ཉེན་རྟོག་པར་ཁྲིམས་ལུགས་འོག་དྲི་བ་འདྲི་བ་དང་། ས་ཆ་ཞིག་ནས་འགྲོ་རྒྱུའི་བཀའ་བཀོད་གཏོང་བ། འཚོལ་ཞིབ་བྱེད་པ་བཅས་ཀྱི་བྱ་སྤྱོད་སྤེལ་ཆོག་པའི་དབང་ཚད་མང་པོ་ཡོད། ཉེན་རྟོག་པ་དང་འབྲེལ་བ་བྱུང་སྐབས་ཁྱེད་ཀྱི་གཞི་རྩའི་ཐོབ་ཐང་དང་འོས་འགན་སྐོར་ལ་ཤེས་དགོས་པ་གཤམ་གསལ་ལྟར་ཡིན།
གཙོ་གནད།
- ཉེན་རྟོག་པའི་དབང་ཚད་ནི་མངའ་སྡེ་དང་ས་ཁུལ་ཁག་ཏུ་མི་འདྲ་བ་ཡོད།
- དབུགས་འབྱུང་རྔུབ་བརྟག་དཔྱད་ལ་དང་ལེན་མ་བྱས་ན་ཆད་པ་གཅད་ཆོག།
- ཁྱེད་ལ་ངོ་སྤྲོད་ལག་འཁྱེར་གྱི་ཞིབ་ཕྲའི་གནས་ཚུལ་མཁོ་སྤྲོད་བྱེད་དགོས་པའི་འོས་འགན་ཡོད་ཀྱང་། དྲི་བ་མང་པོ་ཞིག་ལ་ལན་འདེབས་བྱེད་མི་དགོས་པའི་ཐོབ་ཐང་ཡོད།
- ཉེན་རྟོག་པའི་དྲི་རྩད་སོགས་དང་འབྲེལ་བའི་དཀའ་ངལ་འཕྲད་ཚེ་ཁྲིམས་ཐོག་ནས་རོགས་རམ་ཞུ་དགོས།
- ཉེན་རྟོག་པས་ཁྱེད་རང་གི་ཐོག་ལ་དྲག་ཤུགས་ག་དུས་བཀོལ་ཆོག་གམ།
- ཉེན་རྟོག་པ་དང་འཕྲད་སྐབས་རང་ཉིད་ཀྱི་གཞི་རྩའི་ཐོབ་ཐང་དང་འོས་འགན་ཅི་ཡིན་ནམ།
- འགྲོ་དགོས་པའི་བཀའ་བཀོད་ཅེས་པ་ཅི་ཞིག་ཡིན་ནམ།
- ཉེན་རྟོག་པས་ཁྱེད་རང་ལ་ངོ་སྤྲོད་ལག་འཁྱེར་ག་དུས་མཁོ་སྤྲོད་བྱེད་དགོས་པར་སྐུལ་ཆོག་གམ།
- ཁྱེད་རང་གིས་ཉེན་རྟོག་པའི་བརྙན་ཕབ་ལེན་བྱེད་ཆོག་གམ།
- གལ་ཏེ་ཉེན་རྟོག་པའ་དང་འབྲེལ་བ་བྱུང་བའི་གནས་སྐབས་ལ་སེམས་ཁྲལ་ཡོད་ན་ཅི་བྱེད་དགོས་སམ།
ཉེན་རྟོག་པས་ལམ་བར་དུ་འགོག་སྐབས་ཁྱེད་ཀྱིས་རང་ཉིད་ལ་གཞི་རྩའི་ཐོབ་ཐང་གང་ཡོད་པ་ཤེས་ཀྱི་ཡོད་དམ།
རེཌ་ཧྤན་ཁྲིམས་ལུགས་ལྟེ་གནས་ཀྱི་འགན་འཛིན་ཁྲིམས་རྩོད་པ་སཱ་མཱན་ཐཱ་ལི་ཡིས་བརྗོད་པ་ལྟར་ན། ཨོ་སི་ཊེ་ལི་ཡར་སྐྱེས་པའི་ཡུལ་མི་དང་གནས་སྤོ་བྱེད་མཁན་དུ་མ་ཞིག་གིས་ཉེན་རྟོག་པའི་དབང་ཚད་ལ་ཚད་བཀག་ཡོད་པ་ཤེས་ཀྱི་མེད།
ཉེན་རྟོག་པས་ཁྱེད་རང་གི་ཐོག་ལ་དྲག་ཤུགས་ག་དུས་བཀོལ་ཆོག་གམ།
