོག་ནི་ཊཱ་རལ་ཝུ་ལུ་ཡི་ (Trawlwulwuy) བུད་མེད་ཅིག་ཡིན་པ་དང་། ཧྥེ་ཌི་རེ་ཤན་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་ཞིག་ཡིན། ཁོང་ལ་ཨན་ཊི་ཨེ་མ་ (Aunty Emma) ཞེས་ཀྱང་འབོད་ཀྱི་ཡོད།
ཁོང་གིས་རྒྱལ་ཁབ་ཀྱི་སྲོལ་རྒྱུན་བདག་པོ་གདོད་རིགས་མི་དམངས་ཚོས་ལོ་ངོ་སྟོང་ཕྲག་མང་པོའི་རིང་ཨོ་སི་ཊེ་ལི་ཡའི་ས་ཆུ་གཉིས་སྲུང་སྐྱོབ་བྱས་ཡོད་པ་གསུངས་ཡོད།
“ང་ཚོར་ཆེས་སྔ་མོ་ནས་ས་ཆུ་རྣམས་གཅེས་སྐྱོང་བྱེད་པའི་ལམ་ལུགས་ཤིག་ཡོད། དེ་ནི་ཧ་ཅང་སྟབས་བདེ་བའི་ཚིག་གཉིས་ཏེ། དགོས་མཁོ་ལས་མང་བ་མི་སྤྱོད་པ་དང། རྗེས་རབས་པ་རྣམས་ཀྱི་ཆེད་དུ་སྤུས་ཀ་བཟང་པོར་འཇོག་རྒྱུ་དེ་ཡིན། ལམ་ལུགས་དེ་ནི་ང་ཚོའི་མི་རབས་གོང་མ་བརྒྱ་ཕྲག་མང་པོས་ལོ་ངོ་ཁྲི་ཕྲག་དུ་མའི་རིང་གཞི་བཅོལ་ནས་གནས་སའི་རྩ་དོན་གལ་ཆེན་ཞིག་ཡིན།”
གདོད་རིགས་མི་དམངས་ཀྱི་སྲུང་སྐྱོབ་ས་ཁུལ་ཁག་དང་སྲུང་སྐྱོབ་འོག་ཡོད་པའི་ས་ཁུལ་གཞན་གྱི་ཁྱད་པར།
གདོད་རིགས་མི་དམངས་ཀྱི་སྲུང་སྐྱོབ་ས་ཁུལ་ཁག་ནི་ཐུན་མོང་མ་ཡིན་པ་ཞིག་ཡིན་ཏེ། དེ་དག་ནི་སྲོལ་རྒྱུན་གྱི་བདག་པོ་དང་དབུས་གཞུང་གཉིས་བར་རང་འགུལ་ངང་བཞག་པའི་གྲོས་མཐུན་ཞིག་གི་བརྒྱུད་བྱུང་ཡོད།
འོན་ཀྱང་། ལས་དོན་དེ་སྲོལ་རྒྱུན་གྱི་བདག་པོ་ཁོ་ནས་དང་ལེན་བྱེད་ཐུབ་པ་ཞིག་ཡིན།
སྲུང་སྐྱོབ་ས་ཁུལ་གཞན་དག་སྟེ། དཔེར་ན། རྒྱལ་ཡོངས་སྤྱི་གླིང་དང་། རང་བྱུང་སྲུང་སྐྱོབ་ས་ཁུལ། མཚོ་ཁོངས་བདེ་འཇགས་ས་ཁུལ་བཅས་ཀྱི་ས་གནས་དོ་དམ་གྱི་འགན་ཁུར་གཙོ་བོ་དེ་མངའ་སྡེ་དང་ས་ཁུལ་གྱི་གཞུང་ལ་ཡོད།
