རྒྱ་ནག་ནང་གི་ཁྲིམས་གསར་པ་ཞིག་གིས་ཕ་མ་རྣམས་ཀྱིས་རང་གི་བུ་ཕྲུག་ཚོ་རྒྱ་ནག་དམར་ཤོག་ཚོགས་པ་ལ་དགའ་ཞེན་བྱེད་པར་སྐུལ་ཁྲིད་བྱེད་དགོས་པ་དང་། སློབ་གྲྭ་ཁག་གིས་གཞུང་གིས་བཀོད་སྒྲིག་བྱས་པའི་རྒྱ་ནག་གི་ལོ་རྒྱུས་སློབ་དགོས་པ། ཡུལ་མི་ཚང་མས་གཞུང་གིས་མི་རིགས་མཐུན་སྒྲིལ་གྱི་སྲིད་ཇུས་ཁྱབ་སྤེལ་ལ་གནོད་པའི་བྱ་སྤྱོད་གང་ཡང་སྤེལ་མི་ཆོག་པ་བཟོས་ཡོད། ཁྲིམས་དེ་ཕྱི་རྒྱལ་དུ་ཡོད་པའི་རྒྱ་མིའི་སྲིད་ཇུས་ལ་སྐྱོན་བརྗོད་བྱེད་མཁན་ཚོར་ཁྱབ་པ་དང་བསྟུན་ནས་ཡུ་གུར་དང་བོད་པ་ལྟ་བུའི་གྲངས་ཉུང་མི་རིགས་ཚོས་ཁྲིམས་དེས་བཙན་དབང་གིས་མི་རིགས་མཉམ་བསྲེས་ཀྱི་སྲིད་ཇུས་རྒྱུན་མཐུད་པ་དང་རྒྱ་སྐྱེད་གཏོང་བ། འཛམ་གླིང་ཁྱོན་ཡོངས་ཏུ་ཡོད་པའི་སྐྱོན་བརྗོད་པ་ཚོར་ཉེན་ཁ་བཟོ་བཞིན་ཡོད་པར་བཤད་ཡོད།
(རྒྱ་ནག་གི་ཁྲིམས་ལུགས་ཤིག་གིས་ཨོ་སི་ཊེ་ལི་ཡའི་ནང་རྒྱ་ནག་གི་སྲིད་ཇུས་ལ་སྐྱོན་བརྗོད་བྱེད་མཁན་ཚོར་འཇིགས་སྐུལ་བྱེད་པ།)
རྒྱ་ནག་ནང་གི་ཁྲིམས་གསར་པ་ཞིག་གིས་ཕ་མ་རྣམས་ཀྱིས་རང་གི་བུ་ཕྲུག་ཚོ་རྒྱ་ནག་དམར་ཤོག་ཚོགས་པ་ལ་དགའ་ཞེན་བྱེད་པར་སྐུལ་ཁྲིད་བྱེད་དགོས་པ་དང་། སློབ་གྲྭ་ཁག་གིས་གཞུང་གིས་བཀོད་སྒྲིག་བྱས་པའི་རྒྱ་ནག་གི་ལོ་རྒྱུས་སློབ་དགོས་པ། ཡུལ་མི་ཚང་མས་གཞུང་གིས་མི་རིགས་མཐུན་སྒྲིལ་གྱི་སྲིད་ཇུས་ཁྱབ་སྤེལ་ལ་གནོད་པའི་བྱ་སྤྱོད་གང་ཡང་སྤེལ་མི་ཆོག་པ་བཟོས་ཡོད།
ཁྲིམས་དེ་ཕྱི་རྒྱལ་དུ་ཡོད་པའི་རྒྱ་མིའི་སྲིད་ཇུས་ལ་སྐྱོན་བརྗོད་བྱེད་མཁན་ཚོར་ཁྱབ་པ་དང་བསྟུན་ནས་ཡུ་གུར་དང་བོད་པ་ལྟ་བུའི་གྲངས་ཉུང་མི་རིགས་ཚོས་ཁྲིམས་དེས་བཙན་དབང་གིས་མི་རིགས་མཉམ་བསྲེས་ཀྱི་སྲིད་ཇུས་རྒྱུན་མཐུད་པ་དང་རྒྱ་སྐྱེད་གཏོང་བ། འཛམ་གླིང་ཁྱོན་ཡོངས་ཏུ་ཡོད་པའི་སྐྱོན་བརྗོད་པ་ཚོར་ཉེན་ཁ་བཟོ་བཞིན་ཡོད་པར་བཤད་ཡོད།
