གཙོ་གནད།
- ཨོ་སི་ཊེ་ལི་ཡའི་ནང་གཞུང་ཁང་གི་དགོས་མཁོ་མཁོ་སྤྲོད་ཐུབ་པའི་ཚད་ལས་བརྒལ་ཡོད།
- མངའ་སྡེ་དང་ས་ཁུལ་རེ་རེར་གཞུང་ཁང་གི་ཞུ་སྙན་འབུལ་ཡུལ་རེ་རེ་ཡོད།
- ཆེད་མཁས་པ་ཚོས་བཤད་པ་ལྟར་ན། མི་སུ་འདྲ་ཞིག་ཡིན་རུང་ཁང་གླ་དཀའ་ངལ་འཕྲད་སྲིད།
- གཞུང་ཁང་དང་། མི་མང་ཁང་པ། ཚོགས་སྡེའི་སྡོད་ཁང་ཟེར་བ་རྣམས་ཅི་ཞིག་ཡིན་ནམ།
- ཁང་པའི་རོགས་སྐྱོར་སུ་ལ་ཐོབ་ཀྱི་ཡོད་དམ།
- ཨོ་སི་ཊེ་ལི་ཡར་གཞིས་སྤོ་བྱས་པའི་མི་ཚོར་གཞུང་ཁང་ཐོབ་ཀྱི་ཡོད་དམ།
- སྡོད་ཁང་རོགས་སྐྱོར་ཇི་ལྟར་ཞུ་དགོས་སམ།
- ཨོ་སི་ཊེ་ལི་ཡར་གཞུང་ཁང་གི་མཐུན་རྐྱེན་ག་ཚོད་ཡོད་དམ།
- ཨོ་སི་ཊེ་ལི་ཡར་གཞུང་ཁང་ཐོབ་པར་དུས་ཡུན་ག་ཚོད་སྒུག་དགོས་སམ།
- མི་ཚོ་གཞུང་ཁང་ཞུ་འདོད་བྱེད་པའམ།དེ་ལྟར་བྱེད་རྒྱུའི་གནས་སུ་གྱར་དགོས་དོན་གང་ཡིན་ནམ།
- ཁང་རིན་འདང་ངེས་ཀྱི་སྡོད་ཁང་ཞེས་པ་གང་ཡིན་ནམ།
- ཁང་རིན་འདང་ངེས་ཀྱི་སྡོད་ཁང་གཡར་བར་སྙན་ཞུ་ཇི་ལྟར་འབུལ་དགོས་སམ།
ཁང་གླ་དམའ་བའི་སྡོད་ཁང་གི་ལས་གཞིའི་ཐ་སྙད་བེད་སྤྱོད་བྱེད་སྟངས་དེ་གོ་བ་ལེན་ཁག་པོ་ཡིན་སྲིད། དཔེར་ན། མི་མང་ཁང་པ་དང་། ཚོགས་སྡེའི་སྡོད་ཁང་གཉིས་སྒྲོམ་གཞི་གཅིག་གི་འོག་རྣམ་པ་མི་འདྲ་བ་གཉིས་རེད།
ཨོ་སི་ཊེ་ལི་ཡའི་སྡོད་ཁང་དང་གྲོང་ཁྱེར་ཉམས་ཞིབ་ལྟེ་གནས་ཀྱི་འགན་འཛིན་འབུམ་རམས་པ་མི་ཤལ་ཧྥོ་ཐེ་རིང་གྷམ་གྱིས་ཐ་སྙད་འདི་དག་གི་འགྲེལ་བཤད་གནང་ཡོད།
གཞུང་ཁང་དང་། མི་མང་ཁང་པ། ཚོགས་སྡེའི་སྡོད་ཁང་ཟེར་བ་རྣམས་ཅི་ཞིག་ཡིན་ནམ།
“གཞུང་ཁང་ཞེས་པ་ནི་མི་མང་ཁང་པ་དང་ཚོགས་སྡེའི་སྡོད་ཁང་གཉིས་ཀར་ཁྱབ་པའི་སྤྱི་ཡོངས་ཀྱི་ཐ་སྙད་ཅིག་རེད།” ཅེས་ཧྥོ་ཐེ་རིང་གྷམ་གྱིས་འགྲེལ་བརྗོད་གནང་།
མི་མང་ཁང་པ་ནི་མངའ་སྡེའི་གཞུང་གིས་བདག་བཟུང་དོ་དམ་བྱེད་ཀྱི་ཡོད།
