Key Points
- ཝོ་རི་མི་དང་ཡོན་མན་གྱི་རྒྱུད་པ་ཡིན་པ་གདེང་སྤོབས་ལྡན་པའི་ཀ་ཡེལ་ཝེན་ཌར་ཀ་ཡེབ་ཡིས་ ༡༩༩༦ ལོར་ཨེཌ་ལེན་ཊ་དང་། ༢༠༠༠ ལོར་སི་ཌི་ནི་དུ་ཨོ་ལེམ་པིག་རྩེད་འགྲན་ལ་མི་ཊར་ ༡༡༠ ཡི་འགག་ཤིང་མཆོང་རྒྱུག་འགྲན་རྩེད་དུ་ཨོ་སི་ཁྲུ་ལི་ཡའི་སྐུ་ཚབ་བྱས།
ལོ་བཅུ་ཕྲག་འགའི་རིང་། གདོད་མའི་མི་རིགས་ཀྱི་རྩེད་འགྲན་པ་མང་པོ་ཞིག་ཆེད་ལས་རྩེད་འགྲན་གྱི་ཡང་རྩེར་སླེབས་ཡོད། སྔོན་གྱི་ཨོ་ལེན་པིག་རྩེད་འགྲན་གྱི་འགག་ཤིང་མཆོང་རྒྱུག་འགྲན་རྩེད་པ་ཀ་ཡེལ་ཝེན་ཌར་ཀ་ཡེབ་དང་། ཆེད་ལས་རྐང་རྩེད་སྤོ་ལོའི་རྩེད་འགྲན་པ་ལི་ཌི་ཡ་ཝེ་ལེམ་སི་དང་། ད་དུང་བང་འགྲན་རྒྱུག་ལམ་ཐོག་སྙན་གྲགས་ཆེ་བའི་ཁའེ་ཐི་ཧྥི་རི་མན་སོགས་མི་སྣ་ཚོས་རྒྱལ་ཁབ་ཀྱི་ངོ་ཚབ་བྱས་པ་མ་ཟད། རང་མི་རིགས་ཀྱི་རིག་གནས་ཀྱི་སྤོབས་སེམས་ཀྱང་འཛམ་གླིང་གར་སྟེགས་ཐོག་ཁྱེར་ཡོད། ཁོ་ཚོའི་འགྲུལ་བཞུད་ཀྱིས་ང་ཚོར་རྩེད་རིག་ནི་སྒེར་གྱི་སྨྲ་བརྗོད་དང་། ངོ་བོ་མཚོན་པ། འབྲེལ་ལམ་སྤེལ་བ་སོགས་མི་སྒེར་ཙམ་མ་ཟད། ཐུན་མོང་གི་རང་བཞིན་ལྡན་པའི་སྡིང་ཆ་ཞིག་ཡིན།།
གདོད་མའི་རྩེད་འགྲན་པས་བུ་རབས་ཚ་རྒྱུད་ལ་སྐུལ་མ་ཇི་ལྟར་གཏོང་གི་ཡོད།
ཨོ་སི་ཁྲུ་ལི་ཡའི་གདོད་མའི་མི་རིགས་རྩེད་འགྲན་པ་ལི་ཌི་ཡ་ཝེ་ལེམ་སི་དང་ཀ་ཡེལ་ཝེན་ཌར་ཀ་ཡེབ་ལ་མཚོན་ན། ཁོང་ཚོའི་གོང་གི་མངོན་ཐོན་རྩེད་འགྲན་པ་རྣམས་ལ་མིག་དཔེ་བལྟ་རྒྱུ་བྱུང་བ་དེས་ཁོ་ཚོས་རྒྱལ་སྤྱིའི་རྩེད་འགྲན་གྱི་གར་སྟེགས་ཐོག་གྲུབ་འབྲས་ཐོབ་པར་སྐུལ་འདེད་བྱུང་རྒྱུར་ཕན་ཐོགས་ཡོད།
