གཙོ་གནད།
- ཨོ་སི་ཊེ་ལི་ཡའི་ནང་ཡིག་སྒྱུར་དང་སྐད་སྒྱུར་གྱི་ཆེད་ལས་པའི་ལམ་བུ་ནི་ཧ་ཅང་གོ་རིམ་ལྡན་པ་ཞིག་རེད།
- འདོད་བློ་ཡོད་པ་ཀུན་གྱིས་ཡིག་སྒྱུར་དང་སྐད་སྒྱུར་གྱི་ལས་རིགས་ནང་ཞུགས་ཆེད་ཡིག་སྒྱུར་དང་སྐད་སྒྱུར་གྱི་རྒྱལ་ཡོངས་ན་ཊི་ཚོགས་པའི་ (NAATI)ཡིག་རྒྱུགས་གཏོང་དགོས།
- ཡིག་སྒྱུར་དང་སྐད་སྒྱུར་གཉིས་ཀའི་ཡིག་རྒྱུགས་ཐ་དད་སྤྲོད་དགོས་ཀྱི་ཡོད།
- ན་ཊི་ལྟར་ན་ཁྱེ་རང་གི་ཨིན་སྐད་ཤེས་ཚད་( IELTS 6) དགོས་ཀྱི་ཡོད།
- ཡིག་སྒྱུར་དང་སྐད་སྒྱུར་གཉིས་པོ་གཅིག་པ་མ་རེད་དམ།
- ཡིག་སྒྱུར་དང་སྐད་སྒྱུར་ཐོག་ཆེད་ལས་བྱེད་པར་འགོ་གང་ནས་འཛུགས་དགོས་སམ།
- ཡིག་སྒྱུར་དང་སྐད་སྒྱུར་གྱི་ཕྱིར་དགོས་པའི་སྐད་ཡིག་གི་ཆུ་ཚད།
- ཡིག་སྒྱུར་དང་སྐད་སྒྱུར་དང་འབྲེལ་བའི་བསླབ་གཞི་གང་དག་ཡོད་དམ།
- ན་ཊི་ཡིག་རྒྱུགས་དེ་གང་འདྲ་ཡོད་དམ།
- ཤེས་ཚད་ལག་འཁྱེར་བསྐྱར་གསོ་བྱེད་དགོས་དོན་ཅི་ཡིན།
ཨོ་སི་ཊེ་ལི་ཡའི་སྐད་ཡིག་གསར་པ་དང་འབྱུང་བཞིན་པའི་སྐད་ཡིག་རྣམས་ལ་ཡིག་སྒྱུར་དང་སྐད་སྒྱུར་བ་མི་འདང་བའི་དཀའ་ངལ་འཕྲད་བཞིན་ཡོད་ལ། ལྷག་པར་དུ་འཕྲོད་བསྟེན་ལས་རིགས་ཐོག་ཤེས་རྩལ་ལྡན་པའི་སྐད་སྒྱུར་བ་དགོས་མཁོ་ཆེན་པོ་ཡོད། དེའི་ནང་དུ་ཨོ་སི་ཊེ་ལི་ཡའི་ལག་བརྡའི་སྐད་ཡིག་ (AUSLAN) དང་ཨོ་སི་ཊེ་ལི་ཡའི་གདོད་རིགས་མང་ཚོགས་ཀྱི་སྐད་ཡིག་བཅས་ཚུད་ཡོད།
གལ་ཏེ་ཁྱེད་རང་ཨིན་སྐད་དམ་དགོས་མཁོ་ཆེ་བའི་སྐད་ཡིག་གཞན་ཞིག་ལ་བྱང་ཆ་ལྡན་པ་ཡོད་ན། ཁྱེད་ཀྱིས་ཡིག་སྒྱུར་བ་དང་སྐད་སྒྱུར་གྱི་ཆ་རྐྱེན་རྣམས་བསྒྲུབ་རྒྱུར་བསམ་བློ་བཏང་ཡོད་སྲིད། འོན་ཀྱང་ལས་ཀ་མ་འཚལ་གོང་དུ་ངེས་པར་དུ་བསྒྲུབ་དགོས་པའི་སྒྲིག་ཞུགས་ཀྱི་གོམ་རིམ་ཁ་ཤས་ཡོད།
