ཨོ་སི་ཊེ་ལི་ཡའི་འགག་སྒོ་དང་སྐྱེས་དངོས་བདེ་འཇགས་ཀྱི་སྒྲིག་གཞིའི་འགྲེལ་བཤད་ལྟར་འགྲུལ་བཞུད་ཀྱི་ཆེད་རྡོག་ཆས་མ་འདྲིལ་གོང་ལ་བསམ་བློ་ཐོངས། Australia Explained

Woman and suitcase for travel summertime vacation packing clothing. relax and getaway preparation

ཁྱེད་ཀྱིས་འགྲུལ་བཞུད་གྲ་སྒྲིག་བྱེད་སྐབས་རྟག་ཏུ་སོ་སོའི་རྡོག་ཆས་སོ་སོས་རྒྱག་དགོས། Source: iStockphoto / པར་ཁུངས། གྷི་ཊེ་པར་རིས།

ཨོ་སི་ཊེ་ལི་ཡར་འགྲུལ་བཞུད་བྱེད་མཁན་ཚོར་འགྲུལ་འཁོར་འབབ་ཚུགས་ཀྱི་འགག་སྒོ་ནི་འབྲེལ་བ་བྱེད་ཡུལ་ཐོག་མ་དེ་ཆགས་ཀྱི་ཡོད། དེར་ང་ཚོའི་ས་མཚམས་སྟངས་འཛིན་ལས་བྱེད་པ་ཚོ་བསྒུགས་ནས་བསྡད་ཡོད། ཁོང་ཚོས་ཨོ་སི་ཊེ་ལི་ཡའི་ཐུན་མོང་མ་ཡིན་པའི་ཁོར་ཡུག་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ལ་ཉེན་ཁ་བཟོ་སྲིད་པའི་བཀག་སྡོམ་བྱས་པའི་དངོས་ཟོག་དེ་དག་ནང་འདྲེན་བྱེད་མི་ཐུབ་པ་བཟོ་གི་ཡོད། ཁྱེད་ཀྱིས་རང་གི་རྡོག་ཆས་གྲ་སྒྲིག་མ་བྱས་གོང་ས་མཚམས་བརྒལ་ཏེ་འཁྱེར་ཆོག་པ་དང་མི་ཆོག་པའི་དངོས་ཟོག་སྐོར་ལ་ཤེས་དགོས་པའི་གནས་ཚུལ་འགའ་འདིར་བཀོད་ཡོད། གལ་ཏེ་སྐྱེས་དངོས་བདེ་འཇགས་ཀྱི་སྒྲིག་གཞི་ལ་སྣང་མེད་བཏང་ཚེ་ཉེན་ཁ་ཅི་ཞིག་ཡོད་མེད་ཀྱང་ཤེས་དགོས།


གཙོ་གནད།
  • རྒྱལ་མཚམས་སུ་སྟངས་འཛིན་བྱེད་པ་དེ་ང་ཚོའི་ཐུན་མོང་མ་ཡིན་པའི་ཁོར་ཡུག་དང་དཔལ་འབྱོར་སྲུང་སྐྱོབ་ཆེད་ཡིན།
  • མི་ཚང་མས་འགྲུལ་པའི་དཔྱད་ཁྲ་འགེངས་དགོས། འདི་ནི་ཁྲིམས་མཐུན་གྱི་ཡིག་ཆ་ཞིག་ཡིན།
  • ཟས་རིགས་དང་རྩི་ཤིང་གི་རིགས་ནི་ཉེན་ཁ་ཆེ་བས་ངེས་པར་དུ་ཡར་ཞུ་བྱེད་དགོས།
  • དངོས་པོ་གང་འཁྱེར་བ་གསང་ཐབས་བྱས་ན་ཉེས་ཆད་དང་བཙོན་འཇུག་གི་ཉེན་ཁ་ཡོད།
  • ཅི་སྟེ་ཅ་དངོས་ཅི་ཞིག་ལ་ཐེ་ཚོམ་ཡོད་ན་ཡར་ཞུ་བྱས་ན་ལེགས།

