གཙོ་གནད།
- གཞུང་གིས་མ་དངུལ་བཏང་བའི་ཨོ་སི་ཊེ་ལི་ཡའི་ཤེལ་སྦུག་མངལ་སྦྲུམ་སྨན་ཁང་ཚང་མའི་གནས་ཚུལ་གྱི་དྲྭ་ཚིགས་ཤིག་ཏུ་ཡོད།
- ཆེད་མཁས་པ་ཚོས་ཕྲུ་གུ་བཙའ་བའི་སྨན་ཁང་ཞིག་འདེམས་དུས་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟག་དགོས་པའི་སློབ་སྟོན་བྱེད་ཀྱི་ཡོད།
- ཁྱེད་རང་གཞུང་གིས་མ་དངུལ་བཏང་བའི་ཕྲུ་གུ་བཙའ་བའི་ཞབས་ཞུ་ལ་འོས་འབབ་ཡོད་མེད་ཞིབ་བཤེར་བྱེད་དགོས།
- ཕྲུ་གུ་བཙའ་བའི་སློབ་སྟོན་པས་ཁྱེད་དང་ཁྱེད་ཀྱི་ཟླ་བོར་ཕྲུ་གུ་བཙའ་བའི་བཅོས་ཐབས་ཀྱི་ཡོད་སྲིད་པའི་མཇུག་འབྲས་རྣམས་ལ་གོ་རྟོགས་དང་གྲ་སྒྲིག་བྱེད་པར་རོགས་རམ་བྱེད་ཀྱི་ཡོད།
- ཤེལ་སྦུག་མངལ་སྦྲུམ་གྱི་སྨན་ཁང་འདེམས་ཚུལ།
- ཤེལ་སྦུག་མངལ་སྦྲུམ་བཅོས་ཐབས་བྱེད་མཁན་སུ་ཡིན།
- ཤེལ་སྦུག་མངལ་སྦྲུམ་དེ་གོང་ཆེན་པོ་ཡིན་ནམ།
- ཤེལ་སྦུག་མངལ་སྦྲུམ་དེ་ཉིད་ཐབས་ལམ་གཅིག་པུ་དེ་རེད་དམ།
- ཤེལ་སྦུག་མངལ་སྦྲུམ་གྱི་སྨན་བཅོས་བྱེད་སྐབས་རོགས་སྐྱོར་བྱེད་མཁན་ཡོད་དམ།
ཕྱི་ལོ་ ༡༩༧༨ ལོར་འཛམ་གླིང་ནང་ཐོག་མར་ཤེལ་སྦུག་མངལ་སྦྲུམ་ལམ་ལྷོངས་བྱུང་པ་ནས་བཟུང་། འཛམ་གླིང་ཡོངས་སུ་ཤེལ་སྦུག་མངལ་སྦྲུམ་བརྒྱུད་དེ་སྐྱེས་པའི་ཕྲུ་གུ་གྲངས་ས་ཡ་བཅུ་ནས་བཅུ་གསུམ་ཙམ་བྱུང་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད།
ཨོ་སི་ཊེ་ལི་ཡ་ནི་མི་རེར་ཤེལ་སྦུག་མངལ་སྦྲུམ་འཁོར་རྒྱུག་བེད་སྤྱོད་བྱེད་པའི་ཚད་གཞི་མཐོ་ཤོས་ཀྱི་རྒྱལ་ཁབ་ཁག་གི་གྲས་སུ་ཚུད་ཡོད།
ཉེ་ཆར་གྱི་གྲངས་ཐོ་གཞིར་བཟུང་ན། ༢༠༢༢ ལོར་ཨོ་སི་ཊེ་ལི་ཡའི་ནང་ཕྲུ་གུ་ ༡༦ ནང་ནས་ ༡ ཤེལ་སྦུག་མངལ་སྦྲུམ་བརྒྱུད་ནས་སྐྱེས་ཡོད།