ས་ཆའི་སྒེར་བདག་སྟེ། དཔེར་ན། ཞིང་པ་དང་ཕྱུགས་རྫི་ལྟ་བུ་རྣམས་ཀྱིས་རང་ཉིད་ཀྱི་ས་ཆའི་བདག་དབང་མ་ཤོར་བའི་སྒོ་ནས་རང་མོས་སྲུང་སྐྱོབ་གྲོས་མཐུན་ནང་ཞུགས་ཆོག གྲོས་མཐུན་འདི་དག་བརྒྱུད་ནས་སྲུང་སྐྱོབ་བྱས་པའི་ས་ཆ་རྣམས་རྒྱལ་ཡོངས་སྲུང་སྐྱོབ་མ་ལག་གི་ཁོངས་སུ་ཚུད་ཐུབ།
གདོད་རིགས་མི་དམངས་ཀྱི་སྲུང་སྐྱོབ་ས་ཁུལ་དང་སྲུང་སྐྱོབ་ས་ཁུལ་གཞན་དག་བར་གྱི་ཁྱད་པར་གལ་ཆེ་ཤོས་ཤིག་ནི། གདོད་རིགས་མི་དམངས་ཀྱི་སྲུང་སྐྱོབ་ས་ཁུལ་ཁག་གཙོ་བོ་རིག་གཞུང་གཅེས་ཉར་ལ་གཞི་བཅོལ་ཡོད་པ་དེ་ཡིན། དེ་དག་གིས་མི་དང་། རིག་གཞུང་། ས་ཆ་བཅས་ཕན་ཚུན་འབྲེལ་བ་ཡོད་པ་དེ་ངོས་འཛིན་བྱེད་ཀྱི་ཡོད།
ཨཱན་ཊི་ཨེ་མ་ལགས་ཀྱིས་གསུངས་པ་ལྟར་ན། འདི་ནི་“བཀག་རྒྱའི་ནང་བཞག་པའི་ས་ཆ་”དང་མི་འདྲ། གདོད་རིགས་མི་དམངས་ཀྱི་སྲུང་སྐྱོབ་འོག་ཡོད་པའི་ས་ཁུལ་ཁག་གིས་སྲོལ་རྒྱུན་གྱི་བདག་པོའི་ཆོག་མཆན་ཡོད་ཐོག་ལྟ་སྐོར་བ་རྣམས་ལ་ས་ཁུལ་དེ་དག་གི་སྐོར་ཤེས་རྟོགས་ཡོང་བའི་གོ་སྐབས་བསྐྲུན་གྱི་ཡོད།
“ང་ཚོས་མི་རྣམས་ལ་ས་གཞིར་དལ་པོས་མེ་རྒྱག་པའི་སྲོལ་རྒྱུན་ནི་ཆེད་སྔ་མོ་ནས་ཡོད་པ་ཞིག་ཡིན་པ་ཤེས་རྒྱུའི་གོ་སྐབས་སྤྲོད་ཀྱི་ཡོད། མེ་བཏང་བའི་ཤུལ་རྗེས་གྲང་མོ་དག་མཐོང་ཐེངས་རེར་ཁྱེད་ཀྱིས་མི་ལོ་སྟོང་ཕྲག་མང་པོའི་རིང་གནས་པའི་ང་ཚོའི་སྣོད་བཅུད་ཀྱི་འབྲེལ་ལམ་ཟབ་མོ་དེ་རྟོགས་པར་བྱེད་པའི་གོ་སྐབས་ཐོབ་ཀྱི་ཡོད།
གདོད་རིགས་མི་དམངས་ཀྱི་སྲུང་སྐྱོབ་ས་ཁུལ་ཁག་རྒྱལ་ཡོངས་སྤྱི་གླིང་ངམ་རྒྱ་མཚོའི་སྐྱེ་ཁམས་བདག་སྐྱོང་ཁུལ་ལྟ་བུའི་སྲུང་སྐྱོབ་ས་ཁུལ་གཞན་ཞིག་དང་ལྷན་དུ་ཡོད་པ་ཡོང་སྲིད། དེ་འདྲའི་སྐབས་སུ། སྲོལ་རྒྱུན་གྱི་བདག་པོ་རྣམས་ཀྱིས་ས་ཁུལ་དེའི་ཁྲིམས་མཐུན་གྱི་དབང་ཆ་འམ་དོ་དམ་གྱི་འགན་ཁུར་ཡོད་པའི་ཚོགས་པ་གཞན་དག་དང་མཉམ་དུ་ལས་ཀ་བྱེད་ཀྱི་ཡོད།