ཡིག་སྒྱུར་དང་སྐད་སྒྱུར་གཉིས་པོ་གཅིག་པ་མ་རེད་དམ།
ཡིག་སྒྱུར་བ་དང་སྐད་སྒྱུར་བ་ནི་ལས་རིགས་ཐ་དད་ཡིན། སྐད་སྒྱུར་བས་དུས་ཐོག་ཏུ་ངག་ཐོག་གི་སྐད་སྒྱུར་བཞིན་ཡོད་པ་དང་། ཡིག་སྒྱུར་བས་ཡིག་ཐོག་གི་ནང་དོན་ལ་དོ་སྣང་སྤྲོད་ཀྱི་ཡོད།
"ལས་རིགས་གཉིས་པོ་དེ་ཕྱི་ཚུལ་ནས་གཅིག་མཚུངས་སུ་སྣང་སྲིད།" ཅེས་སྐད་སྒྱུར་དང་ཡིག་སྒྱུར་སློབ་ཁྲིད་དགེ་རྒན་ཊི་ཡིས་གསུངས།
རྒྱུས་མངའ་མེད་པ་ཚོས་རྒྱུན་དུ་ཁྱེད་ཀྱིས་ཚིག་གཅིག་ནས་གཅིག་ལ་སྒྱུར་བཞིན་ཡོད་པས་ནོར་དགོས་དོན་མེད་བསམ་གྱི་ཡོད། འོན་ཀྱང་དེ་གཉིས་ནི་ཡོངས་སུ་མི་འདྲ་བའི་ཤེས་རྩལ་ཆ་གཉིས་ཡིན་པས་ཐབས་ཇུས་མི་འདྲ་བ་དགོས་ཀྱི་ཡོད།སྐད་སྒྱུར་དང་ཡིག་སྒྱུར་སློབ་ཁྲིད་དགེ་རྒན་ཊི་ཡིས།
ཁོང་གིས་ཡིག་སྒྱུར་ལ་བརྗོད་གཞི་ཞིག་གི་སྐོར་ལ་བསམ་གཞིག་བྱེད་དགོས་པ་དང་། ལུང་པ་འདྲ་མིན་གྱི་མི་རྣམས་ལ་ཡིག་ཆ་དེའི་དོན་གོ་ཚུལ་གཅིག་ཡོང་བའི་ཆེད་དུ་ནང་དོན་རྣམས་མཚོན་ཐབས་བཟང་ཤོས་ཀྱི་བརྡ་དང་ཐ་སྙད་སྤྱོད་དགོས་ཀྱི་ཡོད། དེ་ལས་ལྡོག་སྟེ་སྐད་སྒྱུར་ལ་སྐབས་འཕྲལ་ཛ་དྲག་གི་རང་བཞིན་ཞིག་ཡོད། "ཁྱེད་རང་གིས་དུས་སྐབས་དེ་ཉིད་དུ་གང་མྱུར་རང་ཉིད་ཀྱི་ཞིབ་འཇུག་དང་གྲ་སྒྲིག་ཇི་ཙམ་རྒྱས་པ་བྱས་ཡོད་མེད་ལ་བརྟེན་དགོས།"

ཡིག་སྒྱུར་དང་སྐད་སྒྱུར་ཐོག་ཆེད་ལས་བྱེད་པར་འགོ་གང་ནས་འཛུགས་དགོས་སམ།
འདིར་ཁྱེད་ལ་ཊེ་ཧྤི་ལག་ཁྱེར་ནས་འགོ་བཙུགས་ཏེ་མཐོ་རིམ་གཙུག་ལག་རབ་འབྱམས་པའི་བར་གྱི་བདམ་ཀ་ཡོད།
