གཙོ་གནད།
- འབྲེལ་ཡོད་ལས་ཁུངས་ནས་བདེ་འཇགས་ཡིན་སྐོར་བརྗོད་དུས་མ་གཏོགས་རང་ཁྱིམ་དུ་ཕྱིར་ལོག་རྒྱུ་མེད་པ་དང་། མེ་སྟག་ལྷག་འཕྲོ་ཡོད་མེད་ཞིབ་བཤེར་བྱེད་པ་སོགས་ཀྱི་སྔོན་འགོག་བྱེད་དགོས།
- ནགས་ཚལ་མེ་སྐྱོན་ལས་བྱུང་བའི་ཕྱི་ནང་གི་དཀའ་ངལ་སེལ་བར་རོགས་རམ་བྱེད་པའི་སླར་གསོ་ལྟེ་གནས་དང་། དཔལ་འབྱོར་གྱི་རོགས་སྐྱོར། སེམས་ཁམས་འཕྲོད་བསྟེན་གྱི་ཞབས་ཞུ་བཅས་ཡོད།
- ནགས་ཚལ་མེ་སྐྱོན་ལས་སླར་གསོ་བྱེད་པར་དུས་ཚོད་འགོར་བ་དང་། སྤྱི་ཚོགས་ཀྱི་རོགས་སྐྱོར་ལ་བརྟེན་པ། རང་ཉིད་ཀྱི་བདེ་ཐང་ལ་ལྟ་སྐྱོང་བྱེད་པ་ནི་ཧ་ཅང་གལ་ཆེན་པོ་ཡིན།
- ནགས་ཚལ་མེ་སྐྱོན་དང་འཕྲད་རྗེས་བདེ་འཇགས་ངང་རང་ཁྱིམ་དུ་ག་དུས་ཕྱིར་ལོག་བྱེད་དགོས་སམ།
- ་སྐྱོན་གྱིས་གནོད་སྐྱོན་ཐེབས་པའི་ས་ཆར་ཕྱིར་ལོག་སྐབས་སྔོན་འགོག་བྱེད་དགོས་པ་གང་ཡོད་དམ།
- ནགས་མེའི་རྐྱེན་ངན་འཕྲད་རྗེས་སླར་གསོ་ལྟེ་གནས་དང་དཔའ་འབྱོར་གྱི་རོགས་སྐྱོར་གང་དག་ཡོད་དམ།
- ནགས་མེའི་དུད་རླངས་ཀྱིས་ཁྱེད་རང་གི་འཕྲོད་བསྟེན་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་སམ།
- ནགས་མེའི་རྐྱེན་ངན་འཕྲད་རྗེས་སེམས་ཁམས་འཕྲོད་བསྟེན་གྱི་རོགས་སྐྱོར་གང་ཞིག་ནས་འཚོལ་དགོས་སམ།
- ནགས་མེའི་རྐྱེན་ངན་བྱུང་རྗེས་ཕ་མ་ཚོས་བྱིས་པ་དང་ན་གཞོན་ལ་རྒྱབ་སྐྱོར་ཇི་ལྟར་བྱེད་དགོས་སམ།
- ནགས་མེའི་རྐྱེན་ངན་ལས་སླར་གསོ་བྱེད་སྐབས་སྤྱི་ཚོགས་ཀྱི་རོགས་སྐྱོར་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་ཅི་ཡིན།