ཚོགས་སྡེའི་སྡོད་ཁང་ནི་ཕལ་ཆེ་བ་ཁེ་མེད་ཚོགས་སྡེའི་སྡོད་ཁང་མཁོ་སྤྲོད་པ་ཚོས་སྲིད་གཞུང་དང་མཉམ་ལས་ཀྱིས་དོ་དམ་བདག་བཟུང་བྱེད་ཀྱི་ཡོད།

ཁང་པའི་རོགས་སྐྱོར་སུ་ལ་ཐོབ་ཀྱི་ཡོད་དམ།
ཡུན་རིང་གི་གཞུང་ཁང་ངམ། མི་མང་དང་། ཚོགས་སྡེའི་སྡོད་ཁང་ཐོབ་རྒྱུའི་སྒྲིག་གཞི་ནི་མངའ་སྡེ་གཞུང་གིས་གཏན་འབེབས་བྱེད་ཀྱི་ཡོད།
“མངའ་སྡེ་དང་ས་ཁུལ་རེ་རེར་རང་ཉིད་ཀྱི་འོས་ཆོས་གཏན་འབེབས་བྱེད་པའི་ཚོགས་པ་རེ་ཡོད། དེ་དག་ལ་འདྲ་བའི་ཆ་ཡོད་ཀྱང་གཅིག་པ་མིན།” ཞེས་འབུམ་རམས་པ་ཧྥོ་ཐེ་རིང་ཧམ་གྱིས་བརྗོད།
ས་ཁོངས་མང་ཆེ་བས་ཡོང་བབས་དམའ་བའི་ཁྱིམ་ཚང་ལ་སྡོད་ཁང་རོགས་སྐྱོར་སྤྲོད་ཀྱི་ཡོད།
“དམིགས་བསལ་གྱི་ཉེན་ཁ་ཡོད་པའི་མི་རྣམས་དང་། ཁྱིམ་ནང་གི་དྲག་སྤྱོད་ལས་ཐར་བཞིན་པའི་མི་རྣམས། དབང་པོ་སྐྱོན་ཅན་ཡིན་པ་རྣམས་ཀྱང་འོས་འཚམས་སུ་བརྩི་བཞིན་ཡོད། དེ་དག་གི་ནང་དུ་དགོས་མཁོ་ཆེ་ཆུང་དང་འོས་ཆོས་ཚང་མིན་གྱི་ཆ་རྐྱེན་དུ་མ་ཡོད།”
ཨོ་སི་ཊེ་ལི་ཡར་གཞིས་སྤོ་བྱས་པའི་མི་ཚོར་གཞུང་ཁང་ཐོབ་ཀྱི་ཡོད་དམ།
གཞིས་སྤོ་བ་ཡིན་པ་ནི་གཞུང་ཁང་ཐོབ་རྒྱུའི་ཆ་རྐྱེན་ཞིག་མིན།
ཨོ་སི་ཊེ་ལི་ཡར་གཞིས་སྤོ་བྱས་པ་ཙམ་གྱིས་ཁོང་ཚོར་གཞུང་ཁང་ཐོབ་པའི་ངེས་པ་མེད།འབུམ་རམས་པ་ཧྥོ་ཐེ་རིང་ཧམ།
“དེ་མཚུངས་གཞིས་སྤོ་བ་ཡིན་པ་ཙམ་གྱིས་རྒྱུ་མཚན་གཞན་གྱི་ཐོག་ནས་གཞུང་ཁང་ཐོབ་པར་འོས་འཚམས་མེད་པ་བཟོ་གི་མེད།”
ཇི་ལྟར་སྡོད་ཁང་རོགས་སྐྱོར་ཞུ་དགོས་སམ།
གཞུང་ཁང་གི་རོགས་སྐྱོར་ཐོབ་པའི་ཐོ་གཞུང་ནང་འཛུལ་ཞུགས་བྱེད་པ་སྟེ། རྒྱུན་གཏན་སྒུག་ཐོར་གྲགས་པ་དེའི་ཕྱིར་ས་གནས་སྡོད་ཁང་ལས་ཁུངས་ལ་ཞུ་སྙན་འབུལ་དགོས།
ཐོ་འགོད་བྱེད་རིམ་གྱི་ཆ་ཤས་སུ་ཁྱེད་ཀྱིས་ངེས་པར་དུ་དགོས་ངེས་ཀྱི་འགེངས་ཤོག་ཁག་བསྐང་དགོས་པ་མ་ཟད། ཁྱེད་ཀྱི་འོས་ཆོས་ཀྱང་དཔྱད་ཞིབ་བྱེད་ཀྱི་ཡོད།