གྲངས་ཐོ་འདི་ནི་ཨོ་སི་ཊེ་ལི་ཡ་དང་ནིའུ་ཛི་ལེན་ཌི་ཡི་ཐབས་སྤྱད་མངལ་སྦྲུམ་གྲངས་མཛོད་ཚན་པས་བསྡུ་རུབ་བྱས་པའི་གྲངས་ཐོར་གཞི་བཅོལ་ཡོད།
སློབ་དཔོན་ཆེན་མོ་ཇོར་ཇི་ན་ཆེམ་བྷར་སི་ནི་ནིའུ་སའོ་ཐི་ཝེལ་སི་གཙུག་ལག་སློབ་གྲྭ་ཆེན་མོའི་ཞིབ་འཇུག་ཚན་པའི་འགན་འཛིན་ཡིན་པ་དང་། ཚན་པ་དེས་རྒྱལ་ཡོངས་ཀྱི་ཤེལ་སྦུག་མངལ་སྦྲུམ་ཐོ་འགོད་ལས་གཞི་འདི་གཉེར་གྱི་ཡོད།
སློབ་དཔོན་ཆེན་མོ་ཆེམ་བྷར་སི་ལགས་ཀྱིས་ “ང་ཚོར་སྨན་ཁང་ཚང་མས་ཤེལ་སྦུག་མངལ་སྦྲུམ་འཁོར་རྒྱུག་ཡོངས་རྫོགས་སྙན་སེང་ཞུ་གི་ཡོད་” “གལ་སྲིད་དེ་ལྟར་མ་བྱས་པ་ཡིན་ན་སྨན་ཁང་དེ་དག་རང་གི་ལག་ལེན་སྒྲིག་གཞི་དང་ལག་འཁྱེར་གྲོས་མཐུན་དང་མི་མཐུན་པ་ཆགས་ཀྱི་རེད།” ཅེས་གསུངས།

ཨོ་སི་ཊེ་ལི་ཡ་དང་ནིའུ་ཛི་ལེན་ཌི་ཡི་ཐབས་སྤྱད་མངལ་སྦྲུམ་གྲངས་མཛོད་ཚན་པའི་ཐོ་གཞུང་རྣམས་ yourivfsuccess.com.au ཞེས་པའི་དྲྭ་ཚིགས་ཐོག་མང་ཚོགས་ལ་མཐོང་རྒྱུ་ཡོད་པ་དང་། ངྲྭ་ཚིགས་དེ་ནི་སྨན་བཅོས་ཁང་གང་ལ་ཡང་འབྲེལ་བ་མེད་པ་དང་ཨོ་སི་ཊེ་ལི་ཡའི་གཞུང་གིས་མ་དངུལ་སྦྱོར་བཞིན་ཡོད།
རྒྱལ་ཡོངས་ཀྱི་ཤེལ་སྦུག་མངལ་སྦྲུམ་གྱི་གྲངས་ཐོ་དང་དེའི་ཐད་ཀྱི་སྨན་བཅོས་སྐོར་གྱི་གནས་ཚུལ་ཕུད། དྲ་ཚིགས་ཀྱི་ལྟ་ཀློག་པ་ཚོས་སྒེར་གྱི་དྲྭ་ཐོག་མ་ལག་བེད་སྤྱོད་བྱེད་ཐུབ།
དེ་འདྲའི་མ་ལག་གཅིག་ནི་ཤེལ་སྦུག་མངལ་སྦྲུམ་བརྒྱུད་ཕྲུ་གུ་བཙའ་ཐབས་ཀྱི་སྨན་བཅོས་བྱེད་མཁན་བུད་མེད་ཚོར་ཁོང་ཚོའི་ལམ་ལྷོང་གི་གོ་སྐབས་རྩིས་རྒྱག་བྱེད་དུ་འཇུག་པའི་ཚོད་རྩིས་ཤིག་ཡིན།