ནགས་ཚལ་མེ་སྐྱོན་ལས་སླར་གསོ་བྱེད་པ་ནི་བློ་ཡུལ་དུ་མི་ཤོང་བ་ཞིག་ཏུ་ཚོར་སྲིད་ཀྱང་རོགས་སྐྱོར་ཡོད། རྐྱེན་ངན་འཕྲད་རྗེས་རང་ཁྱིམ་དུ་བདེ་འཇགས་ངང་ཕྱིར་ལོག་བྱས་པ་ནས་རང་ཉིད་ཀྱི་འཕྲོད་བསྟེན་དང་བདེ་ཐང་ལ་ཤུགས་ནོན་རྒྱག་དགོས་པ་ནི་བརྒྱུད་རིམ་གཙོ་བོ་དག་ཡིན།
ནགས་ཚལ་མེ་སྐྱོན་དང་འཕྲད་རྗེས་བདེ་འཇགས་ངང་རང་ཁྱིམ་དུ་ག་དུས་ཕྱིར་ལོག་བྱེད་དགོས་སམ།
ཨོ་སི་ཊེ་ལི་ཡའི་མི་རྣམས་ལ་རྒྱུན་དུ་ནགས་མེའི་རྐྱེན་ངན་འབྱུང་སྐབས་གདོང་ལེན་བྱེད་ཐབས་ཀྱི་འཆར་གཞི་ཞིག་དགོས་པའི་གལ་ཆེན་རང་བཞིན་དྲན་སྐུལ་བྱེད་ཀྱི་ཡོད། འོན་ཀྱང་མེ་མཚམས་ཆད་པའི་རྗེས་སུ་ཅི་ཞིག་བྱེད་དགོས་སམ་ཞེ་ན།
གལ་ཏེ་ཁྱེད་རང་ཉེན་གཡོལ་དུ་ཕྱིན་ཡོད་ན། ཁྱེད་རང་ཁྱེད་ཀྱི་མངའ་སྡེའི་ཛ་དྲག་ཞབས་ཞུ་སྡེ་ཚན་གྱིས་ནང་ལ་ལོག་རྒྱུ་བདེ་འཇགས་ཡིན་པར་མ་བཤད་གོང་ནང་ལ་ལོག་རྒྱུ་མེད། ལོག་རྒྱུ་སྔ་དྲགས་ན་བརྟན་པོ་མེད་པའི་ཁང་པ་དང་། གློག་སྐུད་ལྷུང་བ། ཡང་ན་འབར་བཞིན་པའི་མེ་ཚག་སོགས་ཀྱི་ཉེན་ཁ་ཡོད།

མེ་སྐྱོན་གྱིས་གནོད་སྐྱོན་ཐེབས་པའི་ས་ཆར་ཕྱིར་ལོག་སྐབས་སྔོན་འགོག་བྱེད་དགོས་པ་གང་ཡོད་དམ།
ཁྱེད་རང་ནང་ལ་ལོག་ཆོག་གི་ཡོད་ན། རུལ་རྒྱུ་མེད་པའི་བཟའ་ཆས་དང་། ཆུ་དམ་བེ། དངུལ་སྨར། གློག་བཞུ། གློག་རྫས་འཕར་མ་སོགས་ངེས་པར་དུ་དགོས་པའི་དངོས་པོ་ཁྱེར་ཡོང་།
གལ་ཏེ་ཁྱེད་ཀྱི་ཁྱིམ་ད་དུང་བརྟན་པོར་གནས་ཡོད་ན། ནང་ལ་མ་འཛུལ་གོང་མངོན་གསལ་དོད་པའི་གཏོར་སྐྱོན་བྱུང་ཡོད་མེད་ཞིབ་བཤེར་བྱོས། མེ་སྐྱོན་བྱུང་བའི་ས་ཁང་ལ་འཛུལ་སྐབས། དབུགས་གཏོང་འཕྲུལ་ཆས། ལག་ཤུབས། ཕུ་ཐུང་རིང་པོ། ལྷམ་བརྟན་པོ་བཅས་གྱོན། གལ་ཏེ་བྱུང་ན། ཐོག་མར་ཕྲུ་གུ་དང་གཅེས་ནར་སེམས་ཅན་རྣམས་རྒྱང་རིང་དུ་འཇོག་དགོས།