ཨོ་སི་ཊེ་ལི་ཡས་སྐྱེས་དངོས་བདེ་འཇགས་ཧ་ཅང་གལ་ཆེན་པོར་བརྩི་བའི་རྒྱུ་མཚན་ཅི་ཡིན་ནམ།

ཨོ་སི་ཊེ་ལི་ཡའི་སྐྱེས་དངོས་བདེ་འཇགས་ཀྱི་ཁྲིམས་ལུགས་ནི་འཛམ་གླིང་ནང་གི་དམ་དྲག་ཆེ་གྲས་སུ་བརྩི་བ་དེ་རྒྱུ་མཚན་ལྡན་པ་ཞིག་རེད།

ད་བར་ཨོ་སི་ཊེ་ལི་ཡར་འགོག་ཐབས་བྱེད་ཐུབ་པའི་གནོད་འབུ་དང་ནད་གཞི་འཁྱེར་ཡོང་སྲིད་པའི་ཟས་རིགས་དང་རྩི་ཤིང་གི་རིགས་མང་པོ་ཞིག་ནང་འདྲེན་བྱེད་མི་ཆོག།

"ང་ཚོའི་གླིང་ཕྲན་ཆེན་པོ་འདིའི་སྟེང་གི་སྐྱེས་དངོས་བདེ་འཇགས་ཀྱི་གནས་བབས་དེ་ནི་ཚོང་ལས་དང་། སྤྱི་ཚོགས་ཀྱི་བདེ་འཇགས། ཞིང་ལས་ཀྱི་ཐོན་སྐྱེད་ནུས་པ། དེ་བཞིན་མཛེས་སྡུག་ལྡན་པའི་ཁོར་ཡུག་དང་། ངོ་མཚར་ཆེ་བའི་རང་བྱུང་སྲོག་ཆགས་སྲུང་སྐྱོབ་བྱེད་པར་མེད་དུ་མི་རུང་བ་ཞིག་རེད། དེ་དག་ནི་ང་ཚོས་སྲུང་སྐྱོབ་བྱེད་ཐབས་བྱེད་བཞིན་པ་རྣམས་རེད།" ཅེས་ཉ་ཞིང་ནགས་ཚལ་ལས་ཁུངས་ཀྱི་འགྲུལ་བཞུད་སྲིད་བྱུས་དང་ལག་བསྟར་གྱི་ལས་རོགས་དྲུང་ཆེ་ཝི་ཀི་ཧྥི་ཤར་གྱིས་གསུངས།

ཞིང་ལས་ནི་རྒྱལ་ཁབ་ཡོངས་ཀྱི་འཚོ་ཐབས་སྟོང་ཕྲག་མང་པོའི་རྟེན་གཞི་ཡིན། དམ་དོན་ཆེ་བའི་སྐྱེས་དངོས་བདེ་འཇགས་ཀྱི་ཁྲིམས་ལུགས་ཀྱིས་གནོད་འབུ་དང་ནད་གཞི་མེད་པའི་ཐོག་ནས་རྒྱལ་སྤྱིའི་ཚོང་ལས་བྱེད་ཐུབ་པ་ཡང་འགན་ལེན་བྱེད་ཀྱི་ཡོད།

Australian Border Force Officer_ABF.jpg
ཨོ་སི་ཊེ་ལི་ཡའི་ས་མཚམས་སྲུང་སྐྱོབ་ལས་ཁུངས་ཀྱི་ལས་བྱེད་པ་ཚོ་ནི་རྒྱལ་ཁབ་ནང་འཛུལ་སྐབས་ཁྱེད་ཀྱི་ཐོག་མའི་འབྲེལ་གཏུགས་བྱེད་ས་གཅིག་པུ་དེ་ཡིན། Credit: པར་ཁུངས། རྒྱལ་མཚམས་དོ་དམ་ལས་བྱེད།