"ང་རྒྱུན་དུ་རྩེད་རིག་ལ་དགའ་བ་དང་། ཐོག་མཐའ་བར་གསུམ་དུ་རྐང་རྩེད་སྤོ་ལོ་ལ་དགའ་པོ་ཡོད་པ་མ་ཟད་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་འཐུས་ཚབ་བྱེད་པ་དེར་དགའ་པོ་ཡོད། འོན་ཀྱང་རང་གི་མི་རིགས་ཀྱི་རིག་གནས་དང་མི་རྣམས་ཀྱི་ཚབ་མཚོན་བྱེད་ཐུབ་པ་ནི་དངོས་གནས་ངོ་མཚར་ཆེ་བའི་ཉམས་མྱོང་ཞིག་དང་མིག་དཔེའི་ལས་ཀ་ཞིག་ཡིན་ཏེ། ཁྱོད་ཉིད་ཕྱོགས་གང་ནས་སླེབས་རུང་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་ཐུབ་པའི་ལམ་ཞིག་ཡོད་པ་དེ་ཡིན།"ཞེས་ཨོ་སི་ཁྲུ་ལི་ཡ་ནུབ་མའི་ལྷོ་ནུབ་ས་ཁུལ་དུ་སྐྱེས་པའི་ནུང་གྷར་གྱི་བུད་མེད་ལི་ཌི་ཡ་ཝེ་ལེམ་སི་ཡིས་བཤད། ཁོ་མོ་ནི་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཁབ་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་མ་ཊིལ་ཌ་སི་ནང་སྒོ་རགས་པའི་ངོ་བོའི་ཐོག་ཞབས་ཞུ་བྱེད་ཡུན་རིང་ཤོས་ཀྱི་རྩེད་འགྲན་པ་ཞིག་ཞིག་ཡིན།
ལི་ཌི་ཡ་ཡིས་ཨོ་སི་ཁྲུ་ལི་ཡའི་ཚབ་བྱས་ཏེ་ཨོ་ལེན་པིག་རྩེད་འགྲན་གཉིས་དང་། འཛམ་གླིང་བུམ་པའི་རྩེད་འགྲན་ལྔ། ཨེ་ཤེ་ཡ་བུམ་པའི་རྩེད་འགྲན་དྲུག་བཅས་སུ་ཞུགས། དེ་ལྟར་རྩེད་འགྲན་གྱི་ལས་རིགས་དེས་ཁོ་མོ་འཛམ་གླིང་གི་ཕྱོགས་ཡོངས་སུ་ཁྲིད་ཡོད།

ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༦ ཚེས་ ༠༣ ཉིན་ཨོ་སི་ཁྲུ་ལི་ཡའི་སི་ཌི་ནི་གྲོང་ཁྱེར་དུ་ཨོ་སི་ཁྲུ་ལི་ཡའི་མ་ཐི་ལི་ཌི་ཡ་དང་ཀྲུང་གོའི་PRབར་གྱི་རྒྱལ་སྤྱིའི་མཛའ་བརྩེའི་རྩེད་འགྲན་མ་བྱས་གོང་ཨོ་སི་ཁྲུ་ལི་ཡའི་སྒོ་རགས་པ་ལི་ཌི་ཡ་ཝེ་ལེམ་སི་ལ་ཨེ་ཝུན་གྷོ་ལ་གྷོང་ཀ་བོ་ལེ་ནས་ལེགས་སྐྱེས་ཕུལ་བ་རེད། པར་ལེན་མཁན་མེཊ་ཀིང་། གྷེ་ཊི་པར་ལས། Credit: Matt King/Getty Images
