རྡོ་སྣུམ་གྱི་རིན་གོང་འཕར་བ་དེས་ཨོ་སི་ཊེ་ལི་ཡའི་ཁྱིམ་ཚང་གི་སྔོན་རྩིས་ཐོག་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་དང་། ཡུལ་མི་མང་པོ་ཞིག་གི་འགྲུལ་བཞུད་བྱེད་ཕྱོགས་ལ་འགྱུར་བ་འགྲོ་བཞིན་ཡོད། དེས་ན་རྒྱུན་ལྡན་གྱི་འཚོ་བར་འགྱུར་བ་གཏོང་མི་དགོས་པར་རྡོ་སྣུམ་གྱི་འགྲོ་གྲོན་ཇི་ལྟར་ཉུང་དུ་གཏོང་ཐུབ་བམ།
ཁྱིམ་ཚང་དང་ལས་ཀ་གཉིས་ཀ་སྙོམ་སྒྲིག་བྱེད་མཁན་མང་པོ་ཞིག་ལ་མཚོན་ན། རླངས་འཁོར་གཏོང་བ་ནི་ཉིན་རེའི་འཚོ་བའི་ཆ་ཤས་ཤིག་ཆགས་ཡོད། ཡིན་ནའང་རྡོ་སྣུམ་གྱི་རིན་གོང་འཕར་བཞིན་པའི་སྐབས་འདིར། ཁ་ལོ་བ་འགའ་ཤས་ཀྱིས་རང་ཉིད་ཀྱི་འགྲུལ་བཞུད་ཀྱི་གོམས་གཤིས་ལ་བསྐྱར་ཞིབ་བྱེད་བཞིན་ཡོད།
མན་ཇྷིལ་ ཊམ་རཱ་ཀར་ Manjil Tamrakar གྱིས་བདུན་ཕྲག་གཅིག་གི་ནང་ཉིན་གསུམ་ལ་མེལ་བྷོན་དང་ཇྷི་ལོང་བར་སྤྱི་ལེ་ ༧༠ ཙམ་འགྲུལ་བཞུད་བྱེད་བཞིན་ཡོད།
ཁོང་གིས་ད་བར་སྐབས་རེ་སྒེར་འཁོར་གཏོང་གི་ཡོད་ཀྱང་། ད་ཆ་སྤྱི་སྤྱོད་འགྲུལ་འཁོར་བེད་སྤྱོད་བྱེད་བཞིན་ཡོད།
སྤྱི་སྤྱོད་འགྲུལ་འཁོར་ནང་བསྐྱོད་པའི་འགྱུར་བ་དེས་ཁོ་པའི་འགྲོ་ལམ་རིང་དུ་སོང་ཡོད་ཀྱང་། དེས་ཁོང་ལ་དངུལ་གྲོན་ཆུང་བྱེད་ཐུབ་ཀྱི་ཡོད།
དེ་སྔ་ལས་ཀར་འགྲོ་དུས་བདུན་ཕྲག་གཉིས་ཀྱི་སྣུམ་རིན་དེས་ད་སྐབས་བདུན་ཕྲག་གཅིག་ལས་འདང་གི་མེད།
འགྲོ་གྲོན་འཕར་མ་དེས་ཁོང་གི་གསོག་དངུལ་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད།
མན་ཇྷིལ་གྱི་ཉམས་མྱོང་དེ་ས་གནས་གང་སར་ཡོད་པའི་ཨོ་སི་ཊེ་ལི་ཡའི་མི་མང་པོ་ཞིག་གིས་ཚོར་བཞིན་པའི་གནས་སྟངས་དང་གཅིག་མཚུངས་རེད།
ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༣ པའི་ནང་རྒྱལ་ཡོངས་འགྲོ་ལམ་དང་འགྲུལ་འཁོར་ལྷན་ཚོགས་ཀྱིས་ཞིབ་འཇུག་བྱས་པ་ལྟར་ན། ཨོ་སི་ཊེ་ལི་ཡའི་ཁ་ལོ་བ་ཕྱེད་ཀ་ལྷག་གིས་སྒེར་འཁོར་གཏོང་ཚད་ཉུང་དུ་བཏང་ཡོད།