ཁྱེད་ཀྱིས་རང་གི་མངའ་སྡེ་དང་མངའ་ཁུལ་གྱི་སྡོད་ཁང་ལས་ཁུངས་བརྒྱུད་ནས་དེའི་སྐོར་མང་ཙམ་ཤེས་རྟོགས་བྱས་ནས་ཞུ་སྙན་འབུལ་ཐུབ།
ཨོ་སི་ཊེ་ལི་ཡའི་རྒྱལ་སའི་མངའ་ཁུལ།
ཨོ་སི་ཊེ་ལི་ཡར་གཞུང་ཁང་གི་མཐུན་རྐྱེན་ག་ཚོད་ཡོད་དམ།
ཕྱི་ལོ་ ༢༠༢༤ ཟླ་ ༦ པ་བར་དུ། ཨོ་སི་ཊེ་ལི་ཡའི་ནང་གཞུང་ཁང་བསྡོམས་ ༤༥༢,༠༠༠ ཙམ་ཡོད། དེས་རྒྱལ་ཁབ་ནང་གི་ཁང་པ་ཡོངས་ཀྱི་བརྒྱ་ཆ་ ༤ ཙམ་ཟིན་གྱི་ཡོད།
"དེས་ན་དེ་ནི་ཁྲོམ་རའི་ཆ་ཤས་ཆེན་པོ་ཞིག་མ་རེད།" ཅེས་འབུམ་རམས་པ་ཧྥོ་ཐེ་རིང་གིས་གསུངས།
"དེའི་དོན་ནི་ང་ཚོར་མཁོ་སྤྲོད་བྱེད་ཐུབ་པ་ལས་མང་བའི་གཞུང་ཁང་གི་དགོས་མཁོ་ཡོད། དེ་བཞིན་འོས་ཆོས་དང་འོས་འཚམས་ཀྱི་སྡོད་ཁང་ཐོབ་རྒྱུར་དུས་ཚོད་འགོར་སྲིད།"

ཨོ་སི་ཊེ་ལི་ཡར་གཞུང་ཁང་ཐོབ་པར་དུས་ཡུན་ག་ཚོད་འགོར་གྱི་ཡོད་དམ།
ཨོ་སི་ཊེ་ལི་ཡའི་འཕྲོད་བསྟེན་དང་སྤྱི་ཚོགས་ཞབས་ཞུའི་ལྟེ་གནས་ཁང་གིས་བསྡུ་རུབ་བྱས་པའི་གྲངས་ཐོ་ལྟར་ན། ཕྱི་ལོ་ ༢༠༢༣-༢༤ ལོར་གཞུང་ཁང་ཐོབ་པར་ཆ་སྙོམས་ཟླ་བ་བཅོ་བརྒྱད་ཙམ་འགོར་ཡོད་པ་རེད།ཞུ་མཁན་གྱི་གནས་སྟངས་དང་ས་གནས་ལ་བརྟེན་ནས་ས་ཁོངས་གཅིག་གི་ནང་དུའང་སྒུག་དུས་མི་འདྲ་བ་ཡོང་གི་ཡོད་པ་མ་ཟད། ས་ཁུལ་དང་གྲོང་ཁྱེར་གཉིས་ཀར་གཞུང་ཁང་གི་དགོས་མཁོ་མཁོ་སྤྲོད་ཐུབ་པ་ལས་མང་བ་ཡོད་པ་དང་། དེའི་རྒྱུ་མཚན་ནི་མངའ་སྡེ་དང་ས་ཁུལ་མང་ཆེ་བས་ད་ལྟ་རང་ཉིད་ཀྱི་ས་ཁོངས་ཡོངས་ལ་ཁང་པ་མང་དུ་གཏོང་རྒྱུའི་འཆར་གཞི་ཡོད་པ་རེད། དེ་ནི་རྒྱལ་ས་ཁོ་ན་མ་ཡིན་པར་ས་ཁུལ་གཞན་ལའང་འབྲེལ་བ་ཡོད།
“ས་ཁུལ་གྱི་ལྟེ་གནས་ཁག་ཏུ་དགོས་མཁོ་ངེས་ཅན་ཞིག་ཡོད་པ་རེད།”
མི་ཚོ་གཞུང་ཁང་ཞུ་འདོད་བྱེད་པའམ་དེ་ལྟར་བྱེད་རྒྱུའི་གནས་སུ་གྱར་དགོས་དོན་གང་ཡིན་ནམ།