ཕུལ་བྱུང་གྱི་རྩེད་འགྲན་ནང་ཞུགས་པར་འགལ་རྐྱེན་མེད་པ་ཞིག་མིན། རང་ཉིད་ཀྱི་ངོ་བོ་དང་། འགྲིན་ཚབ་ཀྱི་ནུས་པ། འདྲ་མཉམ་བཅས་ཀྱི་གནད་དོན་གྱིས་གདོད་མའི་མི་རིགས་རྩེད་འགྲན་པ་ཚོའི་ཉམས་མྱོང་སྐྱེད་སྲིང་བྱས་ཡོད། ལི་ཌི་ཡ་ཡིས་བུད་མེད་རྐང་རྩེད་སྤོ་ལོའི་ཁྲོད་འདྲ་མཉམ་གྱི་གླ་ཕོགས་དང་ངོས་འཛིན་ཐོབ་ཐབས་ལ་རྩོད་ལེན་བྱས་པ་ཕྱིར་དྲན་གནང་།
ཁོ་མོས་ "ངས་ལས་རིགས་འདིའི་ནང་ཞུགས་པའི་རིང་ང་ཚོས་སྐྱེས་པ་ཚོ་དང་གཅིག་མཚུངས་ཀྱི་གླ་ཕོགས་འཐོབ་རྒྱུའི་ཕྱིར་ངོ་བརྒོལ་བྱས་ཡོད། ང་ཚོས་ཨོ་ལེན་པིག་ཏུ་རང་རེའི་གདོད་མའི་མི་རིགས་ཀྱི་རྒྱལ་དར་འགྲེམས་སྤེལ་བྱེད་ཐུབ་བྱུང་ཡོད། དེར་བརྟེན་གུས་མོའི་བསམ་པར་ང་ཚོའི་རུ་ཁག་འདི་ནི་ངོ་མ་བཀག་རྒྱ་གཏོར་ནས་རང་ཉིད་ཀྱི་ལྟ་ཕྱོགས་གང་ཞིག་འཛིན་གྱི་ཡོད་པ་དེའི་ཕྱིར་ཆིག་སྒྲིལ་ངང་ལང་ཐུབ་མཁན་ཞིག་ཡིན།"ཞེས་བཤད།
ཀ་ཡེལ་ཝེན་ཌར་ཀ་ཡེབ་ནི་ཨོ་ལེན་པིག་འགྲན་ཚོགས་གཉིས་དང་། དབྱིན་ཇིའི་རྒྱལ་ཕྲན་མཉམ་འབྲེལ་རྩེད་འགྲན་དུ་མ། འཛམ་གླིང་ཕུལ་བྱུང་རྩེད་འགྲན་མང་པོའི་ཁྲོད་ཨོ་སི་ཁྲུ་ལི་ཡའི་ཚབ་བྱས།

ཀ་ཡེལ་ཝེན་ཌར་ཀ་ཡེབ་ ༢༠༠༠ ལོའི་སི་ཌི་ནི་ཨོ་རྩལ་འགྲན་ཚོགས་ཀྱི་འགག་མཆོང་རྩེད་འགྲན་ནང་ཞུགས་པ།
"ཕྲན་སྐྱེས་ནས་གཟའ་འཁོར་ལྔ་ཙམ་ལོན་པའི་སྐབས་སུ་གསོས་ཕྲུག་ཏུ་ཉར་བ་ནས་དཀའ་ངལ་གཅིག་ནི་ཕ་མ་ལ་ང་ཁྱེད་གཉིས་དང་མི་འདྲ་བའི་རྒྱུ་མཚན་གང་ཡིན། ཁྱེད་གཉིས་ཀྱི་ཤ་མདོག་དང་མི་འདྲ་བ་ཡིན་དགོས་དོན་གང་ཡིན་ཞེས་པའི་དྲི་བ་ལ་ལན་དགོས་རྒྱུ་དེ་ཡིན། དེ་ནི་གསོས་ཕྲུག་ཡིན་པ་དང་རང་གི་ངོ་བོ་གང་ཡིན་འཚོལ་བའི་དཀའ་རྙོག་ཐོག་མ་དེ་ཡིན།" ཞེས་ཀ་ཡེལ་གྱིས་འགྲེལ་བཤད་བྱེད།