འགྲུལ་པའི་དཔྱད་ཁྲ་ཞེས་པ་ཅི་ཞིག་ཡིན།

གནམ་གྲུ་དང་གྲུ་གཟིངས་བརྒྱུད་ཨོ་སི་ཊེ་ལི་ཡར་འཛུལ་སྐབས། འགྲུལ་བཞུད་པ་ཚོར་དཔྱད་ཁྲ་ (IPC) ཞིག་སྤྲོད་ཀྱི་ཡོད་པ་དང་། དེ་ནི་གནམ་གྲུའི་ནང་དུའམ། ཡང་ན་འགག་སྒོར་མ་སླེབས་གོང་དུ་འགེངས་དགོས།ལག་ཁྱེར་དེའི་ནང་གི་དྲི་བ་ཡོངས་རྫོགས་ལ་ལན་བཏབས་པ་བརྒྱུད། ང་ཚོས་ཨོ་སི་ཊེ་ལི་ཡའི་ས་མཚམས་དོ་དམ་(ABF) ལས་བྱེད་པ་ཚོར་འཁྱེར་མི་ཆོག་པའི་དངོས་པོ་གང་ཞིག་ཡིན་ཡང་འཁྱེར་ཡོད་མེད་ཡར་ཞུ་བྱེད་ཀྱི་ཡོད།

ཝི་ཀི་ཧྥི་ཤར་གྱིས་ཉེན་བརྡ་བཏང་དོན། "ཤོག་བྱང་སེར་པོ་དེ་ཁྲིམས་མཐུན་གྱི་ཡིག་ཆ་ཞིག་ཡིན། ཁྱེད་ཀྱིས་ཁྲིམས་མཐུན་གྱི་ཡིག་ཆ་དེའི་ནང་དུ་ཟས་རིགས་དང་། རྩི་ཤིང་གི་རིགས། ཐོན་རྫས་ཀྱི་རིགས། སྲོག་ཆགས་ཀྱི་ཐོན་རྫས་གང་ཞིག་འཁྱེར་ཡོད་མེད། ཐ་ན་ཁྱེད་ཀྱི་ལྷམ་འཐིལ་གྱི་འདམ་བག་ངོས་སུ་གང་ཞིག་མཉམ་སྦྱར་ཡོད་མེད་བཅས་གསལ་སྟོན་བྱེད་དགོས།"

གནོད་གཞི་མེད་སྙམ་པའི་ཟས་རིགས་དང་། རྩི་ཤིང་གི་རྒྱུ་ཆ། སེམས་ཅན་གྱི་ཐོན་རྫས་ཚང་མ་ཡང་གསལ་སྟོན་བྱེད་དགོས།
ཝི་ཀི་ཧྥི་ཤེར།

གལ་ཏེ་ཁྱེད་རང་གིས་ཤོག་བྱང་སྟེང་ཐོ་འགོད་བྱས་པའི་ཅ་ལག་གང་རུང་ཁྱེར་ཡོད་ན། དེ་ཡང་གསལ་སྟོན་བྱེད་དགོས། དེ་ནས་སྐྱེས་དངོས་བདེ་འཇགས་ལས་བྱེད་ཡོད་སར་གཏོང་གི་ཡོད། དེར་ཅ་ལག་དེ་སྐྱེས་དངོས་བདེ་འཇགས་ལ་ཉེན་ཁ་ཡོད་མེད་དབྱེ་ཞིབ་བྱེད་ཀྱི་ཡོད།

ཅ་ལག་གཅིག་གསལ་སྟོན་བྱས་པ་དེས་རང་འགུལ་གྱིས་བཙན་འཕྲོག་བྱེད་རྒྱུ་ཡིན་པའི་དོན་མིན། གནས་ཚུལ་མང་པོའི་ནང་། ལས་བྱེད་པ་རྣམས་ཀྱིས་ཉེན་ཁ་ལ་དབྱེ་ཞིབ་བྱས་ནས་བདེ་འཇགས་ལྡན་པའི་དངོས་པོ་རྣམས་གཏོང་གི་ཡོད།

ཆོག་ལེ་ཊེ་དང་བཟོ་གྲྭར་བཟོས་པའི་མངར་ཟས་ལྟ་བུའི་ཟས་རིགས་ཁ་ཤས་ལ་སྐྱེས་དངོས་བདེ་འཇགས་ཀྱི་ཉེན་ཁ་མེད་ཀྱང་ཐེ་ཚོམ་ཡོད་ན་གསལ་སྟོན་བྱས་ན་ལེགས།

ཁྱེད་ཀྱིས་རང་ཉིད་ཀྱི་རྡོག་ཆས་ནང་ཅི་ཞིག་ཡོད་མེད་ཤེས་དགོས་པ་གལ་ཆེན་པོ་རེད་ཅེས་འགྲུལ་བཞུད་པ་ཉམས་མྱོང་ཅན་ཨེ་ལི་ནི་མའུ་སི་ལོ་ཡིས་ཉམས་མྱོང་བརྗོད་ཡོད།