མེ་ཚག་རྣམས་ལ་གཟབ་ནན་གྱིས་ལྟོས། དེ་དག་གིས་མེ་དཔུང་ཤི་བའི་ཉིན་མང་པོའི་རྗེས་སུ་སླར་ཡང་མེ་སྦར་སྲིད།
ནེའུ་སའོ་ཐི་ཝེལ་སིའི་ནཱ་ན་གྷེ་ལན་གྲོང་གསེབ་མེ་གསོད་སྡེ་ཚན་གྱི་རྒན་འཛིན་ཤ་རི་ཕི་བྷེ་ཊེ་ཡིས་འདི་འདྲ་མང་པོ་མཐོང་མྱོང་ཡོད། ཨོ་སི་ཊེ་ལི་ཡ་ཡོངས་སུ་དང་བླངས་མེ་གསོད་པ་ཁྲི་ ༡༠༠,༠༠༠ ལྷག་ཡོད་པ་ཚོས་སྤྱི་ཚོགས་ལ་སློབ་གསོ་སྤྲོད་པ་དང་། མེ་གསོད་པ། སླར་གསོའི་ལས་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཁོང་མེ་སྐྱོན་ཆེན་པོ་ཞིག་དང་ཐོག་མར་འཕྲད་པའི་ལོ་ནི་ ༢༠༡༩ ལོ་ཡིན།
“མེ་སྐྱོན་བྱུང་རྗེས་ང་ཚོར་བདུན་ཕྲག་གཉིས་ཙམ་གྱི་རྗེས་རོགས་རམ་གྱི་ལན་འབྱོར་གྱི་ཡོད། དེ་ནི་ཁྱིམ་བདག་ཅིག་གིས་ཤིང་དུམ་ཞིག་ད་དུང་ཚ་པོ་དང་དུ་བ་འཕྱུར་བཞིན་པ་མ་ཤེས་པར་ལྷག་པའི་རྐྱེན་སོགས་ཀྱིས་རེད། ཉིན་བདུན་ཙམ་གྱི་རྗེས་སུ་རླུང་ལྡང་བ་དང་དེའི་རྐྱེན་པས་མེ་འབར་གྱི་ཡོད། དེ་ནས་ཁོ་ཚོས་སྒེའུ་ཁུང་རྒྱབ་ལ་ལྟ་སྐབས་ཤིང་དུམ་ཞིག་མེ་འབར་བཞིན་པ་མཐོང་སོང་བ་རེད། མེ་ཚག་དང་མེ་ཤུལ་ཚ་པོ་དེ་དག་གིས་མེ་སླར་ཡང་སྦར་སྲིད། ལྷག་པར་དུ་ཁྱེད་ཀྱི་ཁྱིམ་དང་ཐག་ཉེ་པོ་ཡོད་ན་དེ་བས་ཉེན་ཁ་ཆེ།” ཞེས་ཁོང་གིས་དྲན་གསོ་གནང་གི་འདུག།
ནགས་ཚལ་མེ་སྐྱོན་དང་འཕྲད་རྗེས་སླར་གསོ་ལྟེ་གནས་དང་དཔའ་འབྱོར་གྱི་རོགས་སྐྱོར་གང་དག་ཡོད་དམ།
ཛ་དྲག་མྱུར་སྐྱོབ་དང་རོགས་སྐྱོར་ལྟེ་གནས་རྣམས་འཕྲལ་མར་བདེ་འཇགས་དང་རྒྱབ་སྐྱོར་ཆེད་བཙུགས་ཡོད། དེ་དག་གིས་རྒྱུན་པར་མྱུར་སྐྱོབ་དང་། ཟས་རིགས། འཐུང་ཆུ་བཅས་མཁོ་སྤྲོད་བྱེད་པ་དང་། གློག་གསོག་ས་ཚིགས་ཀྱང་ཡོད་སྲིད། དེ་བཞིན་དུ་རྨས་སྐྱོན་ཕོག་པ་དག་གི་ཆེད་དུ་སེམས་ཁམས་སྨན་པ་དང་དེ་དག་ངོས་སྦྱོར་བྱེད་མཁན་གྱི་ཞབས་ཞུ་ཡང་ཡོད་སྲིད།