ཀ་ཡེལ་གྱིས་རང་གི་ངོ་བོ་ལ་རྒྱུས་ལོན་སྔར་ལས་ལེགས་པ་བྱ་ཆེད་ཕ་མ་དང་གྲོགས་པོའི་སྐུལ་ལྕག་འོག་རྩེད་འགྲན་པ་ཆུང་ཆུང་ཞེས་པའི་ལས་འཆར་ཞིག་ཡོད་པ་དེའི་ནང་མཛུལ་ཞུགས་བྱས་ཡོད། ལས་འཆར་དེ་ནི་བྱིས་པ་ཚོར་མཆོང་རྒྱུག་འཕེན་གསུམ་གྱི་རྩེད་རིགས་འགྲན་བསྡུར་སྣ་ཚོགས་ངོ་སྤྲོད་བྱེད་པའི་ལེ་ཚན་ཞིག་ཡིན་པས། དེའི་བརྒྱུད་ཁོ་པ་ཕྱིས་སུ་ཨོ་སི་ཁྲུ་ལི་ཡའི་ཚབ་མཚོན་ཐུབ་པའི་གང་ཟག་ཅིག་ཏུ་གྱུར་ཡོད།
གདོང་ལེན་བྱེད་དགོས་པ་འདི་ལྟ་བུ་ཡོད་རུང་། གོང་གི་རྩེད་འགྲན་པ་གཉིས་ཀས་ཁོ་ཚོའི་སྔོན་གྱི་མི་མང་པོ་ཞིག་དང་འདྲ་བར་གནས་བབས་དཀའ་ངལ་ཅན་དེར་སྙིང་རུས་བྱས་ནས་དཀའ་ངལ་དེ་དག་ལེགས་གྲུབ་ཀྱི་མེ་རྫས་སུ་བསྒྱུར་ཏེ། རྩེད་འགྲན་ནི་གདོང་ཤུགས་སྐྱེས་པའི་ལག་ཆ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད།

ཝེན་ཌར་ཀ་ཡེབ་དང་ཁོའི་གཉོར་སྐྱོང་ཨ་མ་པེ་ཁྲི་ཤ། ཁོ་པའི་སྐྱེས་པའི་མ་སུ་སན་ཌ་ཝོ་སན། བརྒྱུད་སྤྲོད་པར་རིས། ཇེ་པི་ཇི།
རྩེད་འགྲན་གྱིས་ཨོ་སི་ཁྲུ་ལི་ཡའི་གདོད་མའི་མི་རིགས་ཀྱི་རིག་གནས་དང་ངོ་བོ་ཇི་ལྟར་འབྲེལ་ཡོད།
གདོད་མའི་མི་རིགས་ཀྱི་རྩེད་འགྲན་པར་མཚོན་ན། ལུས་རྩལ་ནི་འགྲན་རྩོད་ཙམ་མིན་པར། དེ་ནི་རིག་གནས་མཚོན་བྱེད་ཡིན། གདོད་རིགས་དང་ཋོ་རེ་སི་ཁྲི་རས་མཚོ་འགག་གླིང་ཕྲན་གྱི་དར་ཆ་འགྲེམས་སྟོན་བྱེད་པའི་གྱོན་ཆས་ཁང་དང་། སྤོབས་པ་ཆེན་པོས་རྩེད་འགྲན་ར་བའི་ནང་རང་མེས་ཀྱི་ཤུལ་བཞག་རྩེད་རིག་གི་རྩལ་འགྲེམ་སྟོན་བྱེད་མཁན་རྩེད་འགྲན་པ་ཚོས་རྩེད་རིག་ཀྱིས་རང་ཉིད་རིགས་གང་ལ་ལ་གཏོགས་པའི་འདུ་ཤེས་སྤེལ་ཐུབ་པ་བསྟན་ཡོད།