ཉེན་རྟོག་པའི་དབང་ཚད་ཐད་རྒྱུན་ལྡན་གྱི་གོ་ནོར་ཞིག་ནི་དྲག་ཤུགས་བཀོལ་ཕྱོགས་སྐོར་ཡིན།
“ཉེན་རྟོག་པ་ཡིན་པ་ཙམ་གྱིས་ཁོང་ཚོར་དྲག་ཤུགས་བཀོལ་སྤྱོད་བྱེད་པའི་ཐོབ་ཐང་མེད།”
ཁོང་ཚོས་གནས་སྟངས་ངེས་ཅན་ཞིག་གི་ནང་དྲག་ཤུགས་བཀོལ་སྤྱོད་བྱེད་ཆོག་ཀྱང་། དེ་ནི་གནས་སྟངས་དེ་དང་འཚམས་པའི་དགོས་ངེས་ཞིག་ཡིན་དགོས།
དྲག་ཤུགས་བཀོལ་སྤྱོད་བྱེད་པ་ནི་མཐའ་མའི་ཐབས་ལམ་ཞིག་ཡིན་དགོས་པ་དང་། ཚད་ལས་འགལ་བའི་ཐལ་ཆ་ཡོང་མི་ཆོགསཱ་མན་ཐ་ལི།
རྒྱལ་ཁབ་ཡོངས་སུ་ཉེན་རྟོག་པས་ཁྲིམས་མཐུན་གྱི་ཐོག་ནས་དྲག་ཤུགས་བཀོལ་སྤྱོད་བྱེད་ཆོག་པའི་ཁྲིམས་ལུགས་གཅིག་མཚུངས་ཡོད།
འོན་ཀྱང་། ཨོ་སི་ཊེ་ལི་ཡའི་མངའ་ཁུལ་ཚང་མར་ཉེན་རྟོག་པའི་དབང་ཚད་སྐོར་ལ་ཁྲིམས་ལུགས་ཐ་དད་ཡོད།
“དེར་བརྟེན་ཁྱེད་ཀྱིས་ངེས་པར་དུ་རང་གི་མངའ་སྡེ་དང་ས་ཁུལ་གྱི་ཁྲིམས་ལུགས་ལ་ཞིབ་བཤེར་བྱེད་དགོས།”

ཉེན་རྟོག་པ་དང་འཕྲད་སྐབས་རང་ཉིད་ཀྱི་གཞི་རྩའི་ཐོབ་ཐང་དང་འོས་འགན་ཅི་ཡིན་ནམ།
གནས་སྟངས་ངེས་ཅན་འགའ་ཞིག་གི་ནང་ཁྱེད་ལ་ཁྲིམས་ལུགས་ཀྱི་ཐོག་ནས་ཞིབ་ཕྲའི་ངོ་སྤྲོད་ལག་འཁྱེར་མཁོ་སྤྲོད་བྱེད་དགོས་པའི་འོས་འགན་ཡོད་ཀྱང་། ཨོ་སི་ཊེ་ལི་ཡའི་ནང་སྤྱིར་བཏང་ངེས་པར་དུ་ཤོག་གཟུགས་ལག་འཁྱེར་དགོས་པའི་འོས་འགན་མེད།
འོན་ཀྱང་། རླངས་འཁོར་གཏོང་སྐབས་ཁྱེད་ལ་ཁྲིམས་མཐུན་གྱི་ཁ་ལོ་པའི་ལག་འཁྱེར་ཡོད་དགོས།
གལ་ཏེ་ཉེན་རྟོག་པས་ཁྱེད་ཀྱི་མིང་དང་ཁ་བྱང་དྲིས་ན། ཁོང་ཚོས་ཁྱེད་འགོག་པའི་རྒྱུ་མཚན་དང་ཁྱེད་ཀྱི་ངོ་སྤྲོད་ལག་འཁྱེར་འཚོལ་རྒྱུ་མཚན་བརྗོད་དགོས།
སཱ་མཱན་ཐཱ་ལི་ཡིས་གནས་སྟངས་གང་འདྲ་ཞིག་གི་སྐབས་སུ་ཉེན་རྟོག་པ་དང་འབྲེལ་བ་བྱུང་སྐབས་ཁྱེད་ཀྱིས་ཁོང་ཚོང་ལུས་ཐོག་བརྙན་ལེན་འཕྲུལ་ཆས་སྤར་རྒྱུར་རེ་སྐུལ་ཞུ་བ་དེ་ཕན་ཐོགས་ཆེན་པོ་ཡོད་ཞེས་གསུངས།