དམིགས་ཡུལ་ནི་རང་གི་ནུས་པ་གོང་འཕེལ་བཏང་སྟེ་ན་ཊི་ཡིག་རྒྱུགས་ཆེད་དུ་གྲ་སྒྲིག་བྱེད་རྒྱུ་དེ་ཡིན། དེ་ནི་སྐད་སྒྱུར་དང་ཡིག་སྒྱུར་བའི་རྒྱལ་ཡོངས་ངོས་འཛིན་ལྷན་ཁང་གི་ཡིག་རྒྱུགས་ཡིན་ལ། དེས་མིང་དོན་བཞིན། སྐད་སྒྱུར་དང་ཡིག་སྒྱུར་བའི་ཆེད་ལས་ཀྱི་ཚད་གཞི་དོ་དམ་དང་རྒྱུན་འཁྱོངས་བྱེད་ཀྱི་ཡོད།
དགེ་རྒན་ཊི་ཡིས་འགྲེལ་བརྗོད་བྱས་པ་ལྟར་ན། ན་ཊི་ཡི་ངོས་འཛིན་ཐོབ་རྗེས་གཞི་ནས་ལས་ཁུངས་མང་པོ་ཞིག་ལ་སྙན་ཞུ་ཕུལ་ནས་ལས་ཀ་འཐོབ་ཐབས་བྱེད་དགོས།
“དེར་བརྟེན། བརྒྱུད་རིམ་རིང་པོ་འདིའི་གྲ་སྒྲིག་ལ་དུས་ཡུན་ཟླ་བ་དྲུག་ནས་ལོ་གཉིས་དང་ཕྱེད་ཀའི་བར་འགོར་སྲིད།”
ཡིག་སྒྱུར་དང་སྐད་སྒྱུར་གྱི་ཕྱིར་དགོས་པའི་སྐད་ཡིག་གི་ཆུ་ཚད།
དངོས་སུ་ཡིག་སྒྱུར་དང་སྐད་སྒྱུར་སློབ་གཉེར་ནང་ཞུགས་པར་ཨིན་ཇི་དང་སྐད་ཡིག་གཞན་ཞིག་གི་ཆུ་ཚད་ངེས་ཅན་ཞིག་སྟོན་དགོས།
དེ་བཞིན་དུ་ན་ཊི་ནས་ཁྱེད་ལ་ཤེས་ཚད་ལག་འཁྱེར་སྤྲོད་པར་སྐད་ཡིག་གི་ཆུ་ཚད་ར་སྤྲོད་ཀྱི་དཔང་རྟགས་དགོས་ཀྱི་ཡོད།
མཱ་རི་ནཱ་མོ་གྷན་ནི་ཊེ་ཧྤོ་ས་ (TAFE SA) ཡི་དགེ་རྒན་འགྲེས་པ་ཞིག་ཡིན་ཞིང་། ཁོང་ཚོས་ན་ཊི་ཡིས་ངོས་འཛིན་བྱས་པའི་སྦྱོང་བརྡར་སྤྲོད་ཀྱི་ཡོད། ཁོང་གིས་ན་ཊི་ཡིས་ཨིན་ཇིའི་ཆུ་ཚད་ (IELTS 6) དགོས་ཀྱི་ཡོད་པ་དང་།
“མི་ཚོས་དེང་སྐབས་གསར་འགྱུར་ཐོག་གླེང་མོལ་བྱེད་ཐུབ་པ་དང་། ཉུང་མཐར་ཡང་བརྗོད་གཞི་གང་རུང་ཞིག་གི་ཐོག་སྤྱིར་བཏང་མི་མང་གིས་ཤེས་པའི་ཐ་སྙད་དང་ཆེད་ལས་ཀྱི་མིང་ཚིག་ཤེས་དགོས།”

ཡིག་སྒྱུར་དང་སྐད་སྒྱུར་དང་འབྲེལ་བའི་བསླབ་གཞི་གང་དག་ཡོད་དམ།