ཝིག་ཊོ་རི་ཡ་ཛ་དྲག་སླར་གསོ་ཁང་། ནིའུ་སའོ་ཐ་ཝལ་སི་ཞབས་ཞུ་ཁང་། ཁུན་སི་ལན་ཛ་དྲག་སླར་གསོ་ཨང་གྲངས་སོགས་མངའ་སྡེ་ཁག་གི་ཞབས་ཞུ་ཁག་གིས་མི་རྣམས་ལ་གོམ་པ་རྗེས་མ་དེ་གང་དུ་སྤོ་དགོས་མིན་མཛུབ་སྟོན་བྱེད་ཐུབ།
ཁྱེད་ཀྱི་གནས་སྟངས་ལ་གཞིགས་ནས་གཞུང་གི་གནོད་སྐྱོན་དཔལ་འབྱོར་རོགས་སྐྱོར་ཡང་མཁོ་སྤྲོད་བྱེད་སྲིད།
གལ་ཏེ་ཁྱེད་ལ་འགན་བཅོལ་ཡོད་ན། གནས་སྤོ་བྱེད་པ་དང་དངོས་པོ་གཙང་མ་མ་བཟོས་གོང་ཡོད་ཚད་ཡིག་ཐོག་ཏུ་འགོད་དགོས། འདྲ་པར་དང་བརྙན་ཐུང་བླངས་ནས་གྱོང་གུན་བྱུང་བ་རྣམས་ཡིག་ཐོག་ཏུ་འགོད་དགོས། འགན་བཅོལ་ཁ་ཤས་ཀྱིས་གནས་སྐབས་སྡོད་གནས་ལྟ་བུའི་གལ་ཆེའི་དངོས་པོ་རྣམས་ལ་མྱུར་བའི་གུན་གསབ་སྤྲོད་སྲིད།

ནགས་ཚལ་མེ་སྐྱོན་གྱི་དུད་རླངས་ཀྱིས་ཁྱེད་རང་གི་འཕྲོད་བསྟེན་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་སམ།
ནགས་མེའི་དུ་བས་མེ་ལས་རིང་དུ་གནས་པའི་མི་རྣམས་ལའང་ཤུགས་རྐྱེན་ཐེབས་ཏེ། མཁའ་རླུང་གི་སྤུས་ཚད་དང་། འཕྲོད་བསྟེན། ཉིན་རེའི་འཚོ་བར་གནོད་སྐྱོན་ཐེབས་ཀྱི་ཡོད། སྙིང་དང་དབུགས་ལམ་གྱི་ནད་གཞི་ཡོད་མཁན་ཚོ་ཉེན་ཁ་ཆེ་ཤོས་ཡིན།
ཛ་དྲག་སྨན་པ་དང་མང་ཚོགས་འཕྲོད་བསྟེན་དང་གོད་ཆག་ཉམས་ཞིབ་པ་ལའེ་ཧེང་ཧྥོང་གིས་བརྗོད་དོན། དུ་བ་དྭངས་རྗེས་ཀྱང་ཤུགས་རྐྱེན་རྒྱུན་རིང་པོར་གནས་ཀྱི་ཡོད།
“ང་ཚོས་དབྱར་ཁ་ནག་པོའི་ནགས་མེའི་དོན་རྐྱེན་སྐབས་མཐོང་བ་ལྟར། དུད་རླུང་དང་རྒྱུན་རིང་འཕྲད་པའི་ནང་ལྷག་པའི་ཤུགས་རྐྱེན་གྱིས་སྐྱེས་རྒྱུ་ཡིན་པའི་ཕྲུ་གུའི་འཚར་ལོངས་ལ་གནོད་ཅིང་། སྙིང་ནད་དང་། དྲན་པ་ཉམས་པ། སྐྲན་ནད། གྲིབ་ནད། མངར་ཆུ་ནད། དེ་བཞིན་སེམས་ཁམས་འཕྲོད་བསྟེན་ཞན་པོར་གྱུར་པ་སོགས་ལ་འབྲེལ་བ་ཡོད།”
