ཏོག་དབྱིབས་འགོག་ཁབ་ལས་རྒྱལ་ཞེན་རིང་ལུགས་མངོན་གསལ་དོད་པོ་ཆགས་པ་དང་མཉམ་དུ་འཛམ་གླིང་གི་རྒྱལ་ཁབ་ཁག་གིས་འགོ་ཁྲིད་ཚོས་སོ་སོའི་མི་སེར་སྐྱོབ་ཆེད་འགྲན་རྩོད་བྱེད་བཞིན་ཡོད།
འཛམ་གླིང་ཁྱོན་དུ་ཏོག་དབྱིབས་འགོག་ཁབ་ས་ཡ་མང་པོ་བཟོས་ཟིན་ན་ཡང་ད་དུང་ཆ་སྙོམ་ཞིག་རག་རྒྱུ་བར་ཐག་རིང་པོ་ལྷག་ཡོད།
ཨ་རིར་བརྟེན་གཞི་བྱས་ཡོད་པའི་ཌོ་ཁེ་ (Duke) གོ་ལ་འཕྲོད་བསྟེན་ལེགས་བཅོས་ཀྱི་གཙུག་ལག་སློབ་གཉེར་ཁང་ (GHIC ) གིས་དུས་ཡུན་ཟླ་བ་གཉིས་རིང་འཛམ་གླིང་གི་རྒྱལ་ཁབ་ཁག་གི་ཡོང་འབབ་ཚད་གཞི་དང་ཏོག་དབྱིབས་འགོག་ཁབ་སུས་ཉོ་བཞིན་ཡོད་མེད་སྐོར་ཞིབ་འཇུག་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་། ད་ལྟའི་ཆར་འཛམ་གླིང་ཁྱོན་དུ་ཏོག་དབྱིབས་འགོག་ཁབ་ཐེར་འབུམ་ ༧ ཙམ་བཟོས་ཡོད་པ་དང་། དེའི་ནང་ཐེར་འབུམ་ ༤ ལྷག་ཙམ་ཡོང་འབབ་ཆེན་པོ་ཡོད་པའི་ལུང་པ་ཁག་གིས་ཉོས་ཟིན་ནས། ཡོང་འབབ་དམའ་པོ་ཡིན་པའི་ལུང་པ་ཚོས་སྨན་ཁབ་ས་ཡ་ ༢༧༠ ཙམ་ལས་ཉོ་ཐུབ་མེད་པའི་གནས་ཚུལ་ཐོན་ཡོད།
གོ་ལ་སྣེ་ཁྲིད་དང་བླངས་ཚོགས་པ་ COVAX མཐུན་ཚོགས་ནས་མ་འོངས་པར་ཁྱོན་ཏོག་དབྱིབས་འགོག་ཁབ་ཐེར་འབུམ་གཅིག་ལུང་པ་སྐྱོ་པོ་ཁག་གི་ནང་བརྒྱ་ཆ་ ༢༠ རེར་རིན་མེད་དུ་འགྲེམས་སྤེལ་བྱ་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་འདུག
གོ་ལ་འཕྲོད་བསྟེན་འགན་ལེན་ཚོགས་པ་ (GHIC) ཡི་འགན་འཛིན་ Krishna Udayakumar ལགས་ཀྱིས་རྒྱལ་ཁབ་ཕྱུག་པོ་དེ་ཚོའི་མི་འབོར་ནི་འཛམ་གླིང་གི་མི་འབོར་ལས་བརྒྱ་ཆ་ ༡༤ མ་གཏོགས་ཟིན་གྱི་མེད་ཀྱང་། ཏོག་དབྱིབས་འགོག་ཁབ་ཕྱེད་ཀ་ལས་ལྷག་ལུང་པ་ཕྱུག་པོ་དེ་ཚོས་མངག་ཉོ་བྱས་ཚར་ཡོད་སྐོར་འགྲེལ་བརྗོད་གནང་འདུག