གདོད་རིགས་མི་དམངས་ཀྱི་སྲུང་སྐྱོབ་ས་ཁུལ་ཁག་གི་འགྲོ་ལུགས་གང་འདྲ་ཡིན་ནམ།
གདོད་རིགས་མི་དམངས་ཀྱིས་སྲུང་སྐྱོབ་ས་ཁུལ་རེ་རེར་དོ་དམ་འཆར་གཞི་ཞིག་ཡོད་པ་དེས་སྲོལ་རྒྱུན་གྱི་བདག་པོ་རྣམས་ཀྱིས་ས་ཆའི་རིག་གཞུང་དང་ཁོར་ཡུག་གི་རིན་ཐང་རྣམས་ཇི་ལྟར་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་འགྲེལ་བརྗོད་བྱེད་ཀྱི་ཡོད། ས་ཁུལ་དེ་ཉིད་གདོད་རིགས་མི་དམངས་ཀྱི་སྲུང་སྐྱོབ་འོག་འཇུག་རྒྱུའི་རྒྱུད་རིམ་གཉིས་ཡོད་པ་ནི།
- གྲོས་བསྡུར་བྱེད་པ། སྲོལ་རྒྱུན་གྱི་བདག་པོ་རྣམས་ཀྱིས་བྱེད་བྲག་གི་ས་ཁུལ་དེ་ཉིད་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཐོག་མའི་མི་རིགས་ཀྱི་ཚོགས་པ་དང་། ས་ཆའི་བདག་པོ། འབྲེལ་ཡོད་མི་སྣ། མཉམ་ལས་བྱེད་མཁན་བཅས་དང་མཉམ་དུ་གྲོས་བསྡུར་དང་འཆར་འགོད་བྱེད་ཀྱི་ཡོད། དེ་དག་གིས་ས་ཆ་དེ་སྲུང་སྐྱོབ་བྱེད་པའི་དམིགས་ཡུལ་དང་ཐབས་ཇུས་གཏན་འབེབས་བྱེད་ཀྱི་ཡོད།
- གཏན་འབེབས་བྱེད་པ། དེར་སྲོལ་རྒྱུན་གྱི་བདག་པོ་རྣམས་ཀྱིས་ས་ཆ་དེ་གདོད་རིགས་མི་དམངས་ཀྱི་སྲུང་སྐྱོབ་ས་ཁུལ་དུ་གཏན་འབེབས་བྱེད་མིན་ཐག་གཅོད་བྱེད་ཀྱི་ཡོད། ཁོང་ཚོས་ཨོ་སི་ཊེ་ལི་ཡའི་གཞུང་ལ་དོ་དམ་འཆར་གཞི་དེར་རྒྱབ་སྐྱོར་བྱེད་པར་འབོད་སྐུལ་བྱེད་པ་དང་། གཞུང་འབྲེལ་ཐོག་དེ་ཉིད་གདོད་རིགས་མི་དམངས་ཀྱི་སྲུང་སྐྱོབ་ས་ཁུལ་ལ་ངོས་འཛིན་བྱེད་རྒྱུར་སྐུལ་གྱི་ཡོད།
གདོད་རིགས་མི་དམངས་ཀྱི་སྲུང་སྐྱོབ་ས་ཁུལ་ཞིག་གཏན་འབེབས་བྱས་པ་དེས་ས་ཆའི་བདག་དབང་ངམ་། གོ་མིང་། ཡང་ན་ས་ཆའི་ཁྲིམས་མཐུན་གྱི་དབང་ཆ་གཞན་དག་ལ་འགྱུར་བ་གཏོང་གི་མེད།