Australia Explained—Border Control
ཁྱེད་ཀྱིས་རང་ཉིད་ཀྱི་རྡོག་ཆས་ནང་གང་ཞིག་ཡོད་མེད་ཤེས་དགོས་པ་གལ་ཆེན་པོ་རེད། Source: Moment RF / པར་ཁུངས། གྷི་ཏི་པར་རིས།

འགག་སྒོ་བརྒྱུད་དེ་འགྲོ་སྐབས་དོ་དམ་ལས་བྱེད་པས་ཁོ་མོའི་ཁུག་མའི་ནང་ཉེན་ཁ་ཆེ་བའི་ཤ་དང་འོ་མའི་ཐོན་རྫས་རྙེད་ཡོད།

" ཁོང་ཚོ་རླུང་ལངས་འདུག་ལ་ང་ཡང་ཞེ་དྲགས་ཞེད་སོང་། འོན་ཀྱང་། དོན་དུ་ངས་མ་ཤེས་སར་ངའི་ལག་སྒམ་ནང་དུ་ཨ་མས་ཅ་ལག་དེ་དག་བླུགས་ཡོད། ངས་ཁོང་ཚོར་དེ་ལྟར་བཤད། ཁོང་ཚོས་ཁྱོད་ཀྱིས་དེའི་རྐྱེན་གྱིས་ཉེས་ཆད་གཅོད་དམ། ཡང་ན་བཙོན་ཁང་དུ་འགྲོ་སྲིད་པ་ཤེས་ཀྱི་ཡོད་དམ་ཞེས་དྲིས་བྱུང་།" ཞེས་ཟེར།

གལ་ཏེ་དཔྱད་ཁྲ་འགེངས་པར་རོགས་རམ་དགོས་ན་ཅི་ཞིག་བྱེད།

གལ་ཏེ་ཁྱེད་རང་གིས་དཔྱད་ཁྲའི་ཤོག་བྱང་ནང་གང་འཁོད་ཡོད་མེད་གོ་བ་ལོན་རྒྱུར་དཀའ་ངལ་འཕྲད་ན། ཁྱེད་རང་གནས་སྤོ་བྱེད་མཁན་གྱི་ཚན་པར་སླེབས་རྗེས་རྒྱལ་མཚམས་དོ་དམ་ལས་བྱེད་ཚོས་རོགས་རམ་བྱེད་ཀྱི་རེད་ཅེས་རྒྱལ་མཚམས་དོ་དམ་འགན་འཛིན་ལས་ཚབ་ནིལ་སིང་གིས་བཤད།.

རྒྱལ་སྤྱིའི་འགྲུལ་པའི་ཤོག་བྱང་དེ་སྐད་ཡིག་མི་འདྲ་བ་ ༤༨ ནང་ཡོད་པས་ང་ཚོས་ཨོ་སི་ཊེ་ལི་ཡར་འབྱོར་བའི་རྒྱལ་ཁབ་མི་འདྲ་བའི་མི་ཚང་མར་མཁོ་སྤྲོད་བྱེད་ཐུབ།
ནིལ་སིང་།
ABF badge_Credit ABF.jpg
ཨོ་སི་ཊེ་ལི་ཡའི་ས་མཚམས་དོ་དམ་ལས་བྱེད་ཚོས་ཁྱེད་ལ་རྒྱལ་ནང་འཛུལ་མཁན་གྱི་འགྲུལ་བཞུད་པའི་ཤོག་བྱང་ངམ་དཔྱད་ཁྲ་དེ་འགེངས་རྒྱུར་རོགས་རམ་བྱེད་ཀྱི་ཡོད། པར་ཁུངས། རྒྱལ་མཚམས་དོ་དམ་ལས་བྱེད། Credit: པར་ཁུངས། རྒྱལ་མཚམས་དོ་དམ་ལས་བྱེད།