ཀ་ཡེལ་གྱིས་ཨེ་ཨེ་ཧྤོ་ཨལ་གྱི་རླབས་ཆེན་མའོ་ར་ཡི་སི་རི་ཡོ་ལི་ཡི་བཀའ་མོལ་ཞིག་ལ་ཕྱིར་དྲན་བྱས་ཡོད་དེ། "ངས་སློབ་ཆུང་གི་སྐབས་ཀྱི་སྔ་དུས་ནས་ལི་ཝོ་ནལ་རོ་སི་དང་། ཨི་ཝན་གྷུ་ལ་གྷོང་སོགས་ལ་བརྩི་མཐོང་ཆེན་པོ་བྱེད་ཀྱི་ཡོད་པ་གསལ་པོར་དྲན་གྱི་འདུག དེ་བས་སྐབས་དེར་ང་ཚོའི་སློབ་གྲྭར་གདོད་མའི་མི་རིགས་རྩེད་འགྲན་པ་ཞིག་སླེབས་པ་ནི་ངའི་བསོད་ནམས་ཡིན། མའོ་ར་ཡི་སི་རི་ཡོ་ལི་དང་ཁོ་པ་གཉིས་རྩེད་རིག་ལ་དགའ་མཁན་ཙམ་མིན་པར་རང་གི་མེས་མོའི་ཤུལ་འཛིན་རྩེད་རིག་ཀྱི་ངོ་བོ་ཡང་མཉམ་སྤེལ་བྱེད་ཀྱི་ཡོད། ལས་བྱེད་ཀྱི་སྡོད་ཁང་དུ་ཁོང་གི་ཕྲན་ཟུར་ཞིག་ཏུ་ཁྲིད་དེ་ཀ་ཡེལ་ཁྱོད་ཀྱིས་ཤེས་ཀྱི་ཡོད་དམ། ང་ཚོ་གདོད་རིགས་མང་ཚོགས་ཡིན་པ་དེ་གྱོང་ག་ཞིག་མིན། དེ་ནི་ང་ཚོར་དགེ་ཕན་ཡིན་པས་ཁྱོད་ཀྱིས་དེ་ཉིད་བེད་སྤྱོད་ཐུབ་པ་དགོས།"ཞེས་གསུངས་བྱུང་།
ཁས་ལེན་འདི་རིགས་ཀྱིས་རྩེད་རིག་དང་རིག་གཞུང་གི་ངོ་བོ་གཉིས་ཕན་ཚུན་འདྲེས་ནས་སྙན་གྲགས་དང་སྤོབས་སེམས་གཉིས་ཀ་འདོན་སྤྲོད་བྱེད་པ་སྟོན་ཐུབ།
ཀ་ཡེལ་གྱིས་མུ་མཐུད་དུ་ཨོ་སི་ཁྲུ་ལི་ཡའི་ཚབ་བྱས་ཏེ་ནིའུ་ཛི་ལན་ཌི་ཡི་ཨོག་ལེན་ཌེ་རུ་འཚོགས་པའི་༡༩༩༠ ལོའི་རྒྱལ་ཕྲན་མཉམ་འབྲེལ་རྩེད་འགྲན་ལ་ཞུགས།
"ང་དང་ཁའེ་ཐི་ཧྤི་རི་མན་གཉིས་མཉམ་དུ་རུ་ཁག་དེའི་ནང་དུ་ཞུགས་ཐུབ་པ་ནི་གུས་པའི་བསོད་ནམས་ཞིག་རེད། ངེད་གཉིས་ལོ་ན་ཕྲ་སྟབས། ལོ་ ༡༦ ལ་སོན་པའི་ཁའེ་ཐི་དང་ལོ་ ༡༨ ལ་སོན་པའི་ཀ་ཡེལ་གཉིས། ངས་བསམས་ན་དེ་ནི་རང་ཉིད་ལ་ཐོག་དང་པོར་རང་གི་ངོ་བོ་ར་འཕྲོད་ཐུབ་པ་དེ་ཡིན། ཕྲན་ཨོ་སི་ཁྲུ་ལི་ཡའི་མི་སེར་ཞིག་པ་ཨ་ཅང་ཅང་། ངས་ལྗང་མདོག་དང་གསེར་མདོག་གི་གྱོན་ཆས་གྱོན་ཡོད། འོན་ཀྱང་། དོན་དངོས་ཐོག་རང་ཉིད་ཨོ་སི་ཁྲུ་ལི་ཡའི་གདོད་མའི་མི་རིགས་ཀྱི་བརྒྱུད་པ་ཞིག་ཀྱང་ཡིན། གུས་པར་ལྗང་མདོག་དང་གསེར་མདོག་ཅན་གྱི་གྱོན་པ་དེ་སྤྲད་ནས་རང་དང་རང་གི་མི་རིགས་ལོ་རྒྱུས་ནང་འགོད་ཐུབ་པ་བྱེད་རྒྱུའི་གོ་སྐབས་ཤིག་ལག་ཏུ་ཐོབ་ཡོད།"