“དེ་ནས་བརྙན་ཕབ་འཕྲུལ་ཆས་གློག་སྤར་སྐབས། ཁོང་ཚོ་ཁྱེད་འགོག་པའི་རྒྱུ་མཚན་ཅི་ཡིན་དྲི་དགོས།”
དམིགས་བསལ་གྱི་གནས་སྟངས་འགའ་ཞིག་ཕུད། སྤྱིར་བཏང་ཁྱེད་ལ་ངོ་སྤྲོད་ལག་འཁྱེར་ལས་ལྷག་པའི་དྲི་བར་ལན་འདེབས་པའི་ཁྲིམས་མཐུན་གྱི་འོས་འགན་མེད། བྷི་རི་སི་བྷེན་གྱི་ཁེག་སི་ཊེན་ཁྲིམས་སྲུང་ལྟེ་གནས་ཁང་གི་འགན་འཛིན་ཁེ་ལེར་ཀོལ་སི་ཡིས་བརྗོད་པ་ལྟར་ན།
“མི་མང་གི་ངོས་ནས་ནུས་པ་གང་ཡོད་ཀྱིས་མཉམ་ལས་བྱེད་དགོས་པ་དང་། གུས་ཞབས་ལྡན་པའི་ངང་ཅི་ཞིག་བྱེད་རྒྱུ་སྐུལ་བར་དང་ལེན་བྱེད་དགོས་ཀྱང་། ཉེན་རྟོག་པར་ལས་འགན་སྒྲུབ་རྒྱུར་དགོས་ངེས་ཀྱི་གནས་ཚུལ་མཁོ་འདོན་བྱེད་པ་ལས་ལྷག་པ་བྱེད་དགོས་དོན་མེད།
ཁིལ་སི་ལགས་ཀྱིས་ “ཁྱེད་རང་ནག་ཉེས་གཅིག་གི་ནང་ཚུད་ཡོད་པ་སྒྲུབ་བྱེད་ཀྱི་དྲི་བ་ལ་ལན་འདེབས་མི་བྱེད་པར་ཞི་ལྷོད་ངང་སྡོད་ཆོག་པའི་ཐོབ་ཐང་ཡོད།”ཅེས་གསུངས་ཡོད།

འགྲོ་དགོས་པའི་བཀའ་བཀོད་ཅེས་པ་ཅི་ཞིག་ཡིན་ནམ།
ཉེན་རྟོག་པས་ཁྱེད་རང་མང་ཚོགས་ཀྱི་ས་ཆ་ཞིག་ནས་ཕྱི་ལ་འབུད་དགོས་པའི་ཁྲིམས་མཐུན་གྱི་བཀའ་བཀོད་གཏོང་ཆོག་པ་དང་། དུས་ཡུན་ངེས་ཅན་ཞིག་གི་རིང་ས་ཆ་དེ་ནས་གཡོལ་དགོས་པའི་བཀའ་གཏོང་ཆོག ཕལ་ཆེར་ཆུ་ཚོད་ཉི་ཤུ་རྩ་བཞི་ཙམ་ཡིན།
ས་ཁུལ་ཚང་མའི་ཉེན་རྟོག་པའི་ཁྲིམས་ལུགས་ནང་དུས་ཡུན་དེ་ཙམ་རིང་གང་ཟག་ཞིག་སྤྱི་པའི་ས་ཆ་ཞིག་ལ་སྡོད་མི་ཆོག་པའི་བཀའ་བཀོད་གཏོང་ཆོག་པའི་རྒྱུ་མཚན་ཁག་གསལ་ཡོད།
དེ་དག་ནི་ཁྱེད་རང་གིས་རྒྱ་ལམ་ལ་བར་ཆད་བཟོ་བཞིན་ཡོད་པའམ་། མི་གཞན་ཞིག་ལ་སུན་པོ་བཟོ་བཞིན་ཡོད་པ། ཡང་ན་ཉེན་ཁ་བཟོ་བཞིན་ཡོད་པར་ཡིད་ཆེས་བྱེད་པའི་གནས་སྟངས་ཁག་ཡིན།
ཁོང་ཚོས་ཁྱེད་ལ་ས་ཆ་དེ་ནས་འགྲོ་དགོས་པའི་བཀའ་བཀོད་གཏོང་བའི་རྒྱུ་མཚན་གང་ཡིན་དྲི་བ་འདྲི་རྒྱུ་ནི་ཁྱེད་ཀྱི་ཐོབ་ཐང་ཡིན།