Tན་ཊི་གཞིར་གཟུང་ཁྱེད་ཀྱི་དམིགས་ཡུལ་དང་མཐུན་པའི་སློབ་ཚན་མང་པོ་ཡོད་པ་དང་། དེ་དག་གི་ནང་དུ་མཐོ་སློབ་དང་ཊེ་ཧྥ་ཡི་གནས་ཚད་ཅན་གྱི་ལག་འཁྱེར་ཡོད།
མོར་གྷན་ལགས་ཀྱིས་གསུངས་པ་ལྟར་ན། ཆ་རྐྱེན་དམའ་ཤོས་ནི་སྐད་སྒྱུར་དང་ཡིག་སྒྱུར་ངོ་སྤྲོད་ཟེར་བའི་བདུན་ཕྲག་བཅུ་གཉིས་ཅན་གྱི་བསླབ་གཞི་ཞིག་ཡོད་པ་དེའི་དམིགས་ཡུལ་ནི་ན་ཊི་ཡིག་རྒྱུགས་ལ་གྲ་སྒྲིག་བྱེད་རྒྱུ་དེ་ཡིན།
ཨོ་སི་ཊེ་ལི་ཡའི་མཐོ་སློབ་མང་པོ་ཞིག་ལ་སློབ་གཞི་དེ་དག་ཡོད། དེའི་ནང་དུ་སྐད་སྒྱུར་དང་ཡིག་སྒྱུར་ཆེད་ལས་ཀྱི་བཟང་སྤྱོད་དང་། ལག་རྩལ་དང་ཞིབ་འཇུག་བཅས་ངོ་སྤྲོད་བྱེད་ཀྱི་ཡོད།
“དེ་ཡང་སློབ་གཞི་དེ་སྐད་ཡིག་གི་ཆུ་ཚད་མཐོ་པོ་ཡོད་པ་དང་། སྐད་སྒྱུར་དང་གོ་བརྡ་སྤྲོད་རྒྱུའི་རྩལ་ལ་བྱང་པ་ཡོད་པ། དོན་དངོས་སུ་ན་ཊི་ཡིག་རྒྱུགས་ལ་གྲ་སྒྲིག་ཡོད་པའི་མི་རྣམས་ལ་དམིགས་པ་ཞིག་རེད། ཡང་མི་ལ་ལས་བསླབ་གཞི་དེ་ལ་སྦྱོང་བརྡར་གྱིས་སྐད་སྒྱུར་དང་ཡིག་སྒྱུར་གྱི་ལས་རིགས་འདི་རང་ཉིད་ལ་འཚམ་མིན་བལྟ་ཆེད་དུ་བྱེད་ཀྱི་ཡོད།”
རྒྱས་པ་ཞིག་ཤེས་འདོད་ཡོད་ན་ལོ་གཅིག་གི་སྐད་སྒྱུར་ལག་འཁྱེར་གྱི་བདམ་ཁ་ཞིག་ཡོད། འདི་འདྲའི་ལག་འཁྱེར་སྤྲོད་མཁན་གྱི་སློབ་གཉེར་ཁང་དང་སློབ་གྲྭ་ཁ་ཤས་ཡོད་ལ། དེའི་ནང་དུ་ཊེ་ཧྥ་ས་ནས་དྲྭ་ཐོག་སློབ་སྦྱོང་ཀྱང་བྱེད་ཐུབ།
གལ་ཆེ་བ་ཞིག་ལ་ཤེས་ཚད་ཀྱི་སྦྱོང་བརྡར་སློབ་གཞི་འདི་སྐད་ཡིག་བྱེ་བྲག་པ་ཞིག་ལ་འབྲེལ་བ་མེད། ཁྱེད་རང་གིས་སྐད་ཡིག་གཞན་པའི་སྐད་རྒྱག་མཁན་མི་ཚོ་དང་མཉམ་དུ་འཛིན་གྲྭར་འགྲོ་དགོས་པ་དང་། སློབ་ཁྲིད་དང་རྒྱུགས་ལེན་རྣམས་ཨིན་སྐད་ནང་བྱེད་ཀྱི་ཡོད།