ཟླ་བ་བདུན་པའི་ཚེས་གཉིས་ཉིན་ནིའུ་ཡོག་གྲོང་ཁྱེར་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱི་ཕྱི་རོལ་དུ་བློ་དགའ་རང་བཙན་ཞེས་པའི་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་བཏང་ཡོད།
ལོ་ ༥༢ ཅན་གྱི་བོད་པའི་སྐྱབས་བཅོལ་བ་དེས་ཐར་རང་སྲོག་མ་བཏང་གོང་ལོ་མང་རིང་འཛམ་གླིང་གིས་བོད་ཀྱི་གནས་བབ་ལ་དོ་སྣང་འདྲེན་ཐབས་བྱས་ཡོད།
གདོང་འདུས་སྐྱིད་འཛོམས་ལགས་ནི་བོད་པའི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཞིག་དང་། ཨེམ་ནེ་སི་ཊི་རྒྱལ་སྤྱིའི་འགྲོ་དོན་ལྷན་ཚོགས་ཀྱི་སྲིད་ཇུས་དང་འབོད་སྐུལ་གྱི་འགན་འཛིན་རེད།
ཟླ་བ་བདུན་པའི་ཚེས་གཅིག་གི་ཉིན་སྔོན་མ་དེར་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་དེ་ལག་བསྟར་བྱས་ཡོད།
གཞུང་འབྲེལ་མི་སྣ་ཚོས་བཤད་པ་ལྟར་ན། རྒྱ་ནག་གི་མི་རིགས་ ༥༦ ཚང་མར་རྒྱལ་ཁབ་ཀྱི་ངོ་བོ་མཉམ་སྤྱོད་བསྐྲུན་རྒྱུའི་དམིགས་ཡུལ་ཡོད་པའི་ཁྲིམས་གསར་པ་རྒྱ་ཆེར་ལག་བསྟར་བྱས་ཡོད།
རྒྱ་རིགས་ནི་རྒྱ་ནག་གི་མི་རིགས་ཆེ་ཤོས་དང་དབང་བསྒྱུར་ཆེ་ཤོས་དེ་རེད།
འོན་ཀྱང་། མི་རིགས་ ༥༥ ཡོད་པའི་གྲངས་ཉུང་མི་རིགས་ཚོར་ཁྲིམས་དེས་བཙན་དབང་གིས་མཉམ་འདྲེས་བྱེད་རྒྱུའི་ལག་བསྟར་རྒྱུན་མཐུད་པ་དང་རྒྱ་སྐྱེད་གཏོང་གི་ཡོད།
ཪཱ་མི་ལ་ཅ་ནི་ཤེབ་ནི་ཡུ་གུར་བ་ཞིག་དང་ཨོ་སི་ཊེ་ལི་ཡའི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཞིག་ཡིན་ལ། ཨོ་སི་ཊེ་ལི་ཡའི་ཡུ་གུར་བའི་ཐང་གྷི་རི་ཏཱ་བུད་མེད་ཚོགས་པའི་ཚོགས་གཙོ་རེད།
ཆོས་ལུགས་གཙོ་བོ་ཁ་ཆེ་ཡིན་པའི་ཡུ་གུར་མི་མང་རྣམས་ཤིང་ཅང་ཞེས་པའི་ས་ཁུལ་དེར་འཚོ་སྡོ་བྱེད་ཀྱི་ཡོད།