ཁོལ་སི་ལགས་ཀྱིས་བརྗོད་པ་ལྟར་ན། “གལ་ཏེ་ཁྱེད་རང་ས་ཆ་ཞིག་ནས་ཕྱི་ལ་འབུད་དགོས་པའི་བཀའ་བཀོད་བཏང་ན། རྒྱུ་མཚན་ཅིའི་ཕྱིར་དང་། དུས་ཡུན་ག་ཚོད་ཀྱི་རིང་། ཁྱེད་རང་གང་དུ་འགྲོ་དགོས་པ། ཉེན་རྟོག་པས་ཁྱེད་ལ་ཅི་བྱེད་དགོས་པར་བརྗོད་བཞིན་ཡོད་པ་བཅས་ཤེས་རྟོགས་བྱེད་རྒྱུ་ནི་གལ་ཆེན་པོ་རེད།”
ཉེན་རྟོག་པས་ཁྱེད་རང་ལ་ངོ་སྤྲོད་ལག་འཁྱེར་ག་དུས་མཁོ་སྤྲོད་བྱེད་དགོས་པར་སྐུལ་ཆོག་གམ།
མངའ་སྡེ་དང་ས་ཁུལ་གྱི་ཁྲིམས་ལུགས་ནང་གསལ་བའི་གནས་སྟངས་ཁག་གི་ནང་ཉེན་རྟོག་པས་ཁྱེད་ཀྱི་ངོ་རྟགས་དྲི་བར་རྒྱུ་མཚན་ལྡན་པའི་དགོས་པ་ཡོད།
མེལ་བྷོན་གྱི་ཁྲིམས་སྲུང་འགན་འཛིན་མར་ལིན་ཌིག་སོན་གྱིསབརྗོད་པ་ལྟར་ན། གནས་སྟངས་གཙོ་བོ་ཁག་ནི་གཤམ་གསལ་ལྟར་ཡིན།
- མི་ཞིག་རླངས་འཁོར་རམ་གྲུ་གཟིངས་གཏོང་བཞིན་ཡོད་སྐབས།
- སྤྱི་སྤྱོད་འགྲུལ་འཁོར་ནང་ཡོད་སྐབས།
- ཆང་རག་འཚོང་ཁང་ཞིག་གི་ནང་ཡོད་སྐབས།
- ཉེན་རྟོག་པས་ཁྱེད་རང་གིས་ནག་ཉེས་ཚབས་ཆེན་ཞིག་ལ་ཞིབ་འཇུག་བྱེད་པར་རོགས་པ་བྱེད་པའི་གནས་ཚུལ་ཤེས་ཀྱི་ཡོད་པའི་དོགས་པ་ཡོད་པ།

“ཉེན་རྟོག་པས་མི་རྣམས་རླངས་འཁོར་འགོག་ཏུ་འཇུག་པ་དང་དབུགས་འབྱུང་རྔུབ་བརྟག་དཔྱད་ལ་མོས་མཐུན་བྱེད་དགོས་པར་བརྗོད་པའི་དབང་ཚད་ཆེན་པོ་ཡོད།”
ཁྱེད་ཀྱིས་དབུགས་འབྱུང་རྔུབ་བརྟག་དཔྱད་ལ་མཐུན་འགྱུར་བྱེད་དགོས། གལ་ཏེ་མ་བྱས་ཚེ་ཁྲིམས་འགལ་གྱི་ཉེས་ཆད་ཕོག་སྲིད།
ཨོ་སི་ཊེ་ལི་ཡའི་ནང་ཁ་ལོ་པ་རྣམས་ལ་ཉེན་རྟོག་པས་དབུགས་འབྱུང་རྔུབ་བརྟག་དཔྱད་བྱེད་འགོ་བཙུགས་སྐབས་སམ་ཡང་ན་ཉེན་རྟོག་པ་སླེབས་པའི་གློག་སྒྲ་སྒྲོག་སྐབས་རླངས་འཁོར་འགོག་དགོས་པའི་ཁྲིམས་མཐུན་གྱི་འོས་འགན་ཡོད།མར་ལེན་ཌིག་སན།
ཁྱེད་རང་གིས་ཉེན་རྟོག་པའི་བརྙན་ཕབ་ལེན་བྱེད་ཆོག་གམ།
ཁྱེད་རང་གིས་ཉེན་རྟོག་པའི་ལས་དོན་ལ་ཐེ་གཏོགས་མ་བྱས་ཚེ་ཨོ་སི་ཊེ་ལི་ཡའི་ནང་མི་མང་གི་ས་ཆ་ཞིག་ཏུ་ཉེན་རྟོག་པ་དང་འབྲེལ་བའི་གནས་སྐབས་ཞིག་གི་བརྙན་ཕབ་ལེན་བྱེད་ཆོག