“དེས་མི་ཚོར་ཁོང་ཚོའི་ལོ་ཚད་དང་། རོགས་ཟླའི་ལོ་ཚད། གལ་ཏེ་ཁོང་ཚོར་ནད་གཞི་ཡོད་ན་དེའི་སྐོར། སྔོན་མ་ཤེལ་སྦུག་མངལ་སྦྲུམ་གྱི་ཕྲུ་གུ་བཙའ་ཐབས་ཀྱི་སྨན་བཅོས་བྱས་པའི་ལོ་རྒྱུས་ཡོད་ན་དེ་དག་འགོད་དུ་འཇུག་གི་རེད།” ཞེས་སློབ་དཔོན་ཆེམ་བྷར་སི་ཡིས་འགྲེལ་བཤད་བྱེད་ཀྱི་ཡོད།
ཤེལ་སྦུག་མངལ་སྦྲུམ་གྱི་སྨན་ཁང་འདེམས་ཚུལ།
ད་དུང་ཤེལ་སྦུག་མངལ་སྦུམ་གྱི་ཕྲུ་གུ་བཙའ་ཐབས་ཀྱི་སྨན་བཅོས་ཁང་གི་ལམ་ལྷོང་གི་ཚད་གཞི་སྟོན་པའི་དྲྭ་ཐོག་གི་གྲངས་མཛོད་ཅིག་ཡོད་པ་དང་། དེ་ནི་ཨོ་སི་ཊེ་ལི་ཡའི་ནང་གི་ཤེལ་སྦུག་མངལ་སྦུམ་གྱི་ཕྲུ་གུ་བཙའ་ཐབས་ཀྱི་འཁོར་རྒྱུག་ཡོངས་ཀྱི་རྒྱལ་ཡོངས་ཆ་སྙོམས་དང་བསྡུར་གྱི་ཡོད།
“ནད་པ་ཚོས་སྨན་བཅོས་ཁང་གི་མིང་འཚོལ་བའམ། ཡང་ན་སོ་སོའི་སྦྲག་ཁང་གི་ཨང་གྲངས་བརྒྱུད་ནས་ཉེ་འགྲམ་དུ་ཡོད་པའི་སྨན་བཅོས་ཁང་གི་ཐོ་གཞུང་འཚོལ་ཐུབ།”
འོན་ཀྱང་ཁྱེད་རང་གི་དགོས་མཁོ་དང་མཐུན་པའི་སྨན་བཅོས་ཁང་ཞིག་འདེམས་རྒྱུ་ནི་ཐག་གཅོད་རྙོག་འཛིང་ཅན་ཞིག་ཡིན་པ་དང་། དེ་ནི་ལམ་ལྷོང་གི་ཚད་གཞི་ཁོ་ནར་གཞི་བཅོལ་ནས་བྱེད་མི་རུང་།
“རྒྱུན་དུ་གོ་ནོར་ཆེ་ཤོས་ཤིག་ནི་སྨན་ཁང་ཆེ་ཤོས་དེ་ཡག་ཤོས་ཡིན་པའམ། ཡང་ན་འཕྲུལ་རིག་གསར་ཤོས་ཀྱིས་རྟག་ཏུ་ལམ་ལྷོངས་ཡོང་རྒྱུར་འགན་ལེན་བྱེད་པར་ཡིད་ཆེས་བྱེད་པ་དེ་རེད།” ཨོ་སི་ཊེ་ལི་ཡ་དང་ནིའུ་ཛི་ལན་ཌི་མངལ་སྦྲུམ་སྐྱེ་འཕེལ་ཚོགས་པའི་འགན་འཛིན་པེ་ཊི་ར་ཝལ་ཡིས་གསུངས། ཁོང་ལ་སྦྲུམ་སྲིང་བརྟག་དཔྱད་རིག་པའི་ཤེས་ཡོན་གྱི་རྒྱབ་ལྗོངས་ཡོད།