བཀག་སྡོམ་བྱེད་པའི་དངོས་པོ་གཞན་དག་གང་ཡོད།

མཚོན་ཆ་དང་ཁྲིམས་འགལ་གྱི་སྨྱོ་རྫས། ཉེན་ཁ་ཅན་གྱི་དངོས་པོ། དེ་བཞིན་དངོས་པོ་རྣོ་ཅན་སོགས་བདེ་འཇགས་ལ་ཉེན་ཁ་ཆེ་བའི་ཅ་ལག་ལ་དོ་དམ་ནན་པོ་བྱེད་ཀྱི་ཡོད། དེ་རིགས་ཡོད་ཚད་གསལ་སྟོན་བྱེད་དགོས། གཞན་ཡང་ཅ་ལག་གསང་ཐབས་བྱས་ན་མཇུག་འབྲས་ཚབས་ཆེན་རེད་ཅེས་སྐུ་ཞབས་སིང་གིས་ཉེན་བརྡ་བཏང་ཡོད།

 གལ་ཏེ་ཁྱེད་ཀྱིས་བསམ་བཞིན་དུ་ནོར་འཁྲུལ་བྱས་མེད་ན། ཁྱེད་ཀྱི་ལག་ནས་ཅ་ལག་དེ་འཕྲོག་པ་ཙམ་ཡོང་སྲིད། འོན་ཀྱང་། གལ་ཏེ་ཁྱེད་ཀྱིས་བསམ་བཞིན་དུ་གསང་ཐབས་བྱས་ཡོད་ན། དེར་ཅ་ལག་འཕྲོག་པ་དང་ཁྲིམས་འགལ་གྱི་བརྡ་ཐོ་སྤྲོད་པའམ་ཡང་ན་བཙོན་ཁང་དུ་བཅུག་པ་སོགས་མཇུག་འབྲས་གཞན་དག་འབྱུང་སྲིད།

Bird Flu Quarantine Prevention Measures
བཀག་སྡོམ་བྱེད་རིགས་འཚོལ་མཁན་གྱི་ཉེན་རྟོག་པའི་ཁྱི་ཝི་ལ་ཡིས་སི་ཌི་ནི་རྒྱལ་སྤྱིའི་གནམ་ཐང་དུ་འགྲུལ་པའི་ཅ་ལག་ལ་ཞིབ་བཤེར་བྱེད་བཞིན་པ། ད་ལྟའི་ཆར་ཨོ་སི་ཁྲུ་ལི་ཡར་འཛམ་གླིང་ནང་བཀག་སྡོམ་གྱི་སྲིད་ཇུས་དམ་ཤོས་ཤིག་ཡིན། Credit: པར་ཁུངས། ལེན་ཝལ་ཌི། གྷི་ཊི་པར་རིས།

གལ་ཏེ་བཀག་སྡོམ་བྱས་པའི་དངོས་ཟོག་གསལ་སྟོན་མ་བྱས་ན་ཅི་ཞིག་བྱེད།

བཀག་སྡོམ་བྱས་པའི་ཅ་ལག་གི་ཐོ་གཞུང་རིང་བ་དང་ཁྱེད་རང་གཏན་འཁེལ་མེད་ན་ཡར་ཞུ་བྱོས། སྐབས་རེ་ཁྱེད་ཀྱིས་བདེ་འཇགས་ཡིན་པར་བསམ་པའི་དངོས་པོ་དེར་དོན་དངོས་སུ་ཉེས་ཆད་ཆེ་ཤོས་ཕོག་སྲིད་པ་རེད།

ཁྱེད་རང་གིས་གདེང་ཚོད་མེད་པའི་ཅ་དངོས་གང་རུང་ཞིག་གསལ་སྟོན་བྱེད་པ་དེས་སྐྱེས་དངོས་བདེ་འཇགས་ལས་བྱེད་ཚོར་ཉེན་ཁ་ལ་དབྱེ་ཞིབ་བྱེད་ཐུབ་པ་དང་བཙན་ཤུགས་ཆེ་བའི་སྐྱེས་དངོས་ཀྱི་རིགས་ཀྱི་ཉེན་ཁ་འགོག་ཐུབ་ཀྱི་ཡོད།

གལ་ཏེ་ཁྱེད་རང་གི་ཤོག་བྱང་ཐོག་དྲང་པོའི་ངང་འཁྱེར་མི་ཆོག་པའི་ཅ་དངོས་རྣམས་གསལ་སྟོན་བྱེད་མ་ཐུབ་པའི་སྐབས་ཆད་པ་གཅོད་ཀྱི་ཡོད་ཅེས་ཧྥི་ཤར་ལགས་ཀྱིས་ཉེན་བརྡ་བཏང་ཡོད།