ནགས་མེའི་རྐྱེན་ངན་འཕྲད་རྗེས་སེམས་ཁམས་འཕྲོད་བསྟེན་གྱི་རོགས་སྐྱོར་གང་ཞིག་ནས་འཚོལ་དགོས་སམ།
ལྷག་པར་དུ་གནམ་གཤིས་འགྱུར་ལྡོག་གིས་ནགས་མེ་ཤོར་བའི་ཚད་གཞི་དང་དཀའ་ངལ་ཆེ་རུ་འགྲོ་སྐབས་ཡང་ཡང་བྱུང་བའི་གོད་ཆག་གིས་སེམས་ཁམས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད།
"ང་ཚོས་མ་འོངས་པར་མཐོང་རྒྱུ་ཡིན་པ་ལྟར་ནགས་མེའི་རྐྱེན་ངན་ཡང་ཡང་འབྱུང་སྐབས། གནམ་གཤིས་འགྱུར་ལྡོག་གིས་གོད་ཆག་འབྱུང་བའི་གནས་སྟངས་ཕུང་གསོག་ཐེབས་ཏེ་མེ་སྐྱོོན་བསྐྱར་ཟློས་མང་བ་དང་མེ་ཤུགས་ཆེ་བ་ཡོང་བ་དེས་དེ་ལྟར་འབྱུང་ཐེངས་རེར་མི་རྣམས་ལ་རྐྱེན་ངན་དྲན་གསོ་བྱུང་ཏེ་ཚོར་སེམས་འཚབ་དང་སྐྱོ་སྣང་། དེ་བཞིན་རྨས་སྐྱོན་རྗེས་ཀྱི་སེམས་ཁམས་ཀྱི་ཤུགས་རྐྱེན་སོགས་ཀྱི་ཉེན་ཁ་ཆེ་རུ་འགྲོ་གི་རེད།" ཞེས་སྨན་པ་ལའི་ཡིས་གསུངས།
རྐྱེན་ངན་དེ་དག་གི་སྐབས་སླར་གསོ་ལྟེ་གནས་དང་། སྨན་པ། དེ་བཞིན་ཚེ་སྲོག་སྐྱོབ་རོགས་དང་བྷི་ཡོན་ཌི་བྷུ་ལུ་སྔོན་ཐོན་སྔོན་བརྡ་ལྟ་བུའི་ཆུ་ཚོད་ ༢༤ རིང་གི་རོགས་རམ་ཁ་པར་བརྒྱུད་ནས་རོགས་སྐྱོར་ཐོབ་ཐུབ།

ནགས་མེའི་རྐྱེན་ངན་བྱུང་རྗེས་ཕ་མ་ཚོས་བྱིས་པ་དང་ན་གཞོན་ལ་རྒྱབ་སྐྱོར་ཇི་ལྟར་བྱེད་དགོས་སམ།
གོད་ཆག་རྗེས་བྱིས་པ་དང་ན་གཞོན་ཚོར་རྒྱབ་སྐྱོར་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ཕ་མའི་བདེ་ཐང་གིས་བྱིས་པ་ཚོས་གནས་སྟངས་ལ་གདོང་ལེན་བྱེད་སྟངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད།
