ཨོ་སི་ཊེ་ལི་ཡའི་ནང་གྲོང་བརྡལ་ཁག་གི་ནང་འཆམ་འཆམ་དུ་འགྲོ་སྐབས། ཁྱེད་ཀྱིས་མདུན་གྱི་ལྡུམ་རྭ་འམ་ཡང་ན་ལམ་འགྲམ་དུ་སྒ་སྨན་དང་། ལི། སི་པན་དང་སྔོ་ཚལ་སོགས་སྐྱེ་བཞིན་པ་མཐོང་སྲིད། འོན་ཀྱང་དེ་དག་བླངས་ན་ཁྲིམས་མཐུན་ཡིན་ནམ། དེ་རིང་གི་ལམ་སྟོན་འདིས་ཁྱེད་ལ་ཤིང་འབྲས་དེའི་རིགས་ལེན་ཆོག་པའི་སྐབས་དང་། ཆོག་མཆན་གྱི་གལ་ཆེན་རང་བཞིན། དེ་བཞིན་ཚོགས་སྡེའི་ལྡུམ་རྭ་བརྒྱུད་ནས་རང་ཉིད་ཀྱི་ཤིང་འབྲས་འདེབས་ལས་བྱེད་ཐབས་གཞན་ཞིག་ངོ་སྤྲོད་བྱ་རྒྱུ་ཡིན།
གཙོ་གནད།
- གཞན་གྱི་ལྡུམ་རྭ་ནས་ཆོག་མཆན་མེད་པར་ཤིང་འབྲས་ལེན་པ་ནི་བཙན་འཛུལ་དང་རྐུ་མ་ཡིན་པར་ངོས་འཛིན་བྱེད་སྲིད།
- གཞན་གྱི་ལྡུམ་རྭ་འམ་ལམ་འགྲམ་ནས་ཤིང་འབྲས་ལེན་པའི་སྔོན་ལ་དེ་དག་བླངས་ཆོག་པའི་བརྡ་གསལ་པོར་བཏོན་མེད་ན་ངེས་པར་དུ་བདག་པོའི་ཆོག་མཆན་ཞུ་དགོས།
- རང་ཉིད་ཀྱི་ས་གནས་སུ་ཚོགས་སྡེའི་ལྡུམ་རྭ་འདེབས་འཛུགས་ཀྱི་ལས་འགུལ་ལ་ཞུགས་ནས་ཤིང་འབྲས་འདེབས་ལས་དང་མཉམ་སྤྱོད་བྱེད་ཆོག
- གཞན་གྱི་ལྡུམ་རྭ་འམ་ལམ་འགྲམ་ནས་ཤིང་འབྲས་འཐུ་ཆོག་གམ།
- གལ་ཏེ་ངས་མི་གཞན་གྱི་ལྡུམ་རྭར་ཤིང་འབྲས་མཐོང་ཚེ་ལུགས་མཐུན་གྱི་བྱ་སྤྱོད་གང་འཁྱེར་དགོས།
- ངས་རང་ཉིད་ཀྱི་ས་ཁོངས་མིན་པའི་ལམ་འགྲམ་དུ་ཤིང་འབྲས་འདེབས་ལས་བྱེད་ཆོག་གམ།
- སྤྱི་པའི་ལྡུམ་ར་ཞེས་པ་གང་ཡིན་ནམ།
- སྤྱི་པའི་ལྡུམ་རྭའ་ཡི་ཕན་ཐོགས།
གཞན་གྱི་ལྡུམ་རྭ་འམ་ལམ་འགྲམ་ནས་ཤིང་འབྲས་འཐུ་ཆོག་གམ།
གལ་ཏེ་མི་ཞིག་གི་ལྡུམ་རའི་ནང་འབྲས་བུ་སྨིན་པའི་ཤིང་འབྲས་མཐོང་ཚེ། དེ་འཐོག་འདོད་པ་ནི་རང་འགུལ་གྱི་ཚོར་བ་ཞིག་ཡིན།
ཡིན་ནའང་། ཕི་རི་མེན་ཊལ་གྲོང་ཁྱེར་གྱི་སྤྱི་ཚོགས་བདེ་འཇགས་ཚན་པའི་འགོ་ཁྲིད་ཇེ་རེ་ཌི་ཌུ་གྷན་ལགས་ཀྱིས་འགྲེལ་བརྗོད་གནང་དོན། གཞན་གྱི་ལྡུམ་རྭ་ནས་ཤིང་འབྲས་ལེན་པའི་བྱ་སྤྱོད་དེ་ཁྲིམས་མཐུན་མིན།