འོན་ཀྱང་ལོ་གཅིག་གི་སྐད་སྒྱུར་ལག་འཁྱེར་འདི་སྐད་ཡིག་བྱེ་བྲག་པ་ཞིག་ལ་འབྲེལ་བ་ཡོད་པས། སློབ་ཕྲུག་རྣམས་རང་གི་སྐད་ཡིག་ནང་ན་ཊི་གྱི་ལག་འཁྱེར་ཡོད་པའི་སྐད་སྒྱུར་བ་ཞིག་གིས་སློབ་ཁྲིད་བྱེད་ཀྱི་ཡོད།
ལག་འཁྱེར་ཞིག་ཡོད་པས་ན་ཊི་ནས་ཁྱེད་རང་ལ་ཁོ་ཚོའི་བཟང་སྤྱོད་དང་རིག་གཞུང་མི་འདྲ་བའི་འཇོན་ཐང་གི་ཚད་གཞི་ཚང་ཡོད་པ་ངེས་བརྟན་བྱེད་ཀྱི་ཡོད། ཁྱེད་རང་ལ་ལས་ཀའི་ནང་དུ་བཟང་སྤྱོད་ཀྱི་དཀའ་ངལ་འཕྲད་སྐབས་འདི་འདྲའི་ནུས་པ་དགོས་ཀྱི་རེད།
ན་ཊི་ཡིག་རྒྱུགས་དེ་གང་འདྲ་ཡོད་དམ།
ཁྱེད་རང་གི་ཤེས་ཚད་ལག་འཁྱེར་སོགས་ཇི་ཙམ་ཡོད་མེད་ལ་མ་ལྟོས་པར་ན་ཊི་ཡིག་རྒྱུགས་གཏོང་དགོས་ཀྱི་ཡོད། ན་ཊི་ཡིས་སྐད་རིགས་ ༧༠ ཙམ་ལ་ཡིག་རྒྱུགས་གཏོང་གི་ཡོད།
པའུ་ལ་ཨ་པ་རི་སི་ཡོ་ཡིས་བརྗོད།
ཁོ་མོ་ནི་ན་ཊི་ཚད་འཛིན་ཡིག་རྒྱུགས་རུ་ཁག་གི་འགོ་ཁྲིད་དང་ཆེད་ལས་པ་ཞིག་ཡིན། “ཡིག་རྒྱུགས་མེད་པའི་སྐད་རིགས་ཞིག་ལ་ལག་བསྟར་ཆོག་པའི་ངོས་འཛིན་ཤེས་ཚད་ལག་འཁྱེར་ཞིག་སྤྲོད་ཀྱི་ཡོད། དེ་ལ་ཡིག་རྒྱུགས་དངོས་སུ་གཏོང་དགོས་མེད་ཀྱང་སྐད་སྒྱུར་གྱི་ཉམས་མྱོང་དང་སྦྱོང་བརྡར་ཡོད་པ་མ་ཟད། སྔོན་འགྲོའི་ཆ་རྐྱེན་འགའ་ཞིག་ཡོད་པའི་བདེན་དཔང་བྱེད་ཀྱི་ཡོད། འགོ་འཛུགས་དུས་ཁྱེད་རང་གནས་སྐབས་ལགས་འཁྱེར་ཡོད་པའི་སྐད་སྒྱུར་བ་ཞིག་ཆགས་པ་དང་། རིམ་བཞིན་གནས་ཚད་འཕར་ནས་མཐོ་རིམ་ཆེད་ལས་སྐད་སྒྱུར་བར་གྱུར་ནས་ཚོགས་ཆེན་དང་། འཕྲོད་བསྟེན། ཁྲིམས་ལུགས་ལྟ་བུའི་ཁྱབ་ཁོངས་སུ་ལས་ཀ་བྱེད་ཆོག་གི་ཡོད།

ཁྱེད་ཀྱིས་འཕྲོད་བསྟེན་སྡེ་ཁག་ནང་ལས་ཀ་བྱེད་པའི་ཤེས་ཚད་ལོན་ཐུབ།པར་ཁུངས། གྷི་ཊི་པར་རིས།