ཨེ་རིན་པེ་ལི་ནི་ཨོ་སི་ཊེ་ལི་ཡའི་རྒྱ་འགྲམ་དམར་པོའི་ཚོགས་པའི་སླར་གསོ་དང་ཛ་དྲག་ཞབས་ཞུའི་རྒྱལ་ཡོངས་དོ་དམ་པ་ཡིན་པ་དང་། ཁོང་གིས་གོད་ཆག་རྗེས་ཕ་མའི་འོས་འགན་འཁྱེར་རྒྱུ་ནི་དམིགས་བསལ་གྱིས་དཀའ་ངལ་ཆེན་པོ་ཡིན་པར་བཤད་ཡོད།
“གོད་ཆག་རྗེས་ཕ་མའི་འོས་འགན་འཁྱེར་རྒྱུ་ནི་དངོས་གནས་ཧ་ཅང་ཁག་པོ་རེད། བརྒྱུད་དགོས་པའི་འགྲོ་ལམ་མང་པོ་ཡོད། ཁྱེད་ཀྱི་བྱིས་པ་ཚོ་ལའང་ཁྱེད་རང་དང་མཚུངས་པའི་ས་གོད་ཆག་དང་འབྲེལ་བའི་ཚོར་བ་དང་བསམ་བློ། ཡང་ན་གདོང་ལེན་བྱེད་ཐབས་ཀྱི་དཀའ་ངལ་འཕྲད་སྲིད། དེ་ནི་རྒྱུན་ལྡན་རེད། ཁྱེད་ཚོ་ཚང་མས་དཀའ་ངལ་མང་པོ་མྱངས་ཡོད། དེར་བརྟེན་ཁོང་ཚོར་བློ་བདེ་བཟོ་བ་དང་། གཅེས་སྐྱོང་། སེམས་གསོ་སྤྲོད་རྒྱུ་ནི་ཁྱེད་ཀྱིས་བྱེད་ཐུབ་པའི་ཆེས་གལ་ཆེ་ཤོས་དེ་རེད། ཁྱེད་ཀྱི་བྱིས་པ་ཁྱེད་ལས་ལྷག་པ་གཞན་སུ་གཅིག་གིས་ཀྱང་རྒྱུས་ལོན་ཆེ་བ་མེད།
གལ་ཏེ་ཁྱེད་ཀྱིས་བྱིས་པའི་སྤྱོད་པ་ལ་བློ་འཚབ་སྐྱེ་གཞི་ཡོད་པ་མཐོང་ན། ཁྱེད་ཀྱི་སྨན་པ་ཡང་ན་རོགས་སྐྱོར་ཨང་གྲངས་བརྒྱུད་ནས་རོགས་སྐྱོར་སྔ་ཙམ་འཚོལ་དགོས། བྱིས་པ་ཚོའི་རོགས་སྐྱོར་ཨང་གྲངས་ཀྱིས་ལོ་ལྔ་ནས་ཉེར་ལྔའི་བར་གྱི་ན་གཞོན་ཚོར་གསང་རྒྱ་ཡོད་ཐོག་ཁ་པར་དང་དྲ་ཐོག་སློབ་སྟོན་མཁོ་སྤྲོད་བྱེད་ཀྱི་ཡོད།
ནགས་མེའི་རྐྱེན་ངན་ལས་སླར་གསོ་བྱེད་སྐབས་སྤྱི་ཚོགས་ཀྱི་རོགས་སྐྱོར་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་ཅི་ཡིན།
ནགས་མེའི་གནོད་སྐྱོན་ལས་སླར་གསོ་ཐུབ་རྒྱུ་ནི་མི་ཚང་མར་མི་འདྲ་བ་ཡོད། མི་མང་པོ་ཞིག་གིས་རེ་བ་བྱེད་པ་ལས་དུས་ཚོད་རིང་བ་འགོར་གྱི་ཡོད།