"དོན་དངོས་སུ་གཞན་སུ་འདྲ་ཞིག་གི་ས་ཁོངས་སུ་ཆོག་མཆན་མེད་པར་འགྲོ་བ་ནི་ཁྲིམས་འགལ་ཡིན། དེར་བརྟེན། ཁྱེད་ཀྱིས་མི་གཞན་གྱི་ས་ཁོངས་སུ་འཛུལ་ནས་ཁོ་ཚོའི་ས་ཁོངས་ནས་དངོས་རྫས་གང་ཡང་ལེན་ཆོག་གི་མེད། དེ་ནི་རྐུ་འཁྱེར་གྱི་བྱ་སྤྱོད་ལ་ངོས་འཛིན་བྱེད་སྲིད།"
གསལ་པོར་བཤད་ན། ཤིང་འབྲས་ལེན་པའི་སྔོན་ལ་ངེས་པར་དུ་བདག་པོ་ལ་ཆོག་མཆན་ཞུ་དགོས།
གལ་ཏེ་ཁྱེད་ཀྱིས་མི་གཞན་གྱི་ལྡུམ་རྭར་སྨིན་པའི་ཤིང་ཏོག་མཐོང་ཚེ། དེ་ལེན་འདོད་སྐྱེ་སྲིད། གནས་སྟངས་འདི་མི་གཞན་གྱི་ཁང་པའི་མདུན་གྱི་ལམ་འགྲམ་དུ་སྐྱེ་བའི་ཤིང་འབྲས་ལ་ཡང་གཅིག་མཚུངས་གྱིས་ཁྱབ་གྱི་ཡོད།
སྐུ་ཞབས་ཌོ་གྷན་གྱིས་"ལམ་འགྲམ་གྱི་ཤིང་འབྲས་ཡིན་ཡང་ཁྲིམས་མཐུན་མིན་པ་གཅིག་མཚུངས་རེད། སྤྱིར་བཏང་དེ་དག་ས་གནས་གཞུང་གི་ས་ཁོངས་ཡིན་ནའང་། ལམ་འགྲམ་ནས་ཅི་ཞིག་བླངས་ཚེ་ས་ཁོངས་དེར་གནས་སྡོད་བྱེད་མཁན་ནམ་ཡང་ན་བདག་པོའི་ཆོག་མཆན་ཞུ་དགོས་ཀྱི་ཡོད་པ་ལས་ས་གནས་ལྷན་ཁང་ལ་བསྐྱོད་མི་དགོས།" ཞེས་གསུངས།

གལ་ཏེ་ངས་མི་གཞན་གྱི་ལྡུམ་རྭར་ཤིང་འབྲས་མཐོང་ཚེ་ལུགས་མཐུན་གྱི་བྱ་སྤྱོད་གང་འཁྱེར་དགོས།
གལ་ཏེ་ཁྱེད་ཀྱིས་མི་གཞན་གྱི་ལྡུམ་རྭ་འམ་ལམ་འགྲམ་ནས་ཤིང་འབྲས་ལེན་འདོད་ཡོད་ན། གོམ་པ་དང་པོ་ནི་སྟབས་བདེ་པོ་ཞིག་ཡིན། དེ་ནི་སྐད་ཆ་འདྲི་རྒྱུ་དེ་རེད།
དེར་སྒོ་བརྡུང་བ་འམ་ཡང་ན་ཁོ་ཚོར་ཡི་གེ་ཞིག་བཞག་ན་ཆོག གལ་ཏེ་ཁྱེད་ལ་ཆོག་མཆན་ཐོབ་ན། ཁོ་ཚོས་ཁྱེད་ལ་ག་ཚོད་ལེན་ཆོག་མིན་འདྲི་ན་བཟང་པོ་ཡོད། དེ་བཞིན་རྩི་ཤིང་ལ་གནོད་སྐྱོན་མ་ཕོག་པ་བྱེད་དགོས།" ཅེས་སྐུ་ཞབས་ཌག་གྷན་གྱིས་གསུངས།
གལ་ཏེ་ཁྱེད་རང་གི་ཆོག་མཆན་ཞུས་ན་མི་མང་པོ་ཞིག་གིས་རང་ཉིད་ཀྱི་ཤིང་འབྲས་ལྷག་མ་མཉམ་སྤྱོད་བྱེད་འདོད་ཡོད། ཁ་ཤས་ཀྱིས་ཐ་ན་ཤིང་ཏོག་གམ་སྔོ་ཚལ་ཕྱི་ལོགས་སུ་བཞག་ནས་མི་གཞན་ལ་ལེན་དུ་འཇུག་པའི་རྟགས་སུ་བྱང་བུ་ཞིག་འཇོག་གི་ཡོད།