ཁ་ཤས་ཀྱིས་དེ་སྔ་དང་བསྡུར་ན་སྤྱི་སྤྱོད་འགྲུལ་འཁོར་མང་བ་བེད་སྤྱོད་བྱེད་བཞིན་ཡོད་པ་དང་། གཞན་དག་གིས་ཀྱང་སྣུམ་གྲོན་ཆུང་བྱ་ཆེད་མཉམ་སྤྱོད་འགྲུལ་བཞུད་བྱེད་བཞིན་ཡོད།
རྒྱལ་ཡོངས་འགྲོ་ལམ་དང་འགྲུལ་འཁོར་ལྷན་ཚོགས་ཀྱི་ལས་བྱེད་པི་ཊར་ཀོ་རི་ Peter Khoury ལགས་ཀྱིས་སྣུམ་གྱི་རིན་གོང་དམའ་རུ་འགྲོ་སྲིད་ཀྱང་དེ་ལ་དུས་ཚོད་འགོར་རྒྱུ་ཡིན་པར་བརྗོད།
འགྱུར་བ་ཆུང་ཆུང་གཏོང་རྒྱུ་དེས་ཁྱད་པར་ཆེན་པོ་བཟོ་ཐུབ། ལྷག་པར་འགྲོ་གྲོན་ཉུང་དུ་གཏོང་བར་རོགས་རམ་བྱ་ཆེད། ཨོ་སི་ཊེ་ལི་ཡའི་གཞུང་གིས་རྡོ་སྣུམ་གྱི་དཔྱ་ཁྲལ་ཕྱེད་ཀ་བཅག་ཡོད་པ་དང་། ཆག་ཡང་དེ་ཕྱི་ཟླ་དྲུག་པའི་ཚེས་ ༣༠ བར་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་པ་རེད། ཡིན་ནའང་ཆེད་མཁས་པ་ཚོས་ཉིན་རེའི་རླངས་འཁོར་གཏོང་ཕྱོགས་ཀྱི་གོམས་གཤིས་ཀྱིས་ཀྱང་སྣུམ་བེད་སྤྱོད་ཉུང་དུ་གཏོང་བར་རོགས་རམ་བྱེད་ཐུབ་པར་བརྗོད་ཡོད།
དཔེར་ན། ལམ་ཐག་ཉེ་བའི་ལས་དོན་རྣམས་མཉམ་གཅིག་ཏུ་བསྒྲུབས་ཐུབ་ན་རྡོ་སྣུམ་གྲོན་ཆུང་བྱེད་ཐུབ་དང་། འཁོར་ལོའི་རླུང་གནོན་འདང་ངེས་བརྒྱབ་ན་རྡོ་སྣུམ་བེད་སྤྱོད་ཀྱི་བརྒྱ་ཆ་ལྔ་ཙམ་ཉུང་དུ་གཏོང་ཐུབ་མ་ཟད། དེ་བཞིན་འགྲུལ་འཁོར་གྱི་མྱུར་ཚད་ཀྱང་གལ་ཆེན་པོ་ཡིན།
སྒེར་འཁོར་གྱི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་ ༡༡༠ ཚབ་ཏུ་ ༩༠ བཏང་ན་རྡོ་སྣུམ་སྤྱོད་ཚད་ཤུགས་ཆེར་ཉུང་དུ་གཏོང་ཐུབ།
དེ་བཞིན་སྒེར་འཁོར་ནང་དགོས་མེད་ཀྱི་ཅ་དངོས་འཁྱེར་ནས་ལྗིད་ཚད་འཕར་དུ་འཇུག་མི་ཉན། “རྐང་པ་སྔོན་ལ་སྤོ་བ”ཞེས་པ་ནི་མགྱོགས་དྲགས་པ་ལ་ཟེར་ཞིང་། དེས་སྣུམ་མང་བ་བེད་སྤྱོད་བྱེད་ཀྱིན་ཡོད། གྲོང་ཁུལ་ནང་གནམ་གཤིས་སྐྱིད་པའི་དུས་སུ་གྲང་རླུང་བསད་ནས་སྒེའུ་ཁུང་ཕྱེ་བ་དང་། དེ་མིན་གཞུང་ལམ་ཐོག་སྐྱོད་དུས་གྲང་རླུང་བཏང་ནས་སྒེའུ་ཁུང་བརྒྱབ་པ་དེས་འགོག་ནུས་ཆུང་དུ་གཏོང་ཐུབ། གང་ལྟར་འགྱུར་བ་ཆུང་ཆུང་དེ་དག་མཉམ་དུ་བསྡོམས་ན་གྲུབ་འབྲས་ཆེན་པོ་ཐོན་ཐུབ།