- དོ་དམ་གྱི་ལས་དོན་ཁག་གི་ནང་དུ།
- རིག་གཞུང་རིན་ཐང་ལྡན་པ་དང་རྩ་ཆེ་བའི་ས་ཆ་རྣམས་སྲུང་སྐྱོབ་བྱེད་པ།
- སྲོལ་རྒྱུན་གྱི་མེ་རྒྱག་པའི་ལུགས་སྲོལ་སྤྱོད་པ།
- སྲུང་སྐྱོབ་བྱེད་པའི་སྲོག་ཆགས་རྣམས་ལ་ལྟ་ཞིབ་བྱེད་པ།
- གནས་ཡུལ་སླར་གསོ་བྱེད་པ།
- སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་བརྟག་དཔྱད་བྱེད་པ།
- མཚོ་ཁོངས་ཀྱི་གད་སྙིགས་ཕྱིར་འདོན་བྱེད་པ།
- རྩྭ་ངན་དང་གཅན་ཟན་སྣོད་གཙེར་ཅན་རྣམས་ཚོད་འཛིན་བྱེད་པ།
- ལྟ་སྐོར་བ་དང་ཡུལ་སྐོར་འགྲོ་ལུགས་ལ་དོ་དམ་བྱེད་པ།
- མི་རབས་གཞོན་པ་རྣམས་ལ་ཤེས་བྱ་བརྒྱུད་སྤྲོད་བྱེད་པ་བཅས་ཚུད་ཡོད།

ཨོ་སི་ཊེ་ལི་ཡའི་ཁོར་ཡུག་དང་རིག་གཞུང་ལ་གདོད་རིགས་མི་དམངས་ཀྱི་སྲུངས་སྐྱོབ་ས་ཁུལ་ཁག་གི་གལ་གནད།
ཨོ་སི་ཊེ་ལི་ཡའི་སྲུང་སྐྱོབ་ཚན་པ་ (ACF) ཡི་རྒྱལ་ཡོངས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་ཇེ་ས་ཨེབ་རཱ་ཧེམ་སི་ (Jess Abrahams) ཡིས་གསུངས་པ་ལྟར་ན། སྲུང་སྐྱོབ་ས་ཁུལ་རྒྱས་བཅད་བྱེད་པ་དེ་ནི་ཁོར་ཡུག་བདེ་ཐང་ཡོང་བར་ནུས་པ་ཆེ་ཤོས་ཀྱི་ཐབས་ལམ་དེ་ཡིན།
“ང་ཚོའི་རྒྱལ་ཡོངས་སྤྱི་གླིང་དང་སྲུང་སྐྱོབ་ས་ཁུལ་གཞན་དག་གིས་ཨོ་སི་ཊེ་ལི་ཡའི་ནང་གི་རང་བྱུང་ཁོར་ཡུག་གི་སྣ་མང་རང་བཞིན་མཚོན་བྱེད་རྣམས་སྲུང་སྐྱོབ་བྱེད་ཐབས་བྱེད་ཀྱི་ཡོད། ཨོ་སི་ཊེ་ལི་ཡའི་ནང་གི་རང་བྱུང་ཁོར་ཡུག་གི་རིགས་མི་འདྲ་བའི་བཅུད་ཀྱི་སེམས་ཅན་རྣམས་སྲུང་སྐྱོབ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། དེ་ལྟར་བྱས་ན་མི་རབས་རྗེས་མ་རྣམས་ཀྱིས་ཨོ་སི་ཊེ་ལི་ཡ་ག་འདྲ་ཡིན་པ་དང་ག་འདྲ་མཐོང་གི་ཡོད་པ་དེ་ཤེས་ཐུབ།”