ཨ་པ་རི་སི་ཡོ་ལགས་ཀྱིས། ཡིག་རྒྱུགས་དེའི་སྒྲོམ་གཞི་ནི་ཁྱེད་རང་དངོས་སུ་སྐད་སྒྱུར་གྱི་ལས་ཀ་བྱེད་བཞིན་པའི་སྣང་ཚུལ་ལྟར་བསྒྲིགས་ཡོད།
“ཡིག་རྒྱུགས་སྐབས་སྐད་སྒྱུར་པ་ཚོར་མི་གཉིས་བར་གླེང་མོལ་ཞིག་གི་དུས་ཐོག་ཏུ་སྐད་སྒྱུར་བྱེད་དགོས་པ་དང་། ཡང་ན་ཡིག་ཆ་ཞིག་ལ་བལྟས་ནས་སྐད་ཡིག་གཞན་དུ་བསྒྱུར་དགོས་པ་དེ་རེད། དེ་ནི་མགྱོགས་མྱུར་ངང་བལྟས་ནས་ཡིག་ཆ་དེའི་ནང་དོན་སྐད་ཡིག་གཞན་དུ་བཤད་ཐུབ་པ་ཞིག་དགོས། ཡིག་སྒྱུར་བ་ཚོར་ཡང་དེ་དང་འདྲ་བར་དངོས་ཡོད་གནས་སྟངས་དང་མཚུངས་པ་བཟོས་ཡོད་པས་ཁྱེད་ཀྱིས་རང་ཉིད་སྐད་སྒྱུར་བྱེད་དུས་མཐོང་ངེས་པའི་ཡིག་ཆ་ཞིག་བསྒྱུར་དགོས།”
ཡིག་རྒྱུགས་དེའི་ཚད་གཞི་མཐོན་པོ་ཡིན་པས་དེ་ལོན་ན་རྒྱལ་ཡོངས་ཀྱི་ངོས་འཛིན་ཡོད་པའི་ཆེད་ལས་ཀྱི་ཚད་གཞི་ཞིག་ལ་སླེབས་པ་མཚོན་གྱི་ཡོད།
དེ་ཡང་སྐད་སྒྱུར་དང་ཡིག་སྒྱུར་གཉིས་ཐབས་རྩལ་ཐ་དད་ཡིན་པས། ཡིག་རྒྱུགས་མི་འདྲ་བ་གཉིས་གཏོང་དགོས།
ཡིག་སྒྱུར་གྱི་ཡིག་རྒྱུགས་དེ་ཡང་ཁ་ཕྱོགས་ངེས་ཅན་ཞིག་ལ་དམིགས་ཡོད་ཅེས་ཨ་པ་རི་སི་ཡོ་ལགས་ཀྱིས་འགྲེལ་བརྗོད་གནང་ཡོད།
ཁྱེད་ཀྱིས་ཨིན་ཡིག་ནས་རང་གི་སྐད་ཡིག་ཏུ་བསྒྱུར་འདོད་ན། དཔེར་ན་ང་ལ་གཞིགས་ན་སི་པན་སྐད་དུ་བསྒྱུར་དགོས་པས་དེའི་ཆེད་དུ་ཡིག་རྒྱུགས་གཅིག་གཏོང་དགོས། གལ་སྲིད་ཁྱེད་ཀྱིས་དེ་ལས་ལྡོག་སྟེ་སི་པན་སྐད་ནས་ཨིན་ཡིག་ཏུ་ཡིག་རྒྱུགས་དེ་གཏོང་འདོད་ན། ཡིག་རྒྱུགས་གཞན་ཞིག་སྒྲིག་དགོས།པ་འུ་ལཱ་ཨ་པ་རི་སི་ཡོ། ན་ཊེ་ཨི་ཚོགས་མི།
ཤེས་ཚད་ལག་འཁྱེར་བསྐྱར་གསོ་བྱེད་དགོས་དོན་ཅི་ཡིན།