གདོད་མའི་རྩེད་འགྲན་པས་ཨོ་སི་ཁྲུ་ལི་ཡའི་རྩེད་རིག་ལ་ལ་རྗེས་ཤུལ་ཅི་ཞིག་བཞག་ཡོད།
གདོད་མའི་རྩེད་འགྲན་པའི་རྗེས་ཤུལ་གང་བཞག་པ་ལ་རྒྱུན་གནས་དང་བག་ཆགས་ཟབ་པའི་རང་བཞིན་ལྡན། ཁོ་ཚོས་ཐག་རིང་ལུང་ཁུག་གི་སྡེ་ཁུལ་གྱི་བྱིས་པ་ཚོར་སྐུལ་ལྕག་བཏང་བ་དང་། གླ་ཕོགས་དང་འཐུས་ཚབ་འདྲ་མཉམ་གྱི་ཆེད་དུ་འཐབ་རྩོད་བྱས་པ་མ་ཟད། རང་གི་ངོ་བོ་དང་རིག་གཞུང་གི་རྒྱུན་ཤུལ་གཉིས་རྒྱལ་ཁབ་ཀྱི་རྣམ་པ་མི་འདྲ་བའི་ཁ་དོག་དང་མཉམ་དུ་གནས་ཐུབ་པ་བསྟན་ཡོད།
ལི་ཌི་ཡ་ཝེ་ལེམ་སི་ཡིས་དེང་སྐབས་ཀྱི་གདོད་མའི་མི་རིགས་ཀྱི་བུད་མེད་ན་གཞོན་ཚོས་རྐང་སྤོལ་རྩེད་འགྲན་པ་ཚོ་མིག་དཔེར་ལྟ་དགོས་པའི་གལ་ཆེན་རང་བཞིན་ལ་དོ་སྣང་གིས་གསུངས་དོན་ "ད་ཆ་རྐང་རྩེད་སྤོ་ལོའི་ཁྲོད་དུ་གདོད་མའི་མི་རིགས་ཀྱི་བུད་མེད་རྩེད་འགྲན་པ་རླབས་ཆེན་དེ་འདྲའང་ཡོད། ལོ་ཆུང་ཚོས་ཁོང་ཚོ་རང་ཉིད་དང་མཚུངས་པའི་འདུ་ཤེས་སྐྱེ་ཐོག་མིག་དཔེ་ལྟ་ས་ཞིག་ཏུ་མཐོང་ཐུབ་དགོས།"
ཀ་ཡེལ་ལ་མཚོན་ན། ཁྱིམ་ཚང་དང་རང་གི་སྤྱི་ཚོགས་ནས་ངོས་འཛིན་ཆ་འཇོག་ཐོབ་པ་དེས་གཞན་ལ་སྐུལ་ལྕག་གཏོང་ཐུབ་པ་དང་། རྩེད་རིག་གི་ནུས་སྤེལ་རང་བཞིན་ལ་སྔར་བས་ཡིད་ཆེས་ཤུགས་ཆེ་རུ་སྐྱེ་ཐུབ་ཡོད།
ཁོ་པས་ "རང་ཉིད་ཕྱིར་ཡོང་ནས་ཉིན་ལྟར་ཕུལ་བྱུང་གི་རྩེད་འགྲན་པ་ཞིག་མིན་པར་རྒྱུན་ལྡན་གྱི་འཚོ་བ་སྐྱེལ་ཐབས་བྱེད་ཀྱིན་ཡོད་མོད། འོན་ཀྱང་ཐག་རིང་ལུང་ཁུག་གི་སྡེ་ཁུལ་དུ་སོང་བ་དང་། ཨ་ནེ་དང་རྨོ་བོ། རྒན་རྒོན་དང་བྱིས་པ་ཚོས་ང་ཚོས་བརྙན་འཕྲིན་ནང་ནས་ཁྱོད་མཐོང་མྱོང་། ཁྱོད་ཀྱིས་ང་ཚོར་སེམས་ཤུགས་སྤར་གྱི་འདུག ཅེས་ཐོས་པའི་སྐད་ཅིག་དེ་དག་གིས་རྩེད་རིག་ནི་ཇི་འདྲའི་ནུས་ཤུགས་ལྡན་པ་ཞིག་ཡིན་པ་ཚོར་ཐུབ།" ཅེས་ཟེར།