གལ་ཏེ་ཁྱེད་ཀྱིས་ང་ལ་ཟས་རིགས་ཐོན་རྫས་མེད། ང་ལ་རྩི་ཤིང་གི་ཐོན་རྫས་མེད། ང་ལ་སྲོག་ཆགས་ཀྱི་ཐོན་རྫས་མེད། ཅེས་བརྗོད་པའི་རྗེས་ཁྱེད་ཀྱི་རྡོག་ཆས་ལ་གློག་ཆས་སམ་ཁྱིས་ཞིབ་བཤེར་བྱས་ནས་དངོས་སུ་དངོས་རིགས་དེ་དག་མེད་ཟེར་བཞིན་ད་དུང་ཡོད་པ་ཤེས་ན། དེ་དུས་ཉེས་ཆད་ཕོག་གི་ཡོད།

ABF signage_Credit ABF.JPG
མཁའ་འགྲུལ་འགག་སྒོ་ཁག་ཁྱེད་ལ་ངེས་གཏན་མེད་པའི་ཅ་ལག་གང་རུང་གསལ་སྟོན་བྱེད་པའི་གོ་སྐབས་ཡོད་པའི་ས་ཆ་ཞིག་རེད། Credit: པར་ཁུངས། རྒྱལ་མཚམས་དོ་དམ་ལས་བྱེད།

སྤྱིར་བཏང་གསལ་སྟོན་བྱེད་དགོས་པའི་དངོས་པོ་གང་དག་ཡོད།

སྨན་རྫས།

སྨན་རྫས་སྤྱིར་བཏང་ཨ་སི་ཕི་རིན་དང་པ་ར་སི་ཊ་མོལ་ལྟ་བུ་འཁྱེར་ཆོག་ཀྱང་། སྨན་ཚོང་ཁང་ནས་ཐད་ཀར་ཉོས་པའི་སྨན་རིགས་སོགས་སྨན་རྫས་མང་ཆེ་བ་ཡར་ཞུ་བྱེད་དགོས།

མོ་ཙི་ལོ་ཡིས་"ངས་སྨན་རྫས་གང་ཡོད་ཚང་མ་གསལ་སྟོན་བྱེད་ཀྱི་ཡོད། ངའི་སྨན་པས་ང་ལ་སྨན་དེ་དག་དགོས་དོན་གང་ཡིན་པའི་སྐོར་ལ་ཡི་གེ་བྲིས་ཡོད། གལ་ཏེ་ཁོང་ཚོར་དགོས་ན་ངས་ཡི་གེ་དེ་བསྟན་རྒྱུ་ཡོད། འོན་ཀྱང་ངས་སྨན་ཚང་མ་བསྟན་པ་ཙམ་གྱིས་ཁོང་ཚོས་བསམ་ཤེས་ཆེན་པོ་བྱེད་ཀྱི་འདུག།" ཅེས་ཟེར།

ཁྱེད་རང་གིས་སྨན་པའི་ལག་འཁྱེར་མཉམ་དུ་འཁྱེར་ཐུབ་ན། དེས་ལས་ཀ་སྟབས་བདེ་རུ་འགྲོ་གི་ཡོད་ཀྱང་དེ་ངེས་པར་དུ་དགོས་ཀྱི་མེད།

ཨོ་སི་ཊེ་ལི་ཡའི་ནང་འཛུལ་ཡོང་སྐབས་ཁྱེད་རང་གིས་སྨན་རྣམས་དེ་དག་གི་ཐུམ་སྒྲིལ་ངོ་མའི་ནང་དུ་བཞག་ཡོད་ན་སྒེར་གྱི་སྨན་རིགས་ལ་སྐྱོན་ཆ་མེད།

ཁྱེད་རང་གིས་ཟླ་བ་གསུམ་རིང་འདང་པའི་སྨན་རྫས་འཁྱེར་ཆོག།

དངུལ་དམར།

ང་ཚོའི་ཁྲིམས་མཐུན་ཐོག་ནས་ཨོ་སི་ཁྲུ་ལི་ཡར་དངུལ་ཇི་ཙམ་འཁྱེར་ཆོག་པའི་ཚད་བཀག་མེད། འོན་ཀྱང་ཨོ་སྒོར་ ༡༠༠༠༠ ལས་མང་པ་ཡོད་ན་གསལ་སྟོན་དང་ཐོ་འགོད་བྱེད་དགོས།