ཁོང་གིས་མུ་མཐུད་ "དཔེ་མཚོན་ཞིག་ནི་ཁྱེད་ཀྱིས་ལམ་འགྲམ་དུ་ཤོག་སྒམ་ཆུང་ཆུང་ཞིག་མཐོང་སྲིད། སྒ་སྨན་གྱིས་ཁེངས་པའི་ཤོག་སྒམ་ཞིག་གི་སྟེང་དུ་ 'རིན་མེད་' ཅེས་བྲིས་ཡོད་སྲིད། གནས་སྟངས་འདི་འདྲའི་སྐབས་སུ་ཁྱེད་ལ་ཆོག་མཆན་མི་དགོས།"ཞེས་གསུངས།

དེ་ནི་པར་ཐ་ཡི་ནི་ཌི་ལན་ཌི་ས་གནས་སུ་བཞུགས་མཁན་ཨན་ཌི་རི་ཡ་ཤི་ཡ་བྷ་ཡིས་རྒྱུན་དུ་བྱེད་བཞིན་པ་དང་འདྲ།
"ང་ལ་རྒྱབ་ལོགས་ཀྱི་ལྡུམ་རྭར་སྒ་སྨན་གྱི་སྡོང་པོ་རྙིང་པ་ཞིག་ཡོད། བཀྲ་ཤིས་པ་ཞིག་ལ་ལོ་ལྟར་དེར་འབྲས་བུ་མང་པོ་སྐྱེ་གི་འདུག"
ངས་ག་ཚོད་ཐུབ་ཐུབ་ལེན་གྱི་ཡོད། དེ་དག་ཤོག་སྒམ་ཞིག་གི་ནང་དུ་བླུགས་ནས་ཡིག་སྒམ་གྱི་འགྲམ་དུ་བཞག་གི་ཡོད། དེ་ལྟར་མི་ཚོས་ལེན་ཐབས་བདེ་པོ་ཡོད།ཨན་ཌི་རི་ཡ་ཤི་ཡུ་བྷ།
ངས་རང་ཉིད་ཀྱི་ས་ཁོངས་མིན་པའི་ལམ་འགྲམ་དུ་ཤིང་འབྲས་འདེབས་ལས་བྱེད་ཆོག་གམ།
ལམ་འགྲམ་ནི་སྤྱིར་བཏང་དུ་མི་མང་ལ་དབང་བ་དང་། ས་གནས་ལྷན་ཚོགས་ཀྱིས་འཛིན་སྐྱོང་བྱེད་ཀྱི་ཡོད། འོན་ཀྱང་། རྒྱུན་ལྡན་རྩྭ་འབྲེག་པ་ལྟ་བུའི་ལྟ་རྟོག་གི་འགན་འཁུར་དེ་དེར་སྡོད་མཁན་ཁྱིམ་ཚང་ངམ་ཁང་བདག་ལ་ཡོད།
ཁྱེད་ཀྱིས་རང་ཉིད་ཀྱི་ལམ་འགྲམ་དུ་ཤིང་ཏོག་དང་། སྔོ་ཚལ། སྔོ་སྨན་སོགས་འདེབས་ལས་བྱེད་ཆོག་མིན་ནི་རང་ཉིད་ཀྱི་ས་གནས་ཀྱི་ལྷན་ཚོགས་ཀྱི་སྒྲིག་གཞི་ལ་རག་ལས་ཡོད།
"དོན་དངོས་སུ་འདིའི་ཐད་ས་གནས་ལྷན་ཚོགས་མི་འདྲ་བར་སྒྲིག་ཁྲིམས་ཐ་དད་ཡོད། ཁ་ཤས་ཀྱིས་ཆོག་མཆན་སྤྲོད་སྲིད་པ་དང་། ཁ་ཤས་ཀྱིས་གཏན་འགོག་བྱེད་སྲིད།" ཅེས་སྐུ་ཞབས་ཌག་གྷན་གྱིས་འགྲེལ་བརྗོད་གནང་།
སྤྱི་པའི་ལྡུམ་ར་ཞེས་པ་གང་ཡིན་ནམ།
ཁྱེད་རང་གི་ཁང་ཁྱིམ་དུ་ཤིང་འབྲས་འདེབས་འཛུགས་བྱེད་པའི་ས་ཆ་མེད་ན་སྤྱི་པའི་ལྡུམ་ར་ནི་ཐབས་ཤེས་གཞན་ཞིག་ཡིན།