ཌིག་སོན་ལགས་ཀྱིས་གསུངས་པ་ལྟར། "མི་ཚོས་བརྩི་བཀུར་ལྡན་པའི་ངང་རྒྱང་ཐག་རིང་ཙམ་ནས་ཉེན་རྟོག་པའི་བརྙན་ཕབ་ལེན་བྱེད་ཆོག་ཀྱང་། དེས་ཉེན་རྟོག་པའི་ལས་དོན་ལ་གེགས་མི་བྱེད་པ་ཞིག་དགོས།"
ཉེན་རྟོག་པས་མི་ཞིག་གིས་ཁོ་ཚོར་བརྙན་ལེན་བྱེད་བཞིན་ཡོད་པའི་རྒྱུ་མཚན་གྱིས་བརྙན་ལེན་ཡོ་བྱད་དེ་བཙན་འཕྲོག་བྱེད་མི་ཆོག
"གལ་ཏེ་ཁོ་ཚོས་དེ་ལྟར་བྱེད་འདོད་ཚེ་ཁྲིམས་ཐོག་གི་བརྒྱུད་རིམ་ནས་སྒྲུབ་དགོས།"

གལ་ཏེ་ཉེན་རྟོག་པའ་དང་འབྲེལ་བ་བྱུང་བའི་གནས་སྐབས་ལ་སེམས་ཁྲལ་ཡོད་ན་ཅི་བྱེད་དགོས་སམ།
ཉེན་རྟོག་པས་ལས་དོན་སྒྲུབ་སྐབས་ཁྲིམས་ལུགས་དང་བྱ་རིམ་ལ་མཐུན་དགོས། གལ་ཏེ་ཁྱེད་ཀྱིས་ཉེན་རྟོག་པས་ཁྲིམས་འགལ་བྱས་པ་དང་། མ་རབས་བྱས་པ། ཡང་ན་མི་རིགས་དབྱེ་འབྱེད་ཀྱི་ཚིག་ངན་བཤད་པར་བསམ་ན། ཁྱེད་ཀྱིས་གནས་ཚུལ་གང་བྱུང་བ་དེ་ཡིག་ཐོག་ཏུ་འགོད་དགོས།
- ཁྱེད་ཀྱིས་བརྙན་ཕབ་ཡོད་ན་བརྙན་དེ་ཉར་དགོས།
- གལ་ཏེ་ཁྱེད་ལ་རྨས་སྐྱོན་བྱུང་ན་སྨན་པའི་སྙན་ཐོ་དང་པར་བརྒྱབ་དགོས།
- ཁྲིམས་རྩོད་པའི་སློབ་སྟོན་ལེན་དགོས།
གོང་འཁོད་རྣམས་སྤྱིར་བཏང་གི་གནས་ཚུལ་ཡིན་པ་དང་། གནས་སྟངས་ཡོངས་རྫོགས་དང་ཁྱབ་ཁོངས་མི་འདྲ་བའི་ཁྲིམས་ལུགས་ཚང་མར་ཁྱབ་པ་མིན། དགོས་ངེས་བྱུང་ན་རང་ཉིད་ཀྱི་གནས་སྟངས་ལ་འཚམ་པའི་ཁྲིམས་ལུགས་ཀྱི་སློབ་སྟོན་ལེན་དགོས།
ཨོ་སི་ཊེ་ལི་ཡར་གནས་སྤོ་བྱས་རྗེས་རིན་ཐང་ལྡན་པའི་གནས་ཚུལ་དང་ལམ་སྟོན་མང་ཙམ་ཤེས་རྟོགས་བྱེད་པའི་ཆེད་དུ། ཨོ་སི་ཊེ་ལི་ཡ་འགྲེལ་བརྗོད་ཀྱི་ཆེད་སྒྲིག་སྒྲ་བརྙན་ལེ་ཚན་ཁག་ལ་ཉན་པའམ་རྗེས་འབྲང་བྱེད་རོགས།
ཁྱེད་ལ་དྲི་བ་དང་བརྗོད་གཞི་གང་ཞིག་གི་སྐོར་ལ་བསམ་འཆར་ཡོད་ན་ང་ཚོར་ australiaexplained@sbs.com.au ལ་གློག་འཕྲིན་གཏོང་རོགས།