“འོས་འཚམས་ཀྱི་སྨན་ཁང་ནི་ཁྱེད་ལ་ཉན་པ་དང་། ཁྱེད་ཀྱི་འདེམས་ཀ་གང་བྱས་པ་དེའི་འགྲེལ་བཤད་གསལ་པོར་བྱེད་པ། གོམ་པ་རེ་རེའི་ཁྲོད་ཁྱེད་ལ་རྒྱབ་སྐྱོར་བྱེད་པ་དང་། ཁྱེད་ཀྱི་དགོས་མཁོ་ངོས་འཛིན་བྱེད་ཐུབ་པ་དང་དེ་དག་སྒྲུབ་ཐབས་བྱེད་ཐུབ་པའི་སྨན་ཁང་དེ་རེད།”
སྨན་པ་ཝལ་ཡིས་མི་རྣམས་ལ་མངལ་སྦྲུམ་སྨན་བཅོས་ཁང་ཁག་གི་འགྲོ་ལུགས་སྐོར་དང་། དེའི་ནང་གཤམ་གྱི་དྲི་བ་ཁག་འདྲི་དགོས་པའི་སྐུལ་མ་གནང་གི་ཡོད།
- སྒེར་ལ་ལྟ་སྐྱོང་གི་ཚད་གཞི།
- ཕྱི་གསལ་ནང་གསལ་དང་ཚན་རིག་གི་གཞི་རྩའི་སྲུང་སྐྱོབ།
- རྒྱབ་སྐྱོར་ཞབས་ཞུའི་མཐུན་རྐྱེན་ཡོད་མེད།
- ཁོང་ཚོས་སྨན་བཅོས་དེ་ཁྱེད་ཀྱི་དགོས་མཁོ་བྱེ་བྲག་དང་མཐུན་པར་བཀོད་སྒྲིག་བྱེད་ཀྱི་ཡོད་མེད།
- ཁོང་ཚོས་རིག་གཞུང་བྱེད་བྲག་གི་དགོས་མཁོ་དང་མཐུན་པར་བཀོད་སྒྲིག་བྱེད་ཀྱི་ཡོད་མེད།
“ངས་བསམ་པར་ནད་པ་ཚོས་སྤྱི་ཚོགས་ཚོགས་པ་ཁག་ནས་མངལ་སྦྲུམ་པའི་སྨན་བཅོས་ཐོབ་མྱོང་མཁན་ཚོས་སྨན་ཁང་དེ་ནི་ཁོང་ཚོའི་དགོས་མཁོ་བྱེ་བྲག་དང་མཐུན་པ་ཡོད་པར་མཐོང་རྒྱུ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག” ཅེས་སྨན་པ་ཝལ་ཡིས་གསུངས། Credit: Maskot/Getty Images/Maskot
ཤེལ་སྦུག་མངལ་སྦྲུམ་བཅོས་ཐབས་བྱེད་མཁན་སུ་ཡིན་ནམ།
མངལ་སྦྲུམ་ནུས་པ་མེད་པའི་སྨན་བཅོས་བྱེད་སྐབས། ཁྱེད་ལ་སྨན་བཅོས་ལས་མི་མང་པོ་ཞིག་དང་མཉམ་དུ་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡོང་གི་ཡོད།
དེ་དག་གི་ནང་དུ་ཁྱེད་རང་ལ་བརྟག་དཔྱད་བྱས་ནས་སྒེར་དང་འབྲེལ་བའི་བརྒྱུད་རིམ་ཞིག་ལ་མཛུབ་སྟོན་བྱེད་མཁན་གྱི་མངལ་སྦྲུམ་བཅོས་མཁན་གྱི་ཆེད་ལས་སྨན་པ་དང་། མངལ་སྦྲུམ་བཅོས་མཁན་གྱི་སྨན་ཞབས་པ། ཚོད་ལྟ་ཁང་ནང་ལས་ཀ་བྱེད་མཁན་གྱི་སྦྲུམ་སྲིང་བརྟག་དཔྱད་རིག་པ་བ། དེ་བཞིན་མངལ་སྦྲུམ་བཅོས་མཁན་གྱི་སེམས་ཁམས་གསོ་བཅོས་སློབ་སྟོན་པ་བཅས་ཚུད་ཡོད།