ཆང་རག་དང་ཐ་མག།

མི་སྒེར་ལ་ཆང་ལི་ཊར་ ༢.༢༥ དང་ཐ་མག་ ༢༥ ཡང་ན་རྡོ་ཐ་གྷ་རམ་ ༢༥ མཉམ་འཁྱེར་བྱེད་ཆོག འདིའི་ནང་ལམ་བར་ཁྲལ་མེད་དུ་ཉོས་པ་རྣམས་ཀྱང་ཚུད་ཡོད།

ལག་རྟགས།

ང་ཚོས་ཨོ་སི་ཊེ་ལི་ཡར་འཁྱེར་ཡོང་བའི་ལག་རྟགས་དང་དྲན་རྟེན་ལ་ཡང་སྒྲིག་གཞི་ཡོད།

ང་ཚོའི་ངོས་ནས་ཁྱེད་རང་ཉིད་ཀྱི་གཉེན་ཉེ་ལ་ལག་རྟགས་འཁྱེར་རྒྱུར་དགའ་བསུ་ཡོད། འོན་ཀྱང་དེའི་ཐད་ལ་ཨོ་སྒོར་ ༩༠༠ བར་གྱི་ཚད་གཞི་ཡོད། མི་རྣམས་ཀྱིས་ཤེས་དགོས་པ་ཞིག་ནི་གྱོན་ཆས་དང་ལྷམ་སོགས་སྒེར་གྱི་ཅ་དངོས་རྣམས་ཨོ་སྒོར་ ༩༠༠ ནང་ཚུད་ཀྱི་མེད།

གལ་ཏེ་ཨོ་སྒོར་ ༩༠༠ ལས་བརྒལ་ན་ཁྱེད་རང་ལ་ཁྲལ་འབབ་སྲིད།

བཀག་སྡོམ་བྱས་པའི་ཅ་ལག་གི་ཐོ་གཞུང་ཆ་ཚང་དྲྭ་ཐོག་ནས་ཐོབ་ཐུབ།

ཨོ་སི་ཊེ་ལི་ཡའི་རྒྱལ་མཚམས་དོ་དམ་ཁང་།

གལ་ཏེ་ཁྱེད་ལ་ཐེ་ཚོམ་ཡོད་ན། དངོས་པོ་དེ་གསལ་སྟོན་བྱོས། མཁའ་འགྲུལ་ཁང་དུ་སྐར་མ་འགའ་ཤས་ཕར་མ་བཏང་བ་དེས་ཉེས་ཆད་ལས་གཡོལ་ཐུབ། ཨོ་སི་ཁྲུ་ལི་ཡའི་ཁོར་ཡུག་དང་། དཔལ་འབྱོར། འཚོ་བའི་ཐབས་ལམ་བཅས་སྲུང་སྐྱོབ་བྱེད་པར་ཕན་ཐོགས་ཡོད།།

ཨོ་སི་ཊེ་ལི་ཡར་གནས་སྤོ་བྱས་རྗེས་རིན་ཐང་ལྡན་པའི་གནས་ཚུལ་དང་ལམ་སྟོན་མང་ཙམ་ཤེས་རྟོགས་བྱེད་པའི་ཆེད་དུ། ཨོ་སི་ཊེ་ལི་ཡ་འགྲེལ་བརྗོད་ཀྱི་ཆེད་སྒྲིག་སྒྲ་བརྙན་ལེ་ཚན་ཁག་ལ་ཉན་པའམ་རྗེས་འབྲང་བྱེད་རོགས།

ཁྱེད་ལ་དྲི་བ་དང་བརྗོད་གཞི་གང་ཞིག་གི་སྐོར་ལ་བསམ་འཆར་ཡོད་ན་ང་ཚོར་ australiaexplained@sbs.com.au ལ་གློག་འཕྲིན་གཏོང་རོགས།


Share

Recommended for you

Download our apps

Watch on SBS

SBS World News

Take a global view with Australia's most comprehensive world news service

Watch now