ཞིབ་འཇུག་པ་སི་ཊེ་ཧྤེ་ནི་པ་ལ་ཇི་ཡིས་གསུངས་པ་ལྟར་ན། གཞུང་ཁང་གི་སྐོར་ལ་རྒྱུན་གཏན་གྱི་གོ་ནོར་ཞིག་ཡོད་པ་ནི་དེའི་ནང་སྡོད་མཁན་ཚོའི་ཉེན་ཁ་དང་ཐབས་སྐྱོ་བའི་གནས་སྟངས་ཀྱི་སྐོར་དེ་རེད། ཁོང་ནི་ཁང་པ་དང་འཕྲོད་བསྟེན་གྱི་འབྲེལ་བའི་སྐོར་ལ་ཞིབ་འཇུག་བྱེད་མཁན་ཞིག་ཡིན་པ་དང་།ཁུན་སི་ལན་ཌི་མཐོ་སློབ་ཀྱི་སྤྱི་ཚོགས་ཚན་རིག་སློབ་གླིང་གི་ཞིབ་འཇུག་མཉམ་ཞུགས་པ་ཞིག་རེད།
ཁང་པ་གཞན་རྣམས་དང་གཅིག་མཚུངས་གཞུང་ཁང་གི་ནང་དུ་སྡོད་མཁན་རིགས་སྣ་ཚོགས་ཡོད།འབུམ་རམས་པ་སི་ཊེ་ཧྤེ་ནི་པ་ལ་ཇི།
ཁོ་མོས་མི་ཚོས་གཞུང་ཁང་ནང་སྡོད་དགོས་དོན་གཙོ་བོ་ནི་ཁང་གླ་མཐོ་བའི་དབང་གིས་ཡིན་པ་བརྗོད་ཅིང་།
“ཁོང་ཚོ་རྒྱུན་རིང་གི་སྤྱི་ཚོགས་ནང་རྒྱབ་ཏུ་ལུས་པའི་རྒྱུ་མཚན་ཡིན་ཡང་རུང་ད་ལྟ་གཞི་ནས་དཀའ་ངལ་འཕྲད་བཞིན་པ་ཡིན་ནའང་། ཐུན་མོང་གི་དཀའ་ངལ་ནི་ཁྲོམ་རའི་རིན་བབ་ཀྱི་ཁང་རིན་འཇལ་མི་ཐུབ་ཐུབ་པ་དེ་ཡིན་པ་རེད།”
རིན་གོང་འཇལ་ཐུབ་པའི་སྡོད་ཁང་ཡོད་མེད་དེ་ཡང་རྒྱུ་མཚན་གཙོ་བོ་ཞིག་ཡིན།
“སྔོན་ཆད་སྡོད་ས་འཚོལ་བའམ་ཁང་པ་གླ་རྒྱུར་དཀའ་ངལ་མེད་མཁན་མང་པོར་ད་ལྟ་མི་སུ་ཡིན་ཡང་དེ་འདྲའི་གནས་སྟངས་སུ་གྱར་སྲིད་པ་ངོས་འཛིན་བྱེད་ཡོང་མཁན་མང་དུ་འགྲོ་བཞིན་ཡོད།”

ཁང་རིན་འདང་ངེས་ཀྱི་སྡོད་ཁང་ཞེས་པ་གང་ཡིན་ནམ།
ཁང་གླ་རོགས་སྐྱོར་གྱི་གནས་སྟངས་འོག། ཐ་སྙད་“ཁང་རིན་འདང་ངེས་ཀྱི་སྡོད་ཁང་”ཞེས་པ་མཚམས་རེར་གཞུང་ཁང་ལ་ནོར་འཛོལ་བྱེད་ཀྱིན་ཡོད། འོན་ཀྱང་དེ་གཉིས་མི་འདྲ་བ་རེད།
ཁང་རིན་འདང་ངེས་ཀྱི་སྡོད་ཁང་ནི་རོགས་སྐྱོར་ཆ་ཚད་དམའ་བ་ཞིག་ཡིན་པ་དང་། དེ་མངའ་སྡེ་ནས་མངའ་སྡེ་དང་ལས་རིམ་ནས་ལས་རིམ་ལ་ཁྱད་པར་ཡོད།
ཝིག་ཊེ་རི་ཡའི་ཁང་ཁྱིམ་ལས་ཁུངས་ཀྱི་འགན་འཛིན་གཙོ་བོ་སི་མོན་ནིའུ་པོར་ཊེ་ཡིས་དེ་ནི་སྡོད་ཁང་གི་གནད་དོན་ནང་གི་བར་དུ་ལུས་པའི་ཆ་ཤས་དེ་ཡིན།”ཞེས་འགྲེལ་བརྗོད་བྱེད་ཀྱི་ཡོད།