ཁོང་ཚོའི་ཕ་ཡུལ་གྱི་ལོ་རྒྱུས་ལྡན་ལ་དགའ་མོས་ཡོད་པའི་མིང་ནི་ཤར་ཏུར་ཀི་སི་ཐན་ཟེར་བ་དེ་ཡིན།
ལོ་མང་རིང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱ་ནག་གིས་ཡུ་གུར་མི་མང་ལ་བརྙས་བཅོས་བྱས་པའི་སྐོར་གྱི་དཔང་རྟགས་བསྡུ་རུབ་བྱས་ཡོད་པ་དང་། ཡུ་གུར་བ་ས་ཡ་གཅིག་ལྷག་ཙམ་བཙོན་འཇུག་བྱས་ཡོད་པའི་སྙན་ཐོ་ཡོད་པ་དང་། མང་པོ་ཞིག་ངལ་རྩོལ་བཙོན་རར་བཅུག་ཡོད།
ཁྲིམས་གསར་པ་དེའི་འོག་ཏུ་སློབ་གྲྭ་ཁག་ལ་རྒྱ་སྐད་ནང་སློབ་ཁྲིད་བྱེད་དགོས་པ་དང་། གཞུང་གིས་་རིག་གཞུང་གཅིག་ཡིན་པའི་རྒྱ་ནག་གི་ལྟ་ཚུལ་ཡང་དག་པ་ཡིན་ཚུལ་སློབ་ཁྲིད་བྱེད་དགོས་པའི་བཀོད་ཁྱབ་བཏང་ཡོད།
དོན་ཚན་ ༢༠ པའི་ནང་དུ་ཕ་མ་དང་ལྟ་སྐྱོང་བྱེད་མཁན་ཚོས་ཁྲིམས་དང་མཐུན་པར་རང་གི་བུ་ཕྲུག་ཚོར་སློབ་གསོ་དང་སྐུལ་ཁྲིད་བྱས་ཏེ་རྒྱ་ནག་དམར་ཤོག་ཚོགས་པར་དགའ་ཞེན་བྱེད་དུ་འཇུག་དགོས་པར་བཤད་ཡོད།
ལ་ཊོབ་གཙུག་ལག་སློབ་གྲྭ་ཆེན་མོའི་མཚན་གནས་ཐོན་ཟིན་པའི་སློབ་དཔོན་ཆེན་མོ་ཇེམ་སི་ལེ་ཡི་བྷོལ་ཌི་ཡིས་སྲིད་འཛིན་ཞི་ཅིང་ཕིང་གིས་པེ་ཅིང་གིས་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་བཏང་ཡོད་པར་བརྗོད་དོན།
ཁོང་གིས་གྲངས་ཉུང་མི་རིགས་ཚོའི་རང་བཙན་གྱི་འབད་བརྩོན་ལ་བཀག་འགོག་བྱེད་ཆེད། ཞི་ཅིང་ཕིང་གིས་རྒྱ་ནག་དེ་རང་ཉིད་ཀྱིས་འགྲེལ་བཤད་བྱས་པའི་རང་དབང་མེད་པའི་རིག་གཞུང་གཅིག་གྱུར་ཅན་ཞིག་ཏུ་བསྒྱུར་ཐབས་བྱེད་ཀྱི་ཡོད་པར་བཤད་ཡོད།
རྒྱ་ནག་གཞུང་འབྲེལ་མི་སྣ་ཚོས་ཁྲིམས་དེར་སྐྱོན་བརྗོད་བྱས་པ་དེ་ནུབ་ཕྱོགས་ཀྱི་ལྟ་བ་ཕྱོགས་ལྷུང་ཅན་ལས་བྱུང་བ་ཡིན་པ་དང་། ཁོང་ཚོས་ཁྲིམས་ཀྱི་དམིགས་ཡུལ་ལ་འགྲེལ་ནོར་བྱེད་ཀྱི་ཡོད་པར་བཤད་ཡོད།