སི་ཌི་ནི་གྲོང་ཁྱེར་གྱི་ཉེ་འཁོར་གྱི་ཧར་སི་ཊི་ཝིལ་སྤྱི་པའི་ལྡུམ་རའི་ནང་སྒེར་གྱི་འདེབས་འཛུགས་ཆོག་པའི་ཞིང་ཆུང་ ༣༠ ལྷག་ཡོད་ཅེས་ལས་དོན་དེའི་ནང་མཛུལ་ཞུགས་པ་སོ་ཕི་ཡ་ཀར་ཝ་ཇལ་གྱིས་འགྲེལ་བརྗོད་བྱས་ཡོད།
"དེ་ནི་སློབ་སྦྱོང་བྱེད་པའི་ཐབས་ལམ་ལེགས་པོ་ཞིག་རེད། ལྷག་པར་དུ་ཁྱེད་རང་ས་ཞིང་འདེབས་ལས་ལ་ཐོག་མར་ཞུགས་མཁན་ཞིག་ཡིན་ན། ལོ་མང་རིང་འདི་ལྟར་བྱེད་མཁན་ཚོ་ལས་སློབ་སྦྱོང་བྱེད་རྒྱུ་ཡོད། ཤིང་འབྲས་དང་སྔོ་ཚལ་འདེབས་སྟངས་སྐོར་མང་པོ་ཤེས་ཀྱི་ཡོད་ལ་རུ་ཁག་ནང་ཁུལ་མཉམ་ལས་བྱེད་རྒྱུ་ཡང་སློབ་ཀྱི་ཡོད། དེ་ནི་ཧ་ཅང་གལ་ཆེན་པོ་རེད།"

སྤྱི་པའི་ལྡུམ་རའི་ནང་མཉམ་ཞུགས་བྱེད་མཁན་ཚོས་ས་རྒྱུ་དང་ལུད་འདོར་བ། འདེབས་རྒྱུའི་རྩི་ཤིང་། དེ་དག་ལ་ལྟ་སྐྱོང་བྱེད་སྟངས་སོགས་སློབ་སྦྱོང་བྱེད་ཀྱི་ཡོད།
"སྤྱི་པའི་ལྡུམ་ར་ཚང་མ་ལས་ཀ་བྱེད་སྟངས་མི་འདྲ་བ་ཡོད་པ་རེད། འོན་ཀྱང་། ངས་བལྟས་ན་སྤྱི་པའི་ལྡུམ་ར་ཚང་མར་ཐུན་མོང་གི་ཁྱད་ཆོས་གཙོ་བོ་ཞིག་ཡོད་པ་ནི་ཐོག་མར་སློབ་སྦྱོང་བྱེད་པའི་དུས་ཚོད་ཅིག་ཡོད་པ་དང་། དེ་རྗེས་ཁྱེད་ཀྱིས་རྩི་ཤིང་ཞིག་བཏབ་ནས་མཐར་དེའི་འབྲས་བུ་ཁྱིམ་དུ་འཁྱེར་ཐུབ་པ་དེ་རེད།" ཞེས་སྐུ་ཞབས་ཀར་ཝ་ཇལ་གྱིས་གསུངས་ཡོད།
སྤྱི་པའི་ལྡུམ་ར་ཡི་ཕན་ཐོགས།
སྤྱི་པའི་ལྡུམ་ར་འདེབས་འཛུགས་ནི་རྒྱབ་ལྗོངས་མི་འདྲ་བའི་མི་ཚང་མས་ཞུགས་ཆོག་པའི་བྱེད་སྒོ་ཞིག་ཡིན། འོན་ཀྱང་། འཛུལ་ཞུགས་དང་སྒུག་ཐོ་ནི་མི་འདྲ་བ་ཡོད། མང་ཆེ་བས་འགོ་འཛུགས་བྱེད་པར་མཁོ་བའི་ཡོ་བྱད་མཁོ་སྤྲོད་བྱེད་ཀྱི་ཡོད།
སྤྱི་པའི་ལྡུམ་རྭ་ནི་ཁྲོམ་ཁང་དག་ནས་ཉོ་རྒྱུ་མེད་པའི་རང་ཉིད་ཀྱི་ཕ་ཡུལ་གྱི་སྐྱེ་དངོས་འདེབས་འཛུགས་བྱེད་པའི་ལམ་བཟང་པོ་ཞིག་རེད།སོ་ཕི་ཡ་ཀར་ཝ་ཇལ།
སྤྱི་པའི་ལྡུམ་རྭ་ནི་ཁྲོམ་ཁང་དག་ནས་ཉོ་རྒྱུ་མེད་པའི་རང་ཉིད་ཀྱི་ཕ་ཡུལ་གྱི་སྐྱེ་དངོས་འདེབས་འཛུགས་བྱེད་པའི་ལམ་བཟང་པོ་ཞིག་རེད།