ཁྱེད་རང་གི་ཡིག་སྒྱུར་དང་སྐད་སྒྱུར་གྱི་ཤེས་ཚད་ལག་འཁྱེར་དེ་ལོ་གསུམ་རེའི་ནང་བསྐྱར་གསོ་བྱེད་དགོས།
དོན་དུ་དེས་ཁྱེད་རང་སྐབས་ཐོག་ཆེད་ལས་དེ་ལག་བསྟར་བྱེད་བཞིན་པ་དང་ལས་རིགས་དེའི་ཐབས་རྩལ་གོང་འཕེལ་གཏོང་འདོད་ཡོད་པ་ན་ཊི་ལ་སྟོན་དགོས་ཀྱི་ཡོད།
“དེ་ནི་སྤྱི་ཚོགས་ལ་ཡིག་སྒྱུར་བ་དང་སྐད་སྒྱུར་བ་ཚང་མ་རྒྱལ་ཡོངས་ཡིག་སྒྱུར་དང་སྐད་སྒྱུར་མཐུན་ཚོགས་ (ན་ཊི་) ཀྱི་ངོས་འཛིན་ལག་ཁྱེར་ཡོད་པ་དང་། ཁོང་ཚོ་ནི་འཇོན་ཐང་ཅན་དང་། བཟང་སྤྱོད་ལྡན་པ། དེ་བཞིན་ཆེད་ལས་ཁྲོད་ཧུར་ཐག་ཞུགས་ཡོད་པའི་ཡིད་ཆེས་སྤྲོད་རྒྱུ་དེ་རེད། དེ་ནི་ང་ཚོས་སྤྱི་ཚོགས་ལ་སྤྲོད་པའི་འགན་ལེན་དེ་རེད།” ཅེས་ཨ་པ་རི་སི་ཡིས་འགྲེལ་བཤད་གནང་།
གནས་ཚུལ་ཕར་མ།
ན་ཊི་ཡི་དྲྭ་ཚིགས་སྟེང་བརྒྱུད་ལམ་དང་། སྔོན་འགྲོའི་ཆ་རྐྱེན། དེ་བཞིན་ཡིག་རྒྱུགས་བཅས་ཀྱི་གནས་ཚུལ་ཚང་མ་ཡོད།
སྐད་སྒྱུར་བ་ཚོས་སྤྱིར་བཏང་འབྲེལ་མཐུད་ལས་ཁུངས་ཁག་བརྒྱུད་ནས་གན་རྒྱའི་ལས་ཀ་བྱེད་ཀྱི་ཡོད་པས། ལམ་ཁ་དེ་འདེམས་སྐབས་ཁོང་ཚོར་སྐད་ཡིག་གང་དག་དགོས་མཁོ་ཆེ་ཤོས་ཡིན་མིན་སྐོར་འདྲི་བ་དྲིས་ན་ཕན་ཐོགས་ཆེན་པོ་ཡོང་སྲིད།།།།
ཨོ་སི་ཊེ་ལི་ཡར་གནས་སྤོ་བྱས་རྗེས་རིན་ཐང་ལྡན་པའི་གནས་ཚུལ་དང་ལམ་སྟོན་མང་ཙམ་ཤེས་རྟོགས་བྱེད་པའི་ཆེད་དུ། ཨོ་སི་ཊེ་ལི་ཡ་འགྲེལ་བརྗོད་ཀྱི་ཆེད་སྒྲིག་སྒྲ་བརྙན་ལེ་ཚན་ཁག་ལ་ཉན་པའམ་རྗེས་འབྲང་བྱེད་རོགས།
ཁྱེད་ལ་དྲི་བ་དང་བརྗོད་གཞི་གང་ཞིག་གི་སྐོར་ལ་བསམ་འཆར་ཡོད་ན་ང་ཚོར་ australiaexplained@sbs.com.au ལ་གློག་འཕྲིན་གཏོང་རོགས།








