
Source: SBS Tibetan

Source: SBS Tibetan

Source: SBS Tibetan

Source: SBS Tibetan
འཕྲིན་ཡིག་དེའི་ནང་”ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་བོད་མི་དང་བོད་རིགས་མཐུན་ཚོགས་རྣམས་ཀྱིས་གསུམ་བཅུའི་དུས་དྲན་སྲུང་བརྩི་གནང་བཞིན་པར་གདུང་སེམས་མཉམ་བསྐྱེད་ཡོད།
དེ་རིང་ནི་ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་ས་རུ་བོད་མི་ཚོས་རྒྱ་ནག་གཞུང་གིས་བཙན་གནོན་ལ་ཞི་བའི་ངོ་རྒོལ་བྱས་པའི་ཉིན་མོ་ཞིག་ཆགས་ཡོད།
ང་ཚོས་དེ་རིང་སྐབས་དེར་བོད་ཀྱི་ཆེད་དུ་ཚེ་སྲོག་ཤོར་མཁན་རྣམས་ལ་གུས་བརྩི་དང་། ཁོང་ཚོའི་ནང་མི་རྣམས་ལ་སེམས་གསོ་ཞུ་རྒྱུ་མ་ཟད། འདི་དག་ཚང་མ་མི་རབས་ནས་མི་རབས་བརྒྱུད་ཏེ་རང་དབང་འཐབ་རྩོད་བྱེད་བཞིན་པར་ངོས་འཛིན་བྱེད་ཀྱི་ཡོད།
དེ་རིང་རི་སྔོན་པོར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་བཞིན་པ་འདི་ཡང་བོད་མི་ཚོས་ལོ་ངོ་ ༦༠ རིང་རང་དབང་འཐབ་རྩོད་ལ་ས་གནས་མི་མང་གིས་རྒྱབ་སྐྱོར་གྱི་རྣམ་པ་མཚོན་ཡོད་ཅེས་བྲིས་འདུག
ཡང་ས་གནས་གྲོང་སྡེ་ལྷན་ཁང་གི་འཐུས་མི་ Kerry Brown ལགས་ཀྱིས་ང་ཚོ་བོད་མི་སྐྱབས་བཅོལ་བ་འདི་ཚོ་ཡོད་པ་དེ་སྤོབས་པ་སྐྱེ་བཞིན་ཡོད་པས་མ་ཚད། བོད་མིའི་སྒྱུར་རྩལ་དང་རིག་གཞུང་ལ་བརྟེན་ནས་ང་ཚོའི་ས་གནས་འདིར་རིག་གཞུང་སྔར་ལས་ཕྱུག་པོ་ཆགས་ཡོད་སྐོར་གསུངས་སོང་།
ཁོ་མོས་དེ་རིང་ངས་འདི་ནས་གྲོང་སྡེའི་སྤྱི་ཁྱབ་ཀྱི་ཚབ་དང་ང་རང་རང་ཉིད་ཀྱི་ངོས་ནས་སྐད་ཆ་བཤད་བཞིན་ཡོད། དེ་རིང་ཞོགས་པ་ངས་ཁོང་ལ་དམིགས་བསལ་སྐད་ཆ་ག་རེ་བཤད་དགོས་མིན་དྲིས་དུས། ཁོང་གི་སེམས་གཏིང་གི་སྐད་ཆ་དེ་ཤོད་གསུངས་བྱུང་། ང་ཚོས་བོད་མི་རྣམས་འདི་ལ་སྐྱབས་བཅོལ་དུ་བླངས་རྒྱུ་བྱུང་བ་དེ་ལ་སྤོབས་པ་སྐྱེ་བཞིན་ཡོད། དེ་རིང་འདི་རུ་སྐྱེས་པའི་བོད་མི་གཞོན་སྐྱེས་མང་པོ་ཞིག་མཐོང་རྒྱུ་འདུག ང་ཡང་ས་གནས་འདི་ལ་སྐྱེས་པ་རེད། བོད་མི་གཞོན་སྐྱེས་མང་པོ་ཞིག་འཚར་ལོངས་འབྱུང་བཞིན་པ་འདི་རི་སྔོན་པོ་སྟེང་གི་གཞོན་སྐྱེས་མང་པོ་ཞིག་འཚར་ལོངས་ཡོང་གི་ཡོད་པས་དགའ་འོས་པ་ཞིག་རེད། ང་ཚོ་འདི་རིག་གཞུང་ལྟེ་གནས་ཁང་ལ་ནང་ཆོས་ངོ་སྤྲོད་དང་། བོད་མིའི་པར་རིས་སྒྱུར་རྩལ་འགྲེམས་སྟོན་སོགས་བྱེད་བཞིན་ཡོད་པས་ང་ཚོའི་རིག་གཞུང་སྔར་ལས་ཕུན་སུམ་ཚོགས་པ་ཆགས་ཡོད་ཅེས་སོགས་གསུངས་སོང་།

Source: SBS Tibetan
དེ་རྗེས་གྲོང་སྡེ་ལྷན་ཁང་གི་འཐུས་མི་གཞན་དང་། ས་གནས་སྐྱབས་བཅོལ་ལྷན་ཁང་གི་འཐུས་མི་སོགས་ཀྱིས་རིམ་པར་གསུང་བཤད་གནང་ཡོད།
གཞན་ཡང་དེ་རིང་རི་སྔོན་པོ་ཡོད་པའི་བོད་པའི་ཕྲུ་གུ་རྣམས་ཀྱིས་གསུམ་བཅུ་དུས་དྲན་སྐོར་བྲིས་པའི་འཆར་སྣང་རི་མོ་སྒྱུ་རྩལ་ཞིག་ཀྱང་འགྲེམས་སྟོན་གནང་འདུག་བ་དང་། དུས་དྲན་གོ་སྒྲིག་གནང་མཁན་འབྲི་ས་འཛིན་ལགས་ཀྱིས་དེ་རིང་གི་གསུམ་བཅུའི་དུས་དྲན་གྱི་དགོས་པ་དང་། ས་གནས་མི་མང་རྣམས་ཀྱིས་རྒྱབ་སྐྱོར་གང་འདྲ་གནང་གི་ཡོད་མེད་སྐོར་འགྲེལ་བརྗོད་གནང་སོང་།
དུས་དྲན་སྲུང་བརྩི་ཉིན་ཨོ་གླིང་རི་སྔོན་པོར་གནས་སྡོད་བྱེད་མཁན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཁྱོན་མི་གྲངས་ ༨༠ ཙམ་འདུ་འཛོམས་གནང་འདུག