ཤེལ་སྦུག་མངལ་སྦྲུམ་སྨན་བཅོས་དེ་གོང་ཆེན་པོ་ཡིན་ནམ།
ཤེལ་སྦྲུག་མངལ་སྦྲུམ་གྱི་ཕྲུ་གུ་བཙའ་ཐབས་སོགས་མངལ་འཁོར་རྒྱུའི་སྨན་བཅོས་ཀྱི་རིགས་རྣམས་རིན་གོང་མཐོ་པོ་ཡོང་སྲིད། མི་མང་ཆེ་བས་སྒེར་གྱི་འཕྲོད་བསྟེན་འགན་བཅོལ་བརྒྱུད་ནས་རིན་གོང་ཆ་ཚང་ངམ་ཉུང་མཐར་རིན་གོང་གི་ཆ་ཤས་ཤིག་འཇལ་དགོས།
ཐོབ་ཐང་ཡོད་པའི་ནད་པ་ཚོས་མེ་ཌི་ཁེར་གྱིས་དངུལ་འབབ་གུན་གསབ་བྱེད་ཐུབ་སྲིད། ཁྱེད་རང་གི་མངའ་སྡེ་འམ་ས་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ཁང་གིས་ཀྱང་གཞུང་གིས་མ་དངུལ་བཏང་བའི་ཞབས་ཞུ་མཁོ་སྤྲོད་བྱེད་སྲིད།
ཁྱེད་རང་སྒེར་གྱི་གནས་སྟངས་དང་འཚམ་པའི་ཞབས་ཞུ་གང་ཡོད་སྐོར་ལ་ཁྱེད་རང་གི་སྨན་པར་ངེས་པར་དུ་སྐད་ཆ་འདྲི་དགོས།
ཉེ་བའི་སློབ་དཔོན་ཆེན་མོ་ཨེ་ལེག་སེ་པོ་ལི་ཡ་ཀོབ་ནི་ཝིཀ་ཊོ་རི་ཡའི་ནང་སྤྱི་པའི་སྨན་ཁང་བརྒྱུད་ནས་མངལ་སྦྲུམ་རོགས་རམ་ཞབས་ཞུ་མཁོ་སྤྲོད་བྱེད་མཁན་རོ་ཡལ་བུད་མེད་སྨན་ཁང་གི་མཐོ་རིམ་མངལ་སྦྲུམ་སྨན་པ་ཞིག་ཡིན།
“སྤྱི་པའི་མངལ་སྦྲུམ་ཞབས་ཞུ་ལས་ཁུངས་ཀྱིས་དོ་དག་གི་སྤྱི་མཚན་སྨན་པའི་ས་ནས་བརྟག་དཔྱད་ངོས་སྦྱོར་དང་ལེན་བྱེད་ཀྱི་ཡོད་པ་དང་། དེ་ནས་ནད་པ་ཚོ་ཡོང་ནས་བརྟག་དཔྱད་ཚང་མ་བྱེད་ཀྱི་ཡོད། དེའི་རྗེས་ལ་རྒྱུན་གཏན་དོ་དག་གི་དགོས་མཁོ་དང་འཚམ་པའི་ཕྲུ་གུ་བཙའ་ཐབས་ཀྱི་སྨན་བཅོས་བྱེད་ཀྱི་ཡོད།
ཤེལ་སྦུག་མངལ་སྦྲུམ་དེ་ཉིད་གདམ་ཀ་གཅིག་པུ་དེ་ཡིན་ནམ།