ཁྲིམས་དེའི་ནང་དུ་སྐད་ཡིག་དང་རིག་གཞུང་སྣ་ཚོགས་ལ་བརྩི་བཀུར་བྱེད་དགོས་པར་བཤད་ཡོད་ཀྱང་། རྒྱ་སྐད་དང་རྒྱའི་རིག་གཞུང་ཁོ་ན་ལ་གཙོ་འདོན་བྱེད་དགོས་པ་དང་། དེ་དོན་གཞུང་དང་། བརྒྱུད་ལམ། སློབ་གསོའི་ལས་ཁུངས་ཚང་མས་ནན་ཏན་དུ་ལག་བསྟར་བྱེད་དགོས་པར་ཡང་ཡང་ནན་བཤད་བྱས་ཡོད།
ཁྲིམས་དེས་རྒྱ་ནག་ནང་ཁུལ་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་སེམས་འཚབ་བསླངས་ཡོད་པ་མ་ཟད། ཕྱི་རྒྱལ་དུ་ཡོད་པའི་ལས་འགུལ་བ་ཚོ་ལའང་དངས་འཚབ་བསླངས་ཡོད།
ཁྲིམས་དེའི་དོན་ཚན་ ༦༣ པའི་ནང་དུ་རྒྱ་ནག་གི་ས་ཁོངས་ཕྱི་རོལ་དུ་ཡོད་པའི་ཚོགས་པ་དང་མི་སྒེར་མི་རིགས་དབྱེ་འབྱེད་བཟོ་མཁན་ཚོས་མི་རིགས་མཐུན་སྒྲིལ་ལ་གནོད་སྐྱོན་གཏོང་བཞིན་པར་འགན་འཁུར་དགོས་པར་བཤད་ཡོད།
རཱ་མི་ལ་ཅ་ནི་ཤེབ་ལགས་ཀྱིས་དེས་ད་དུང་སྐྱོན་བརྗོད་བྱེད་མཁན་ཉུང་ཤས་ཤིག་ལྷག་ཡོད་པ་ཚོར་ཉེན་ཁ་ཆེ་རུ་གཏོང་གི་ཡོད་པར་གསུངས་ཡོད།
ཁྲིམས་དེའི་ནང་དུ་ཆོས་ལུགས་ཚོགས་པ་ཚང་མས་ཆོས་ལུགས་དེ་རྒྱ་ནག་ཅན་དུ་བསྒྱུར་བ་དང་། གཞུང་གིས་གཏན་འབེབས་བྱས་པའི་ཆོས་ལུགས་ཀྱི་ལྟ་ཚུལ་ཡང་དག་པ་ལག་བསྟར་བྱེད་དགོས་པར་ཡང་གཏན་འབེབས་བྱས་ཡོད།
བོད་ནང་གི་ཆོས་ལུགས་ལས་དོན་ཐོག་དམ་དྲག་ཆེ་རུ་བཏང་བ་མ་ཟད། སྐྱིད་འཛོམས་ལགས་ཀྱིས་སྙན་ཐོ་ཁག་གི་ནང་དུ་རྒྱ་ནག་གིས་མུ་མཐུད་ནང་པའི་དགོན་སྡེ་ཁག་གཏོར་བཤིག་གཏོང་བཞིན་ཡོད་གསལ་ཡོད་པར་བཤད་ཡོད།
བོད་དུ་གསར་འགྱུར་བརྒྱུད་ལམ་ཐོག་དམ་དྲག་ཆེན་པོ་ཡོད་པས་གཏོར་བཤིག་གི་ཚད་གཞི་ཇི་ཙམ་ཚད་ཐོར་འགྱུར་ཡོད་མེད་ཤེས་རྟོགས་བྱེད་ཁག་པོ་ཡོད།
ཨོ་སི་ཊེ་ལི་ཡའི་ནང་གི་ཡུ་གུར་དང་བོད་པའི་སྤྱི་ཚོགས་གཉིས་ཀས་གཞུང་ལ་ཁྲིམས་གསར་པ་དེ་ཚོར་ངོ་རྒོལ་གསལ་བསྒྲགས་བྱེད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད།