ཨེ་རིན་པེ་ལི་ཡིས་སླར་གསོའི་སྐབས་དགའ་སྤྲོའི་དུས་སྐབས་ཐུང་ཐུང་རེ་ཙམ་ཡང་བསྐྲུན་རྒྱུའི་ཕྱིར་དུས་ཚོད་གཏོང་རྒྱུའི་སྐུལ་མ་བྱེད་ཀྱི་ཡོད། དཔེར་ན་ཇ་ཕོར་པ་གང་བཟོ་བ། ནང་མི་དང་མཉམ་དུ་འཆམ་འཆམ་ལ་འགྲོ་བ། ཡང་ན་ཁྱིམ་མཚེས་ཚོ་དང་མཉམ་དུ་སྤྲོ་སྐྱིད་གོ་སྒྲིག་བྱེད་པ་ལྟ་བུ།
གལ་ཏེ་ཁྱེད་ལ་གཞན་ལ་རོགས་རམ་བྱེད་པའི་ནུས་པ་ཡོད་ན། དེ་ནི་ཆེན་པོ་ཞིག་ཡིན་མི་དགོས། ཁྱེད་རང་གི་ཁོང་ཚོའི་ཉེ་འགྲམ་དུ་ཡོད་པ་ཙམ་གྱིས་ཧ་ཅང་གི་ཁྱད་པར་བཟོ་ཐུབ།
“ཁྱེད་ལ་སེམས་ཁུར་བྱེད་མཁན་ཞིག་ཡོད་པ་ཤེས་པ། ཁྱེད་ཀྱིས་གང་འགྲོ་བཞིན་པ་ལ་ཉན་མཁན་ཞིག་ཡོད་པ་ཤེས་པ། དེ་བཞིན་གང་བྱུང་བ་དེ་དང་མཐུན་པར་རོགས་རམ་བྱེད་མཁན་ཞིག་ཡོད་པ་ཤེས་པ་དེ་ནི་མི་རྣམས་ལ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་དེ་ནི་ཅ་ལག་གམ་དངུལ་འབོར་ཆེན་ཞིག་ཞལ་འདེབས་སྤྲོད་པའམ་དུས་ཚོད་ཞལ་འདེབས་སྤྲོད་པ་ལྟ་བུ་ཡིན་མི་དགོས། དོན་དངོས་སུ་ཁྱེད་ཀྱི་རྣ་བ་གཡར་ནས་གཞན་གྱི་སེམས་ཚོར་ལ་གདུང་སེམས་མཉམ་སྐྱེ་བྱེད་རྒྱུ་དེ་ཡིན་ ” ཞེས་གསུངས།
ནགས་ཚལ་མེ་སྐྱོན་ལས་སླར་གསོ་བྱེད་རྒྱུ་ནི་འགོར་ཡུན་རིང་བའི་འགྲུལ་བཞུད་ཞིག་ཡིན། འོན་ཀྱང་ཁྱེད་ཀྱི་བདེ་འཇགས་དང་ཁྱིམ་ཚང་གི་བདེ་ཐང་བཅས་ལ་རྒྱབ་སྐྱོར་ཡོད།།
ཨོ་སི་ཊེ་ལི་ཡར་གནས་སྤོ་བྱས་རྗེས་རིན་ཐང་ལྡན་པའི་གནས་ཚུལ་དང་བསླབ་བྱ་མང་ཙམ་ཤེས་རྟོགས་བྱེད་པའི་ཆེད་དུ་ཨོ་སི་ཁྲུ་ལི་ཡ་འགྲེལ་བརྗོད་ཀྱི་སྒྲ་བརྙན་ཆེད་སྒྲོག་ལེ་ཚན་ལ་ཉན་པའམ་རྗེས་འབྲང་བྱེད་རོགས།
ཁྱེད་ལ་དྲི་བ་དང་བརྗོད་གཞི་གང་ཞིག་གི་སྐོར་ལ་བསམ་འཆར་ཡོད་ན་ང་ཚོར་ australiaexplained@sbs.com.au ལ་གློག་འཕྲིན་གཏོང་རོགས།