ཨོ་སི་ཊེ་ལི་ཡའི་རྩི་ཤིང་དང་སྲོག་ཆགས་བརྒྱ་ཆ་ ༨༠ ལྷག་དང་། བྱ་བྱེའུ་བརྒྱ་ཆ་ ༤༥ ལྷག་ནི་འཛམ་གླིང་གཞན་དུ་མེད།
འོན་ཀྱང་། ཨོ་སི་ཊེ་ལི་ཡའི་སྐྱེ་དངོས་གི་སྣ་མང་རང་བཞིན་ལ་གནོན་ཤུགས་ཆེན་པོ་འཕྲད་བཞིན་ཡོད་པ་དང་། རྒྱལ་ཁབ་ཀྱི་ཐོ་གཞུང་ནང་ཡོད་པའི་སྲུང་སྐྱོབ་བྱེད་དགོས་པའི་སྲོག་ཆགས་ཀྱི་གྲངས་འབོར་མུ་མཐུད་ནས་འཕར་བཞིན་ཡོད།
སློབ་དཔོན་ཇེམ་སི་ཝ་སན་ (James Watson) ནི་ཁོར་ཡུག་སྲུང་སྐྱོབ་ཚན་རིག་པ་ཞིག་ཡིན་ཞིང་། ཁོང་གིས་གསུངས་པ་ལྟར་ན། སྲུང་སྐྱོབ་ས་ཁུལ་རྣམས་ནི་ཨོ་སི་ཊེ་ལི་ཡའི་སྲུང་སྐྱོབ་བྱེད་དགོས་པའི་སྲོག་ཆགས་དང་རྩ་སྟོང་སུ་འགྲོ་ཉེན་ཆེ་བའི་སྐྱེ་ཁམས་མ་ལག་རྣམས་སྲུང་སྐྱོབ་བྱེད་པར་གལ་ཆེན་པོ་ཡིན།
“དེ་ལྟར་ཡིན་པའི་རྒྱུ་མཚན་ནི། ས་ཁུལ་དེ་དག་ནི་འཛུགས་སྐྲུན་ལས་གཞིའི་ཕྱིར་རྒྱས་བཅད་བྱས་པའི་ས་ཆ་དང་མཚོ་ཁུལ་ལས་ལོགས་སུ་ཕྱེ་ཡོད་པས་ས་དང་རྩེ་ཤིང་རྩ་གཏོར་བྱེད་མཁན་གྱི་གློག་འཁོར་འགྲོ་བསྐྱོད་བྱེད་ཆོག་གི་མེད། དེ་བཞིན་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་གཏོང་བའི་ལས་ཀ་གཞན་དག་ཀྱང་སྲུང་སྐྱོབ་ས་ཁུལ་གྱི་ས་མཚམས་ནང་དུ་བྱེད་ཆོག་གི་མེད། དེར་བརྟེན་ས་ཁུལ་དེ་དག་ལ་བདེ་འཇགས་ཡོད།

གུས་ཞབས་དང་ལྡན་པའི་ངང་གདོད་རིགས་མི་དམངས་ཀྱི་སྲུང་སྐྱོབ་འོག་ཡོད་པའི་ས་ཁུལ་ཁག་ལ་ལྟ་སྐོར་དུ་སྐྱོད་ཚུལ་ཇི་ལྟར་ཡིན་ནམ།
སྐུ་ཞབས་ཨེབ་ར་ཧེམ་སི་མཆོག་གིས་གསུངས་པར། རང་བྱུང་ཁོར་ཡུག་ལ་བདག་སྐྱོང་བྱེད་པར་ཁྱེད་ཀྱིས་སྒྲུབ་ཐུབ་པའི་བྱ་བ་སླ་མོ་དུ་མ་ཡོད།