Kyle Vander-Kuyp near Uluru – Image supplied by Kyle Vander-Kuyp.
ཨོ་སི་ཁྲུ་ལི་ཡའི་གདོད་མའི་རྩེད་འགྲན་པས་མི་སྒེར་གྱི་གྲུབ་འབྲས་མཚོན་པ་ཙམ་མ་ཡིན་པར་ཁོ་ཚོས་གདོང་ལེན་དང་། མཉམ་གནས། དེ་བཞིན་རིག་གནས་ཀྱི་སྤོབས་སེམས་བཅས་མཚོན་ཡོད། ཁོ་ཚོ་འཛམ་གླིང་གི་གར་སྟེགས་ཐོག་གནས་པ་དེས་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་རང་ངོས་ལ་ལྟ་སྟངས་ཅི་འདྲ་ཞིག་འཛིན་ཐུབ་པར་གསུབ་ཐབས་མེད་པའི་བྱས་རྗེས་བཞག་ཡོད་པ་ནི་གདོད་རིགས་མང་ཚོགས་དང་ཁོ་ཚོའི་རྒྱལ་ཁས་རྒྱལ་ཁབ་གོང་མཐོར་བཏང་བ་དེ་ཡིན། །
གཞི་རིམ་གྱི་རྩེད་འགྲན་ནས་གོ་ལ་ཧྲིལ་པོའི་འགྲན་བསྡུར་བར་དུ། གདོད་མའི་མི་རིགས་ཀྱི་རྩེད་འགྲན་པས་མུ་མཐུད་དུ་རྩེད་རིག་འཕེལ་རྒྱས་གཏོང་བས། རྩེད་རིག་ནི་སྔར་བཞིན་མཐུན་སྒྲིལ་དང་། ངོ་བོ། སྐུལ་འདེད་སོགས་འཕེལ་བའི་སྟོབས་ལྡན་གྱི་རྒྱུད་ལམ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད།
ལི་ཌི་ཡ་ཝེ་ལེམ་སི་ལ་མཚོན་ན། རང་ཉིད་ཀྱི་རྒྱལ་ཁབ་དང་རིག་གནས་མཚོན་པའི་རྩེད་རིག་གི་འགྲུལ་བཞུད་དེ་རུ་ཁག་གཅིག་པ་ཚོས་སེམས་ཤུགས་སྤེལ་བ་དེས་ཡིན། ཁོ་ཚོས་ཁོ་མོར་རྒྱབ་སྐྱོར་གྱིས་གདོད་རིགས་བུད་མེད་ཅིག་ཡིན་པར་དོ་སྣང་དང་། མི་འདྲ་བའི་ཆ་གང་ཡིན་དང་ལེན་བྱེད་པའི་འཆམ་མཐུན་ཅན་གྱི་རུ་ཁག་གཅིག་ཏུ་གནས་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་པ་རེད།