ཕྱི་སྲིད་དང་ཚོང་དོན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་ཨེ་སི་བྷི་ཨེ་སི་ལ་བཤད་པར་གཞིགས་ན། ཁོང་ཚོ་ས་ཁུལ་དེ་གཉིས་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་སེམས་ཁྲལ་ཡོད་པས་རྒྱ་ནག་ལ་ཐད་ཀར་དང་སྤྱི་ཁྱབ་བརྒྱུད་ལམ་གཉིས་ཀའི་ཐོག་ནས་འདི་སྐོར་གླེང་སློང་བྱས་ཡོད་པ་དང་། ཨོ་སི་ཊོ་ལི་ཡའི་ནང་གི་མི་ཚོའི་ཐོབ་ཐང་དང་རང་དབང་ལ་སྲིད་གཞུང་གིས་ཐེ་བྱུས་བྱེད་པར་བཟོད་སྒོམ་བྱེད་རྒྱུ་མིན་པར་བཤད་ཡོད།
རཱ་མ་ལ་ལྟ་བུའི་ལས་འགུལ་བ་མཚོན་ན་ཨོ་སི་ཊོ་ལི་ཡ་ནས་ཕྱིར་ཐོན་རྒྱུ་དེ་ཉེན་ཁ་ཆེན་པོ་ཞིག་ཡིན།
བོད་བརྒྱུད་ནང་བསྟན་ནང་། མི་ཞིག་འདས་གྲོངས་སུ་གྱུར་རྗེས་ཀྱི་ཉིན་བཞི་བཅུ་ཞེ་དགུ་ནི་གལ་ཆེ་བའི་མྱ་ངན་གྱི་དུས་སྐབས་ཤིག་ཡིན་པ་དང་། དེ་ནི་བླ་སྲོག་མི་ཚེ་རྗེས་མར་འཕོ་བར་མཁོ་བའི་དུས་ཚོད་མཚོན་གྱི་ཡོད།
བློ་དགའ་རང་བཙན་ལགས་ཀྱི་བདུན་ཚིགས་མཐའ་མའི་སྐབས་དང་བསྟུན་ནས། ཟླ་བ་བརྒྱད་པའི་ཚེས་ཉི་ཤུའི་ཉིན་རྒྱལ་ས་ཁན་བྷེ་རར་ཨོ་སི་ཊེ་ལི་ཡར་གནས་སྡོད་བོད་རིགས་ཀྱི་འཐུས་མི་རྣམས་འཛོམས་ནས་འདས་པོ་ཁོང་ལ་དྲན་གསོ་བྱེད་རྒྱུ་རེད་འདུག།
གདོང་འདུས་སྐྱིད་འཛོམས་ལགས་ཀྱིས་བློ་དགའ་ལགས་རང་ལུས་ཕུལ་མཁན་གྱི་བོད་མི་ཐོག་མ་དེ་མིན་ཡང་མཐའ་མ་དེ་ཡིན་པའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས།
གནས་སྟངས་ཀྱི་དཀའ་ངལ་ལ་བརྟེན་ནས་སེམས་ཁམས་ཀྱི་བདེ་ཐང་ལ་རོགས་རམ་དགོས་མཁན་སུ་ཡིན་རུང་། ཨོ་སི་ཊེ་ལི་ཡའི་སྲོག་ཐག་གམ་ལཱ་ཡི་ཧྥ་ལཱ་ཨིན་ཨང་གྲངས་ ༡༣ ༡༡ ༡༤ ལ་འབྲེལ་བ་བྱེད་ཆོག ཛ་དྲག་གི་གནས་སྟངས་བྱུང་ཚེ་ ༠༠༠ ལ་འབྲེལ་བ་བྱེད་དགོས།