“སྡོད་ཁང་རོགས་སྐྱོར་གྱི་གནད་དོན་ནང་ཐོག་མར་སྡོད་ཁང་མེད་མཁན་ཚོར་རོགས་སྐྱོར་གྱི་སྡོད་ཁང་དང་། གཞུང་ཁང་སྟེ་མི་མང་དང་ཚོགས་སྡེའི་སྡོད་ཁང་། དེ་ནས་ཁང་རིན་འདང་ངེས་ཀྱི་སྡོད་ཁང་བཅས་ཡོད། དེ་ནི་གཞུང་ཁང་དང་སྒེར་གྱི་ཁྲོམ་རའི་བར་དུ་གྱི་གནས་བབ་སུ་ཡོད་པ་ཚོར་གོ་གི་ཡོད།”
ཡོང་འབབ་དམའ་བ་དང་འབྲིང་ཙམ་ཡོད་པའི་མི་རྣམས་ལ་ཕན་ཐོགས་པའི་ཕྱིར་ཁང་རིན་འདང་ངེས་ཀྱི་སྡོད་ཁང་གི་ལས་རིམ་ཁག་ཡོད། དེས་ཁྲོམ་རའི་ཚད་གཞི་ལས་དམའ་བའི་ཁང་གླ་ཅན་གྱི་སྡོད་ཁང་མཁོ་སྤྲོད་བྱེད་ཀྱི་ཡོད།
ནིའུ་པོར་ཊི་ཡིས་གསུངས་པ་ལྟར་ན། “ཁང་རིན་འདང་ངེས་ཀྱི་སྡོད་ཁང་ཁག་ལ་སྤྱིར་བཏང་ཁྲོམ་རའི་ཁང་གླ་ལས་བརྒྱ་ཆ་༧༥ ལས་མང་བ་ལེན་གྱི་མེད་པའམ། ཡང་ན་ཁྲོམ་རའི་ནང་གི་མི་ཚོས་སྤྲོད་པའི་ཁང་གླ་ལས་བརྒྱ་ཆ་ ༢༥ ཉུང་བ་དགོས།”
ཁང་རིན་འདང་ངེས་ཀྱི་སྡོད་ཁང་གཡར་བར་སྙན་ཞུ་ཇི་ལྟར་འབུལ་དགོས་སམ།
ཁང་རིན་འདང་ངེས་ཀྱི་སྡོད་ཁང་གི་ལས་རིམ་ཁག་ནི་ཚོགས་སྡེའི་སྡོད་ཁང་མཁོ་སྤྲོད་བྱེད་མཁན་ཚོས་འཛིན་སྐྱོང་བྱེད་ཀྱི་ཡོད་པ་དང་། དེ་ལ་སྙན་ཞུ་ཕུལ་བ་དེས་གཞུང་ཁང་གི་སྒུག་ཐོའི་ནང་ནས་དོན་གྱི་མེད།
“དེར་བརྟེན་ཁྱེད་ཀྱིས་ཚོགས་སྡེའི་སྡོད་ཁང་མཁོ་སྤྲོད་བྱེད་མཁན་ཚོ་བརྒྱུད་ནས་ཐད་ཀར་ཞུ་སྙན་འབུལ་ཆོག”ཁྱེད་རང་གིས་རྒྱལ་ཡོངས་ཀྱི་ཚོགས་སྡེའི་སྡོད་ཁང་མཁོ་སྤྲོད་བྱེད་མཁན་གྱི་ཐོ་གཞུང་བརྒྱུད་ནས་ཁྱེད་ཀྱི་ས་ཁུལ་དུ་ཁང་རིན་འདང་ངེས་ཀྱི་སྡོད་ཁང་མཁོ་སྤྲོད་བྱེད་མཁན་རྣམས་འཚོལ་ཐུབ།།
ཨོ་སི་ཊེ་ལི་ཡར་གནས་སྤོ་བྱས་རྗེས་རིན་ཐང་ལྡན་པའི་གནས་ཚུལ་དང་ལམ་སྟོན་མང་ཙམ་ཤེས་རྟོགས་བྱེད་པའི་ཆེད་དུ། ཨོ་སི་ཊེ་ལི་ཡ་འགྲེལ་བརྗོད་ཀྱི་ཆེད་སྒྲིག་སྒྲ་བརྙན་ལེ་ཚན་ཁག་ལ་ཉན་པའམ་རྗེས་འབྲང་བྱེད་རོགས།
ཁྱེད་ལ་དྲི་བ་དང་བརྗོད་གཞི་གང་ཞིག་གི་སྐོར་ལ་བསམ་འཆར་ཡོད་ན་ང་ཚོར་ australiaexplained@sbs.com.au ལ་གློག་འཕྲིན་གཏོང་རོགས།