ལི་ཌི་ཡ་ཡིས་ "ང་ལ་མཚོན་ན། ངའི་རིག་གནས་དང་མཉམ་དུ་རང་ཉིད་རྒྱལ་ཁབ་ཀྱི་ཚབ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་རྒྱལ་རྟགས་གྱོན་པའི་སྐབས་སུ། དེའི་སྟེང་དུ་ཨོ་སི་ཁྲུ་ལི་ཡའི་དར་ཆ་དང་མཚོན་རྟགས་ཡོད། འོན་ཀྱང་དེ་བས་གལ་ཆེ་བ་ནི་དེ་ནི་དངོས་གནས་རིག་གནས་ཕུན་སུམ་ཚོགས་པའི་རུ་ཁག་ཅིག་རེད། ང་ཚོའི་གྱོན་བརྗེ་ཁང་དུ་གདོད་རིགས་མང་ཚོགས་དང་ཋོ་རེ་སི་མཚོ་འགག་གླིང་ཕྲན་གྱི་དར་ཆ་ཡོད། དེས་ང་ཚོའི་རུ་ཁག་དེ་ནི་མཉམ་རུབ་དང་སྤོབས་སེམས་རབ་ཏུ་སྤེལ་བའི་རུ་ཁག་ཅིག་ཡིན་པ་སྟོན་རང་ངོས་ནས་དེ་གཉིས་ཀའི་ཚབ་བྱེད་ཐུབ་པ་ནི་ངོ་མ་དགའ་འོས་པ་ཞིག་རེད།"ཅེས་བརྗོད།
རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མིང་གྲགས་ཅན་ནས་འགྱུར་ལྡོག་གཏོང་མཁན་བར་དུ། ལི་ཌི་ཡ་ཝེ་ལེམ་སི་ཡིས་མུ་མཐུད་དུ་སློབ་སྦྱོང་དང་ལེགས་ཕྱོགས་སུ་འགྱུར་ལྡོག་གསར་སྐྲུན་བྱེད་པར་རེ་སྨོན་བྱེད་བཞིན་ཡོད།
ལི་ཌི་ཡ་ཡིས་གསུངས་དོན། "ངའི་བསམ་པར་ད་ཆ་རྐང་རྩེད་སྤོ་ལོའི་རྩེད་འགྲན་པའི་ཁྲོད་དུ་གདོད་མའི་མི་རིགས་ཀྱི་བུད་མེད་རྩེད་འགྲན་པ་རླབས་ཆེན་དེ་འདྲ་ཡོད་པ་ནི་ངོ་མཚར་དགོས་པ་ཞིག་ཡིན། ལོ་ཆུང་ཚོ་ལ་ཁོང་ཚོ་ཡོད་པ་དང་རང་ཉིད་དང་མཚུངས་པའི་འདུ་ཤེས་སྐྱེ་ཐོག་མིག་དཔེ་ལྟ་ས་ཞིག་ཏུ་མཐོང་རྒྱུ་ཡོད།"
ཀློག་གཞི་གཞན།
ཨོ་སི་ཁྲུ་ལི་ཡའི་ནང་འཚོ་བ་གསར་པར་གཞིས་ཆགས་པའི་སྐོར་གྱི་རིན་ཐང་ལྡན་པའི་གནས་ཚུལ་དང་ལམ་སྟོན་འཐོབ་ཕྱིར་ཨོ་སི་ཁྲུ་ལི་ཡ་འགྲེལ་བརྗོད་ཚན་པའི་སྒྲ་འཇུག་ཀྱི་རྗེས་སུ་འཇུག་པའམ་ཚོགས་ཞུགས་བྱོས། ཁྱེད་ལ་དོགས་འདྲི་དང་བརྗོད་གཞི་གཞན་ཅི་ཞིག་ཡོད་ཚེ་ང་ཚོར་གློག་རྡུལ་འཕྲིན་ཡིག་ཐོག་བསྐུར་གནང་རོགས། australiaexplained@sbs.com.au