- རང་གི་གཅེས་ཉར་སྲོག་ཆགས་ཞི་མི་ལྟ་བུ་རྣམས་མཚན་མོར་ཁང་པའི་ནང་དུ་ཉར་དགོས། འགྱིག་ཤོག་རྣམས་མཚོ་ནང་མི་འགྲོ་བའི་ཕྱིར་བསྐྱར་སྤྱོད་ཡང་དག་བྱེད་དགོས།
- ཉེ་འཁོར་གྱི་སྐྱེད་ཚལ་ལམ་སྲུང་སྐྱོབ་ས་ཁུལ་དང་རྒྱལ་ཁབ་ཀྱི་སྐྱེད་ཚལ་ལ་བདག་སྐྱོང་བྱེད་མཁན་གྱི་ཚོགས་སྡེ་དང་མཉམ་དུ་དང་བླངས་ཀྱིས་ལས་ཀ་བྱེད་དགོས།
- ཁོར་ཡུག་དང་འབྲེལ་བའི་གནད་དོན་རྣམས་ཁྱེད་ཀྱི་ས་གནས་ཀྱི་གྲོས་ཚོགས་འཐུས་མི་ལ་སྙན་སེང་ཞུ་དགོས།
- སྲུང་སྐྱོབ་ས་ཁུལ་ལ་གོ་བ་ལོན་པ་བྱས་ན་ཁྱེད་ཀྱིས་དེ་ཚོར་ལོངས་སྤྱོད་བྱེད་ཐུབ་པ་མ་ཟད། ཨོ་སི་ཊེ་ལི་ཡ་དང་རང་བྱུང་ཁམས་དབར་གྱི་འབྲེལ་བ་ཁྱད་པར་ཅན་དེ་ཡང་ཤེས་རྟོགས་ཐུབ།
ཨན་ཊི་ཨེ་མི་ལགས་ཀྱིས་ “གལ་ཏེ་ང་ཚོས་སྲུང་སྐྱོབ་ས་ཁུལ་དེ་དག་ནི་མིའི་འཚོ་གནས་ཀྱི་མ་འོངས་པ་འགན་ལེན་བྱེད་མཁན་ཞིག་ཡིན་པར་བསམ་བློ་བཏང་ན། ང་ཚོ་ཚང་མར་རང་ཉིད་ཀྱི་སྒོ་རའི་ནང་ངམ་ཡང་ན་སྡོད་ཁང་གི་གཡབ་སྟེང་དུ་སྐྱེད་ཚལ་ཁང་ཆུང་ཆུང་ཞིག་བསྐྲུན་ཐུབ་པའི་ནུས་པ་ཡོད།” ཅེས་གསུངས།
“ང་ཚོས་མི་བཟང་པོ་ཙམ་ཞིག་བྱེད་དགོས་ཞིང་། སྲུང་སྐྱོབ་ས་ཁུལ་དག་གིས་ང་ཚོར་དེ་ལྟར་བྱེད་རྒྱུར་དྲན་གསོ་གཏོང་གི་ཡོད་ལ་གདོད་རིགས་མི་དམངས་ཀྱི་སྲུང་སྐྱོབ་ས་ཁུལ་ཁག་གིས་ལམ་སྟོན་དེ་ཁ་གསལ་དུ་གཏོང་གི་ཡོད།”
དེས་ན། ཕྱིས་སུ་ཁྱེད་རང་ཡུལ་སྐོར་ལ་སྐྱོད་སྐབས་སུ་ས་དེའི་སྲོལ་རྒྱུན་གྱི་བདག་པོ་སུ་ཡིན་པ་དང་། ས་གནས་ཀྱི་ལམ་སྟོན་ལ་རྗེས་སུ་འབྲང་དགོས་པ་མ་ཟད། ཁོང་ཚོའི་ཐག་གཅོད་ལ་བརྩི་བཀུར་བྱེད་དགོས།
འགྲུལ་བཞུད་འཆར་གཞི་འགོད་སྐབས་ཀྱི་ལམ་སྟོན།