དེ་ཡང་ཁེ་ན་ཌ་གཞུང་གིས་འགོག་ཁབ་རིགས་མང་ཆེ་བ་ནས་ཁྱོན་སྨན་ཁབ་གྲངས་ས་ཡ་ ༣༦༢ མངག་ཉོ་བྱས་ཡོད་པ་དང་། གྲངས་ཚད་དེས་ཁེ་ན་ཌའི་མི་རེར་ཁྱོན་སྨན་ཁབ་ཐེངས་ ༥ རེ་རྒྱག་ཆོག་གི་ཡོད་པ་རེད།
ནེའུ་ཛི་ལན་ཌིས་ཁྱོན་སྨན་ཁབ་གྲངས་ས་ཡ་ ༡༨་༣༢ མངག་ཉོ་བྱས་ཡོད་པ་དང་། གྲངས་ཚད་དེས་ནེའུ་ཛི་ལན་ཌིའི་མི་རེར་སྨན་ཁབ་ཐེངས་ ༣ རེར་རྒྱག་ཆོག་གི་ཡོད་ཀྱང་། ནེའུ་ཛི་ལན་ཌི་གཞུང་གིས་ཁྱིམ་མཚེས་ཀྱི་མཚོ་གླིང་རྒྱལ་ཁབ་དེ་ཚོ་ལ་རིན་མེད་ཞལ་འདེབས་སྤྲད་འཆར་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད།
ཨ་རིར་སྨན་ཁབ་གྲངས་ཐེར་འབུམ་ ༡་༢ ཆག་རྒྱུ་ཡིན་ཞིང་དེས་མི་མང་ཚང་མ་ལ་སྨན་ཁབ་ཐེངས་ ༢ རེར་འདང་གི་ཡོད་པ་དང་། དེ་བཞིན་ཨོ་སི་ཊོ་ལི་ཡས་སྨན་ཁབ་གྲངས་ས་ཡ་ ༡༡༤་༨ མངག་ཉོ་བྱས་ཡོད་ཅིང་དེས་ཉུང་མཐར་ཨོ་སི་ཊོ་ལི་ཡའི་མི་ཚང་མར་སྨན་ཁབ་ཐེངས་ ༤ རེར་འདང་གི་ཡོད་འདུག
ཨ་ཧྥེ་རི་ཁ་མཉམ་འབྲེལ་ནས་སྨན་ཁབ་གྲངས་ས་ཡ་ ༦༧༠ ནས་ཕྱེད་ཀ་ལས་ཉུང་བ་མངག་ཉོ་བྱས་ཡོད་ཀྱང་། དེས་ནུས་པ་ཐོན་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད་འདུག
དེ་བཞིན་ལཱ་ཐེན་ཨ་མི་རི་ཀའི་རྒྱལ་ཁབ་ཚོས་སྨན་ཁབ་གྲངས་ས་ཡ་ ༡༥༠ ཙམ་མངག་ཉོ་བྱས་ཡོད་ཀྱང་གྲངས་ཚད་དེས་མི་མང་ཕྱེད་ཀ་ལ་སྨན་ཁབ་ཐེངས་གཅིག་ལས་མདང་གི་མེད་པ་དང་། ད་དུང་དེའི་ནང་མི་འབོར་ཧ་ཅང་མང་བའི་སྦིལ་ཛལ་རྒྱལ་ཁབ་ཚུད་མེད་པ་རེད།
མ་ཚད་ཏོག་དབྱིབས་འགོག་ཁབ་དེ་དག་ཏོག་དབྱིབས་ན་ཚ་དཀའ་ངལ་ཆེ་ཤོས་འཕྲད་སའི་ལུང་པ་དེ་ཚོར་འགྲོ་གི་མེད་པ་དཔེར་ན། འཇར་པན་དང་ཨོ་སི་ཊོ་ལི་ཡ། ཁེ་ན་ཌ་བཅས་རྒྱལ་ཁབ་གསུམ་ནང་ཏོག་དབྱིབས་ན་ཚ་ཕོག་མཁན་གྱི་མི་གྲངས་བརྒྱ་ཆ་ ༡ ཙམ་ལས་ཟིན་གྱི་མེད་ཀྱང་། ཏོག་དབྱིབས་འགོག་ཁབ་གྲངས་ཐེར་འབུམ་ ༡ ལྷག་ལུང་པ་དེ་ཚོ་གསུམ་གྱིས་མངག་ཉོ་བྱས་ཡོད་འདུག