ཐོན་སྐྱེད་འདེབས་པའི་གོ་སྐབས་མ་ཟད། སྤྱི་པའི་ལྡུམ་ར་མང་པོ་ཞིག་གིས་ལོ་ཚད་མི་འདྲ་བའི་མི་ཚོའི་ཆེད་དུ་བྱེད་སྒོ་སྣ་ཚོགས་སྤེལ་གྱི་ཡོད།
ཀར་ཝ་ཇལ་ལགས་ཀྱིས་ "གལ་ཏེ་ཁྱེད་ལ་ཕྲུ་གུ་ཡོད་ན། ཁྱེད་རང་ལྡུམ་རའི་ནང་དཔེ་དེབ་ཀློག་པའི་བྱེད་སྒོའི་ནང་མཉམ་ཞུགས་བྱེད་ཆོག ང་ཚོར་ལོ་ཚད་ཚང་མའི་ཆེད་དུ་བྱེད་སྒོ་མང་པོ་ཡོད། ང་ཚོར་ཀླད་རྩ་མ་འདྲ་བའི་ཆེད་དུ་སྤྱི་པའི་ས་ཞིང་ཆུང་ཁག་ཡོད་པ་དེ་དག་ནང་ལས་ཀ་བྱེད་རྒྱུ་དེས་ཞི་བདེ་དང་ལྷོད་བབ་ཀྱི་ཚོར་བ་སྤྲོད་ཀྱི་ཡོད། དེ་བཞིན་སྙིགས་རོ་མེད་པར་བཟོ་བ་དང་། ལུད་འདོར་བ། འཚོ་གནས་ཐུབ་པའི་ཞིང་ལས་སྐོར་གྱི་བྱེད་སྒོ་ཡང་དུ་མ་ཡོད། འདི་ནི་སྤྱི་པའི་ལྡུམ་རའི་གལ་ཆེན་རང་བཞིན་རེད། དེ་ལྟར་ཚོགས་སྡེ་ཞེས་པའི་ནུས་པ་བསྐྲུན་རྒྱུར་ཕྱོགས་ཡོངས་ནས་རོགས་རམ་བྱེད་ཀྱི་ཡོད།" ཅེས་གསུངས།
དེས་ན། གལ་ཏེ་ཁྱེད་ཀྱིས་གསར་དུ་ཐོན་པའི་ཤིང་འབྲས་མཉམ་སྤྱོད་བྱེད་འདོད་དམ་ཡང་ན་རང་ཉིད་ཀྱི་ལྡུམ་ར་འདེབས་འདོད་ན། སྤྱི་པའི་ལྡུམ་རས་ཁྱེད་རང་མཉམ་ཞུགས་བྱེད་པའི་ཐབས་ལམ་ལག་ལེན་བསྟར་ཐུབ་པ་ཞིག་མཁོ་སྤྲོད་བྱེད་ཀྱི་ཡོད། གལ་ཏེ་ཁྱེད་ཀྱིས་གཞན་གྱི་ལྡུམ་རའམ་ཡང་ན་གཞུང་ལམ་གྱི་མདུན་དུ་སྔོ་ཚལ་སྐྱེ་བཞིན་པ་མཐོང་ན། ཆོག་མཆན་མ་ཐོབ་གོང་དེའི་ནང་ནས་གང་ཡང་འཁྱེར་མི་རུང་བ་དྲན་དགོས།
ཨོ་སི་ཊེ་ལི་ཡར་གནས་སྤོ་བྱས་རྗེས་རིན་ཐང་ལྡན་པའི་གནས་ཚུལ་དང་ལམ་སྟོན་མང་ཙམ་ཤེས་རྟོགས་བྱེད་པའི་ཆེད་དུ། ཨོ་སི་ཊེ་ལི་ཡ་འགྲེལ་བརྗོད་ཀྱི་ཆེད་སྒྲིག་སྒྲ་བརྙན་ལེ་ཚན་ཁག་ལ་ཉན་པའམ་རྗེས་འབྲང་བྱེད་རོགས།
ཁྱེད་ལ་དྲི་བ་དང་བརྗོད་གཞི་གང་ཞིག་གི་སྐོར་ལ་བསམ་འཆར་ཡོད་ན་ང་ཚོར་ australiaexplained@sbs.com.au ལ་གློག་འཕྲིན་གཏོང་རོགས།