ས་ཁུལ་དེ་སུས་དོ་དམ་བྱེད་ཀྱི་ཡོད་མེད་དང་། ལྟ་སྐོར་བ་ཚོར་འཛུལ་ཞུགས་ཆོག་མིན་བཅས་ཤེས་ཆེད་གཞུང་འབྲེལ་ས་ཁྲའམ་དྲ་ཚིགས་ལ་ཞིབ་བཤེར་བྱེད་དགོས། ཨོ་སི་ཊེ་ལི་ཡ་གཞུང་གིས་རྒྱལ་ཡོངས་གདོད་རིགས་མི་དམངས་ཀྱི་སྲུང་སྐྱོབ་ས་ཁུལ་དང་འབྲེལ་བའི་ས་ཁྲ་ཞིག་པར་སྐྲུན་བྱས་ཡོད་པས་དེའི་ཐོག་ནས་ངོས་འཛིན་ཐུབ།
ས་ཁུལ་དེའི་འབྲེལ་ཡོད་སྲུང་སྐྱོབ་ཚོགས་པ་དང་། གདོད་རིགས་མི་དམངས་ཀྱི་སྲུང་སྐྱོབ་ས་ཁུལ་་འབྲེལ་བའི་སྲུང་སྐྱོབ་ས་ཁུལ་དོ་དམ་བྱེད་མཁན། ས་གཞི་དོ་དམ་ལྷན་ཁང་ངམ་སྐྱེད་ཚལ་དོ་དམ་ལྷན་ཁང་བཅས་ལ་འབྲེལ་བ་བྱས་ནས་འཛུལ་ཞུགས་ཆོག་མིན་དང་། ཆོག་མཆན། འཛུལ་མི་ཆོག་པའི་ས་ཁུལ། རིག་གཞུང་གི་རིན་ཐང་ལྡན་པའི་ས་ཆ་བཅས་ལ་བཀའ་འདྲི་ཞུ་དགོས།
སྲུང་སྐྱོབ་ས་ཁུལ་ཁག་ཅིག་ལ་རྟགས་བརྒྱབ་ཡོད་སྲིད་ཀྱང་། དེ་དག་ཚང་མར་རྟགས་ཡོད་པའི་ངེས་པ་མེད། རྟགས་ཁོ་ནར་བརྟེན་རྒྱུ་མེད།
དྲན་གསོ་བྱེད་དགོས་པ་ཞིག་ལ། ཁྱེད་ཀྱིས་རྒྱུན་གཏན་བགྲོད་པའི་ལམ་བུ། མཚོ་ཁ། ལྗོངས་རྒྱུ་བྱེད་སའི་ནགས་ཚལ་བཅས་ཚང་མ་འཁོར་རྒྱུན་ཆེ་བ་ཞིག་གི་ཆ་ཤས་ཤིག་ཡིན་ཏེ། དེ་ནི་ཨོ་སི་ཊེ་ལི་ཡའི་རང་བྱུང་ཁམས་དང་འཚོ་བའི་རིག་གཞུང་གི་ཤུལ་བཞག་གི་ཆ་ཤས་ཤིག་ཡིན།
ཨོ་སི་ཊེ་ལི་ཡར་གནས་སྤོ་བྱས་རྗེས་རིན་ཐང་ལྡན་པའི་གནས་ཚུལ་དང་ལམ་སྟོན་མང་ཙམ་ཤེས་རྟོགས་བྱེད་པའི་ཆེད་དུ། ཨོ་སི་ཊེ་ལི་ཡ་འགྲེལ་བརྗོད་ཀྱི་ཆེད་སྒྲིག་སྒྲ་བརྙན་ལེ་ཚན་ཁག་ལ་ཉན་པའམ་རྗེས་འབྲང་བྱེད་རོགས།
ཁྱེད་ལ་དྲི་བ་དང་བརྗོད་གཞི་གང་ཞིག་གི་སྐོར་ལ་བསམ་འཆར་ཡོད་ན་ང་ཚོར་ australiaexplained@sbs.com.au ལ་གློག་འཕྲིན་གཏོང་རོགས།