དངུལ་གྲོན་ཆུང་བྱེད་པའི་ཐབས་ལམ་སྟབས་བདེ་གཞན་ཞིག་ནི་སྣུམ་བླུགས་མ་ཐག་སྣུམ་གྱི་རིན་གོང་བསྡུར་བ་དེ་ཡིན།
དངོས་ཟོག་ཉོ་མཁན་ཚོའི་ཚོགས་པ་གདམ་ཀ་ཞེས་པའི་ལས་མི་ལེམ་ཀེ་ནི་Liam Kennedy ལགས་ཀྱིས་ཁ་ལོ་བ་མང་པོ་ཞིག་གིས་རྡོ་སྣུམ་བླུགས་ས་མི་འདྲ་བའི་བར་རིན་གོང་ཇི་ཙམ་མི་འདྲ་བ་ཡོད་མེད་ཤེས་ཀྱི་མེད་པར་བརྗོད།
ཨོ་སི་ཊེ་ལི་ཡའི་མངའ་སྡེ་དང་ས་ཁུལ་ཚང་མར་རང་ཉིད་ཀྱི་ཉེ་འཁོར་དུ་སྣུམ་གྱི་རིན་གོང་ཆེ་ཤོས་དེ་འཚོལ་བར་རོགས་རམ་བྱེད་པའི་མཉེན་ཆས་དང་དྲྭ་ཚིགས་ཡོད། དཔེར་ན། ནིའུ་སའོ་ཐ་ཝལ་སི་ནང་གཞུང་འབྲེལ་མཉེན་ཆས་ཧྤུལ་ཆེག་FuelCheckདང་། ཝིག་ཊོ་རི་ཡའི་ནང་དེ་དང་འདྲ་བའི་གཞུང་འབྲེལ་མཉེན་ཆས་སར་ཝོ་སེ་ཝར་ Servo Saver ཡོད། མཉེར་ཆས་འདི་དག་བེད་སྤྱོད་བྱས་ན་འབད་བརྩོན་ཆེན་པོ་མེད་པར་དངུལ་གྲོན་ཆུང་བྱེད་ཐུབ། སློབ་ཕྲུག་དང་། ཁྱིམ་ཚང་། དངུལ་ཕྱི་རྒྱལ་ལ་གཏོང་མཁན་ལྟ་བུའི་སྔོན་རྩིས་དམ་པོ་བྱེད་དགོས་མཁན་ཚོར་མཚོན་ན། སྣུམ་ཐོག་དངུལ་གྲོན་ཆུང་ཆུང་ཞིག་ཀྱང་ཁྱད་པར་བཟོ་ཐུབ།
མན་ཇིལ་ལ་མཚོན་ན། སྤྱི་སྤྱོད་འགྲུལ་འཁོར་ལ་བསྒྱུར་བ་དེ་སྟབས་བདེ་ཤོས་མིན་ཡང་། དེས་ཁོང་ལ་འགྲོ་གྲོན་འཕར་མ་དེ་དོ་དམ་བྱེད་པར་ཕན་ཐོགས་ཡོང་གི་ཡོད།
ཨོ་སི་ཊེ་ལི་ཡའི་མི་མང་པོ་ཞིག་ལ་མཚོན་ན། དུས་ཚོད་དང་དངུལ་གྱི་དབར་གྱི་དོ་མཉམ་དེ་གལ་ཆེ་རུ་འགྲོ་བཞིན་ཡོད།
ད་དུང་ཡང་རྡོ་སྣུམ་གྱི་རིན་གོང་ངེས་གཏན་མེད་པའི་སྐབས་འདིར། རྡོ་སྣུམ་བེད་སྤྱོད་ཉུང་དུ་གཏོང་ཐབས་བྱེད་པ་དེ་མ་དངུལ་གྲོན་ཆུང་བྱེད་པའི་ཐབས་ལམ་སྟབས་བདེ་ཤོས་ཀྱི་གྲས་ཤིག་ཡིན་སྲིད།།
ཨོ་སི་ཊེ་ལི་ཡར་གནས་སྤོ་བྱས་རྗེས་རིན་ཐང་ལྡན་པའི་གནས་ཚུལ་དང་ལམ་སྟོན་མང་ཙམ་ཤེས་རྟོགས་བྱེད་པའི་ཆེད་དུ། ཨོ་སི་ཊེ་ལི་ཡ་འགྲེལ་བརྗོད་ཀྱི་ཆེད་སྒྲིག་སྒྲ་བརྙན་ལེ་ཚན་ཁག་ལ་ཉན་པའམ་རྗེས་འབྲང་བྱེད་རོགས།
ཁྱེད་ལ་དྲི་བ་དང་བརྗོད་གཞི་གང་ཞིག་གི་སྐོར་ལ་བསམ་འཆར་ཡོད་ན་ང་ཚོར་ australiaexplained@sbs.com.au ལ་གློག་འཕྲིན་གཏོང་རོགས།