“གལ་ཆེ་ཤོས་ནི་ཤེལ་སྦུག་མངལ་སྦྲུམ་གྱི་ཕྲུ་གུ་བཙའ་ཐབས་དེ་ཉིད་གོམ་པ་དང་པོ་དེ་མིན་པ་ཤེས་དགོས། དེ་ནི་དོན་དངོས་སུ་སྨན་བཅོས་ཀྱི་གདམ་ག་མཐའ་མ་དེ་ཡིན་ཞེས།” མཐོ་རིམ་སློབ་དཔོན་པོ་ལི་ཡ་ཀོབ་ཀྱིས་གསུངས།
ཁམས་དམར་རྫུས་གློད་དང་ཁམས་དཀར་ཐད་གློད་སོགས་ནི་མངལ་སྦྲུམ་པའི་ཐབས་སྤྱད་སྨན་བཅོས་ཀྱི་རིགས་གཞན་པ་འགའ་ཤས་ཡིན།

ཤེལ་སྦུག་མངལ་སྦྲུམ་གྱི་སྨན་བཅོས་བྱེད་སྐབས་རོགས་སྐྱོར་བྱེད་མཁན་ཡོད་དམ།
ཁྱེད་ཀྱི་མངའ་སྡེ་དང་ས་ཁུལ་གྱི་ལག་བསྟར་གཞིར་བཞག་ཐོག །ཐབས་སྤྱད་ཕྲུ་གུ་བཙའ་ཐབས་ཀྱི་སྨན་བཅོས་ཞབས་ཞུ་ཁག་ལ་ཆེད་མཁས་པའི་སློབ་སྟོན་ངེས་པར་བྱེད་དགོས་པའི་ཁྲིམས་ལུགས་ཡོད་སྲིད།
སྨན་པ་ཝལ་ཡིས་གསུངས་པ་ལྟར་ན། སེམས་ཁམས་འཕྲོད་བསྟེན་གྱི་རོགས་རམ་གལ་ཆེན་པོ་ཡིན་ཏེ། དེས་མི་རྣམས་ལ་མངལ་སྦྲུམ་སྨན་བཅོས་བྱེད་སྐབས་འབྲེལ་བ་དང་ཐག་གཅོད་བྱེད་པའི་དཀའ་ངལ་སེལ་བར་རོགས་རམ་བྱེད་ཀྱི་ཡོད།
“རོགས་རམ་གྱིས་ཁྱད་པར་ཆེན་པོ་བཟོ་ཐུབ།
“གལ་ཏེ་ནད་པ་ཞིག་ལ་དཀའ་ངལ་འཕྲད་ཀྱི་ཡོད་ན། འདི་ནི་ཕམ་ཁ་ཞིག་མིན་པར་དེ་བས་རོགས་རམ་འཚོལ་དགོས་པའི་རྟགས་མཚན་ཞིག་རེད།”
ཡིད་འཇོག་བྱེད་དགོས་པ་ཞིག་ནི། རང་བཞིན་གྱིས་མངལ་སྦྲུམ་མི་ཐུབ་པ་དེ་རྒྱུན་ལྡན་མ་ཡིན་པ་དང་ངོ་ཚ་དགོས་པ་ཞིག་མིན། དཀའ་ངལ་དེ་ནི་ང་ཚོའི་སྤྱི་ཚོགས་ཀྱི་ཆ་ཤས་ཡོད་ཚད་དང་རིག་གཞུང་དང་མི་རིགས་ཚང་མས་མྱོང་གི་ཡོད།
“མི་ཞིག་གིས་ཁྱིམ་ཚང་གསར་འཛུགས་བྱེད་པའི་ཐོབ་ཐང་ལ་འབད་བརྩོན་བྱེད་པར་སྐུལ་མ་དང་། རྒྱབ་སྐྱོར་བྱེད་དགོས་པ་འདི་ནི་མངལ་སྦྲུམ་གྱི་སྨན་བཅོས་བྱེད་པའི་དམིགས་དོན་ཡིན།།”





